བཀའ་སྲུང་དམ་ཅན་སྡེ་བདུན་ཆོས་སྐྱོང་ཀུན་འདུས་ཀྱི་མདངས་བསྐང་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བཀའ་སྲུང་དམ་ཅན་སྡེ་བདུན་ཆོས་སྐྱོང་ཀུན་འདུས་ཀྱི་མདངས་བསྐང་གདུག་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོ་རབ་འབྱམས་དང་༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ལ་འདུད༔ དམ་ཅན་སྡེ་བདུན་ཆོས་སྐྱོང་ཀུན་འདུས་ཀྱི༔ མདངས་བསྐང་གདུག་པ་རང་གྲོལ་འདིར་བཤད་བྱ༔ མཆོད་རྫས་བསྐང་རྫས་ཚོགས་པར་བཤམས་ནས་སུ༔ དམ་ཅན་སྒོས་མཆོད་སྲུང་མ་སྤྱི་བསྐང་གཉིས༔ དང་པོ་དམ་ཅན་སྒོས་སུ་མཆོད་པ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་ཐུགས་དམ་ཅན༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ རིན་ཆེན་སྣོད་དམ་བྷནྡྷ་རུ༔ བཤོས་ནག་འབར་བ་ཁྲག་གིས་བྱུག༔ ཙིཏྟ་སྙིང་གི་རྒྱལ་མཚན་བཙུགས༔ གཡག་ལུག་ནག་པོ་ཁྱི་ཡིས་མཚན༔ དགྲ་བོའི་ཤ་རུས་ཐོད་ཚལ་སྤུངས༔ རཀྟ་དམར་གྱི་ཞམ་ཆུ་འབབ༔ དམ་རྫས་གཏོར་ཆེན་འབར་བ་འདིས༔ དཔལ་མགོན་ནག་པོའི་ཐུགས་དམ་བསྐང་༔ བདུད་རྩི་སྨན་གཏོར་རཀྟ་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང་༔ ཆིབས་རྟ་འགེལ་གཡག་རྟེན་ལུག་དང་༔ བིང་དང་རུ་མཚོན་གསང་བའི་རྫས༔ མཐུན་རྫས་དུ་མས་ཐུགས་དམ་བསྐང་༔ མ་ནིང་ནག་པོ་མཆེད་གསུམ་གྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ལ༔ མཐུན་པའི་རྫས་ཀྱིས་བསྐང་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ བདུད་རྩི་སྨན་གྱི་མཆོད་པ་དང་༔ རཀྟ་དམར་གྱི་ཨརྒྷཾ་དང་༔ ཞུན་ཆེན་མར་མེ་གསུར་དུད་དང་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་ཡིས༔ སྨུག་ནག་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ ཡུམ་མཆོག་ལྷ་མོ་དཔལ་འབར་མ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ ཁྱད་པར་མཐུན་པ་ནལ་བུའི་རྫས༔ མཐིང་གི་གུར་དང་རཀྟའི་མཚོ༔ མི་རྟའི་ཤ་ཁྲག་དྲོན་མོ་ཡིས༔ ཡུམ་མཆོག་ལྷ་མོ་འཁོར་དང་བཅས༔ མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཤན་པ་སྲོག་བདག་འཁོར་དང་བཅས༔ ཁྱེད་དང་མཐུན་པའི་དམ་རྫས་ནི༔ དཔལ་གཏོར་ཤ་ཁྲག་དམར་གྱིས་བརྒྱན༔ སྤོས་དང་ཞུན་ཆེན་མར་མེ་དང་༔ དགྲ་བོའི་ཤ་ཁྲག་གློ་སྙིང་ནི༔ ཁྲག་འཛག་དྲོན་མོ་རླངས་པ་འཐུལ༔ ཀླད་ཁྲག་རུས་པར་བཅས་པ་ཡིས༔ སྲོག་བདག་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ གཟའ་བདུད་ནག་པོ་འཁོར་བཅས་ལ༔ དམར་གཏོར་བཤོས་བུ་དགུས་བསྐོར་དང་༔ དགྲ་བོའི་ཤ་ཁྲག་རུས་པ་དང་༔ མེ་ཏོག་སྟོང་དང་ཆུ་སྣ་སྟོང་༔ སྨན་སྣ་སྟོང་དང་ཤ་སྣ་སྟོང་༔ སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་༔ གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས༔ དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ དམ་ཅན་སྐྱེས་བུ་ཆེན་པོ་ཡི༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ མཁར་ཐབས་བཤོས་བུ་ར་ཡིས་མཚན༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ ར་ཡི་ཤ་ཁྲག་གསུར་ཆེན་དང་༔ སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་༔ མཛེས་པའི་གླུ་གར་རོལ་མོ་དང་༔ མཐུན་རྫས་དུ་མས་ཐུགས་དམ་བསྐང་༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ མཐུན་པའི་དམ་རྫས་བཤོས་བུ་དང་༔ ཕྱི་མཆོད་རིན་ཆེན་སྣ་ལྔ་དང་༔ ནང་མཆོད་བདུད་རྩི་རྣམ་ལྔ་དང་༔ གསང་མཆོད་སྨན་རཀ་གཏོར་གསུམ་དང་༔ ཤ་ཁྲག་འདོད་ཡོན་རྣམ་ལྔ་དང་༔ སིལ་སྙན་གླུ་གར་རོལ་མོ་དབྱངས༔ སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང་༔ ཧཱུྃ༔ གཞན་ཡང་དམ་ཅན་རྒྱ་མཚོའི་ཚོགས༔ སྔགས་བདག་སྡེ་དཔོན་སུམ་ཅུ་དང་༔ གཏེར་སྲུང་བརྟན་མ་བཅུ་གཉིས་དང་༔ དགེ་བསྙེན་ཉེར་གཅིག་གཞི་བདག་དང་༔ གཞན་ཡང་སློབ་དཔོན་པདྨ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ དགེ་བསྙེན་ཡུལ་ལྷ་གཞི་བདག་རྣམས༔ སྤོས་དང་མར་མེས་ཐུགས་དམ་བསྐང་༔ སྨན་རཀ་གཏོར་གསུམ་ཐུགས་དམ་བསྐང་༔ མཐུན་རྫས་དུ་མས་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ དེ་ནས་བཀའ་སྲུང་དམ་ཅན་སྤྱི་ཡི་བསྐང་བ་ནི༔ ཀྱེ༔ དགོངས་ཤིག་དམ་ཅན་རྒྱ་མཚོའི་ཚོགས༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ མ་ནིང་ནག་པོ་དགོངས་སུ་གསོོལ༔ ལྷ་ཆེན་དཔལ་འབར་དགོངས་སུ་གསོལ༔ སྲོག་བདུད་ནག་པོ་དགོངས་སུ་གསོལ༔ མེ་དབལ་ནག་པོ་དགོངས་སུ་གསོལ༔ དཔལ་ལྡན་སྔགས་སྲུང་དགོངས་སུ་གསོལ༔ ཡུམ་མཆོག་ལྷ་མོ་དགོངས་སུ་གསོལ༔ ཤན་པ་སྲོག་བདག་དགོངས་སུ་གསོལ༔ གཟའ་བདུད་ནག་པོ་དགོངས་སུ་གསོལ༔ རྡོ་རྗེ་ལེགས་པ་དགོངས་སུ་གསོལ༔ གནོད་སྦྱིན་དམར་ནག་དགོངས་སུ་གསོལ༔ དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ བརྟན་མ་བཅུ་གཉིས་དགོངས་སུ་གསོལ༔ ཀྱེ༔ དོ་ནུབ་དཔལ་གྱི་དམ་ཞིག་བསྲེ༔ དོ་ནུབ་སྔ་མའི་གཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་དོན་འབུལ༔ དོ་ནུབ་ལས་ཀྱི་གཉེར་ཞིག་གཏད༔ དོ་ནུབ་ཉམས་ཆག་ཞིག་རལ་གསོ༔ དོ་ནུབ་ཐུགས་དམ་གཉན་པོ་བསྐང་༔ དོ་ནུབ་མཉེས་པའི་ཟས་ཤིག་འདྲེན༔ ཟས་ཀྱི་ངོ་ཞིག་ཁྱོད་ཀྱིས་མཛོད༔ ཆད་པའི་གཞུང་ནི་ང་ཡིས་བསྲང་༔ བཅོལ་བའི་ལས་འདི་ཁྱོད་ཀྱིས་མཛོད༔ གཉིས་ཀ་ལས་ཀྱི་གཉེར་བླངས་འཚལ༔ སྲུང་མ་དམ་ཅན་ཁྱེད་རྣམས་ཀྱང་༔ རྒྱང་ངེ་རིང་ངེ་མ་མཛད་པར༔ བརྩེ་གདུང་གདུང་སེམས་ཆེ་བར་མཛོད༔ གཏད་དོ་གཉེར་རོ་ཐུགས་དམ་ཅན༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཧཱུྃ༔ ཡང་ཅིག་དཔལ་གྱི་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་མོའི་ཐུགས་དམ་བསྐང་༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང་༔ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ཕྱར་དར་ནག་པོས་ཐུགས་དམ་བསྐང་༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ ཉི་ཟླ་པདྨས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་ཆེན་གཏོར་མས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཤ་སྣ་སྙིང་སྣས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་ཁྲག་སྣས༴ བགོ་བའི་དམ་རྫས་ཡིན་པའི་ཕྱིར༔ ཞིང་ཆེན་གཡང་གཞིས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར༔ ཐོད་ཕྲེང་མི་མགོས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ རྐང་གླིང་ཐོད་རྔས༴ དྲག་པོའི་དམ་རྫས་ཡིན་པའི་ཕྱིར༔ ཐུན་དང་ཟོར་གྱིས༴ ཁྱད་པར་དམ་རྫས་ཡིན་པའི་ཕྱིར༔ གྲི་རྒོད་སྙིང་གིས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར༔ བདུད་རྩི་སྨན་གྱིས༴ ཤངས་ཀྱི་མཆོད་པ་ཡིན་པའི་ཕྱིར༔ གསུར་ཆེན་དུད་པས༴ དབང་དང་དངོས་གྲུབ་བླངས་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱིས༴ རྣལ་འབྱོར་དམ་ཚིག་བསྐང་བའི་ཕྱིར༔ འདོད་ཡོན་ལྔ་ཡིས༴ དུག་ལྔ་གནས་སུ་གཞོམ་པའི་ཕྱིར༔ སུ་ར་ཆང་གིས༴ སྤྱན་གྱི་མཆོད་པ་ཡིན་པའི་ཕྱིར༔ སྤྱན་གཟིགས་དཀོར་ཆས༴ སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ རོལ་མོ་སྒྲ་ཡིས༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟག་གཏོར་ཆེན་པོས༴ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར༔ རྒྱུན་གཏོར་ནར་མས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ འཁོར་ཚོགས་སྤྲུལ་པའི༴ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གཡར་དམ་སྐོང་ལ་རྐྱེན་དབང་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ བཀའ་སྲུང་དམ་ཅན་སྡེ་བདུན་གྱི་མདངས་བསྐང་གདུག་པ་རང་གྲོལ་ཞེས་བྱ་བ་འདི་ནི༔ ལུག་ལོ་ཁྱི་ཡི་ཟླ་བའི་ཡར་ཚེས་བཟང་པོོ་ལ༔ ནམ་མཁའ་རྒྱ་མཚོས་དཔལ་རིན་ཆེན་གླིང་དུ་བྲིས་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཟབ་ཆོས་འདི་ཉིད་ལ་ལོངས་སྤྱོད་ནས་མཐར་ཐུག་སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག༔