བཀུར་སྟི་
བཀུར་སྟི་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་ནང་དུ་གཞན་ལ་གུས་པ་དང་ཞབས་ཏོག་བྱེད་པའི་སྤྱོད་པ་ཞིག་ལ་གོ་དགོས། སྤྱིར་བཏང་གཞན་གྱིས་བདག་ལ་ཕྱག་འཚལ་བ་དང་གདན་སྟོབ་པ་སོགས་ཀྱི་ཞབས་ཏོག་བྱེད་པ་དང་། སེམས་ཅན་གཞན་གྱིས་བདག་ལ་གུས་པའི་སེམས་སྐྱེས་ནས་ཕྱག་བྱ་བ་དང་རིམ་གྲོ་བྱེད་པ་བཅས་ལ་བཀུར་སྟི་ཞེས་ཚིག་གིར་བརྗོད།
ནང་དོན།
[རྩོམ་སྒྲིག]སྟན་འདིངས་དང་ཞབས་ཏོག་སོགས། "ཕྱག་བྱ་བ་དང་སྟན་འདིངས་པ་སོགས་ཀྱི་བཀུར་སྟི།"[༡] ཞེས་གསུངས་པ་ལྟར། རིམ་གྲོ་དང་ཞབས་ཏོག་བྱེད་པའི་སྤྱོད་པ་ཡང་བཀུར་སྟི་ལ་གཏོགས། ད་དུང་"བདག་གི་སེམས་ལ་གཞན་གྱི་གུས་པས་རང་གི་རྐང་པ་འཁྲུ་བ་བསྐུ་བ་ཉེད་པ་སོགས་ཀྱི་ཞབས་ཏོག་བྱེད་པའི་རིམ་གྲོ་"[༢]སོགས་བཀུར་སྟིའི་ནང་གསེས་སུ་བརྗོད།
མཆོད་པ་དང་སྦྲགས་པའི་གོ་དོན། "མཆོད་པ་ནི་བཀུར་སྟི་སྟེ་གང་དག་རྙེད་པ་དང་བཀུར་སྟི་རྣམས་ཀྱིས་སོ། །"[༣] ཞེས་པས་མཆོད་པ་དང་བཀུར་སྟིའི་བར་འབྲེལ་བ་གསལ་པོ་མཇལ་རྒྱུ་ཡོད།
དབྱེ་བ།
[རྩོམ་སྒྲིག]བཀུར་སྟི་ཞེན་པའི་རིགས། "གང་གི་ཚེ་ཟས་གོས་ནོར་སོགས་ཀྱི་རྙེད་པ་དང་ཕྱག་བྱ་བ་དང་སྟན་འདིངས་པ་སོགས་ཀྱི་བཀུར་སྟི་དང་ཕྱོགས་ཀུན་ཏུ་ཚིག་སྙན་པོ་བརྗོད་པའི་གྲགས་པ་སྟེ་དེ་རྣམས་འདོད་པའམ་དོན་དུ་གཉེར་བ་དང་། བྲན་ཕོ་མོ་སོགས་ལས་བྱེད་པའི་གཡོག་དང་འཁོར་མང་པོ་དོན་དུ་གཉེར་བར་འདོད་པའམ། བདག་གི་སེམས་ལ་གཞན་གྱི་གུས་པས་རང་གི་རྐང་པ་འཁྲུ་བ་བསྐུ་བ་ཉེད་པ་སོགས་ཀྱི་ཞབས་ཏོག་བྱེད་པའི་རིམ་གྲོ་འདོད་ཅིང་དེ་དོན་དུ་གཉེར་བ་སོགས་ཀྱི་བསམ་པ་བྱུང་བར་གྱུར་ན་ཡང་དེ་ཡི་ཚེ་སོ་སོའི་གཉེན་པོའི་ཟུངས་ཐུབ་པར་བྱས་ནས་དེ་དག་གི་དབང་དུ་མི་འགྱུར་བར་ཤིང་སྡོང་བཞིན་དུ་བརྟན་པར་གནས་པར་བྱའོ། །"[༤]ཞེས་གསུངས། འདིས་བཀུར་སྟི་འདོད་པ་ཕྱག་འཚལ་བ་དང་སྟན་འདིངས་པ་ལ་སོགས་པའི་བཀུར་སྟི་རང་ཉིད་དང་། གཡོག་འཁོར་དང་། རིམ་གྲོ་གསུམ་དུ་དབྱེ་བར་བཤད།
སྐྱོན་ཡོན།
[རྩོམ་སྒྲིག]འདོད་ན་སྐྱོན་ཡོད་པ། "ཉེས་དམིགས་གཞན་ཡང་ཁོང་ཁྲོ་ཅན་གྱི་རྗེ་བོ་གང་དག་གིས་རང་གི་བྲན་གཡོག་སོགས་ལ་སྔར་ཟས་ནོར་མང་པོ་བྱིན་པ་དང་རྙེད་པ་དང་བཀུར་སྟི་གཞན་ཡང་བཟང་པོ་འཐོབ་ཏུ་རུང་བ་ཡིས་དྲིན་ཆེན་པོ་བྱིན་ཏེ་བསྐྱང་ལ་ད་དུང་ཡང་དེ་བཞིན་དུ་སྦྱོང་བར་འགྱུར་བའི་རྗེ་བོ་དྲིན་ཆེན་པོས་ཕན་འདོགས་བྱེད་པ་པོ་དེ་ལ་བརྟེན་པར་གྱུར་པ་ཡི་བྲན་སོགས་དེ་དག་ཀྱང་ནི་ཞེ་སྡང་ཤུགས་དྲག་ལྡན་པའི་རྗེ་དཔོན་དེས་ཁོང་ཁྲོའི་བསླངས་པའི་ཚིག་རྩུབ་མོས་ཡང་ཡང་སྤྲོས་པ་དང་བརྡུང་བརྡེག་སོགས་བྱེད་པ་ན་དེ་ལ་མི་བཟོད་པ་དྲག་པོ་སྐྱེས་ནས་སྔར་གྱི་དྲིན་བརྗེད་ནས་གསོད་པར་རྒོལ་བའང་ཡོད་དོ་ཞེས་པའོ། །"[༥]ཞེས་གསུངས། འདིས་བཀུར་སྟི་འདོད་པས་འབྲེལ་ཡོད་དང་ཞེ་སྡང་གི་རྒྱུ་རུ་འགྱུར་སྲིད་པར་བསྟན།
འཆིང་བའི་རྒྱུ་ཡིན་པ། "བདག་ནི་འཁོར་བ་ལས་གྲོལ་བ་དོན་དུ་གཉེར་བ་ལ་དེའི་གེགས་སུ་གྱུར་པའི་རྙེད་པ་དང་བཀུར་སྟིས་འཆིང་བར་བྱེད་མི་དགོས་སོ། གང་དག་དེས་གེགས་བྱས་ནས་བདག་འཁོར་བར་བཅིངས་པ་འགྲོལ་བར་བྱེད་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ།"[༦] ཞེས་གསུངས། འདིས་བཀུར་སྟི་ཞེས་པ་འཁོར་བར་འཆིང་བའི་རྒྱུ་ཡིན་པས་ཐར་པ་དོན་གཉེར་རྣམས་ལ་འགེགས་སུ་འགྱུར་བར་བསྟན།
ཉེས་པ་མེད་པའི་ཡོན་ཏན། "དེའི་ཕྱིར་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ཏེ་གནོད་པ་བྱེད་པ་མ་ཡིན་པས་རྙེད་པ་ལ་སོགས་པའི་གེགས་བྱེད་པ་ལ། རྣམ་པ་ཐམས་ཅད་དུ་བདག་ཁོང་ཁྲོ་བའི་སེམས་སུ་མི་རིགས་སོ།"[༧] ཞེས་གསུངས། འདིས་བཀུར་སྟི་དེ་རང་ཉིད་ལ་ཉེས་པ་མེད། གང་དག་གིས་དེར་གེགས་བྱེད་པ་ནི་བདེ་བའི་བཤེས་གཉེན་ཡིན་པར་བཤད།
བསྡུས་དོན།
[རྩོམ་སྒྲིག]བཀུར་སྟི་ཞེས་པ་ནི་གཞན་གྱིས་བདག་ལ་ཕྱག་འཚལ་བ་དང་གདན་སྟོབ་པ་སོགས་ཀྱི་ཞབས་ཏོག་བྱེད་པ་ལ་གོ་ལ། འདི་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་ནང་གསེས་ཤིག་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལ་ཞེན་པ་སྤང་དགོས་ལ། དེའི་ཕྱིར་འདི་ལ་འདོད་པའི་སེམས་བྱུང་ན་ཤིང་བཞིན་དུ་གནས་པར་བྱ་དགོས། གལ་ཏེ་དགྲ་བོ་རྣམས་ཀྱིས་བཀུར་སྟི་ལ་གེགས་བྱས་ན། དེ་ནི་འཁོར་བའི་འཆིང་བ་ལས་གྲོལ་བར་མདད་པ་ཡིན་པས། དེ་རྣམས་ལ་དགའ་བ་སྐྱེད་དགོས་ཀྱི་ཁྲོ་བ་མི་རིགས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།