Jump to content

བཀའ་སྲུང་དམ་ཅན་སྡེ་བདུན་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བཀའ་སྲུང་དམ་ཅན་སྡེ་བདུན་གྱི་ཕྲིན་ལས་ཆོས་སྐྱོང་ཀུན་འདུས་དགྲ་བགེགས་གདུག་པ་རང་གྲོལ་གྱི་ལས་བྱང་ཆུང་བ་བཞུགས་སོ།། ཀུན་བཟང་ཆེ་མཆོག་ཞི་ཁྲོ་རབ་འབྱམས་དང༌། །སྔགས་བདག་གཏེར་སྲུང་དམ་ཅན་ཚོགས་ལ་འདུད། །བསྟན་པ་སྲུང་ཕྱིར་དམ་ཅན་ཀུན་འདུས་ཀྱི། །ལས་བྱང་དགྲ་བགེགས་གདུག་པ་རང་གྲོལ་བསྟན། །རྩ་གསུམ་སྤྱི་གཏོར་ཟླུམ་པོ་གཅིག་གི་མཐར། །མ་ནིང་ཕོ་རྒྱུད་སྤྱི་གཏོར་དཔལ་གཏོར་གཅིག །སྔགས་སྲུང་མོ་རྒྱུད་སྤྱི་གཏོར་སྙིང་གིས་མཚན། །ལྷ་མོ་མ་མོའི་སྤྱི་གཏོར་ལིང་གས་མཚན། །སྲོག་གཅོད་ལས་བྱེད་སྤྱི་གཏོར་ཟུར་གསུམ་གཅིག །ཁྱབ་འཇུག་སྡེ་བརྒྱད་སྤྱི་གཏོར་གཟའ་བཤོས་གཅིག །དམ་ཅན་བརྟན་མའི་སྤྱི་གཏོར་མཁར་ཐབས་ར། །ཤན་དམར་གནོད་སྦྱིན་སྤྱི་གཏོར་ཏེལ་བས་མཚན། །ཐ་མ་སྡེ་བརྒྱད་གཞི་བདག་གཏོར་མས་བསྐོར། །སྨན་རཀ་སྤྱན་གཟིགས་མཆོད་པ་ཅི་འབྱོར་བཤམས། །སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་བྱིན་གྱིས་བརླབས། །དེ་ནས་དང་པོ་བསྐྱེད་རིམ་བསྒོམ་པ་ནི། སྟོང་པའི་ངང་ལས་དུར་ཁྲོད་གཞལ་ཡས་དབུས༔ བདག་ཉིད་བདེ་གཤེགས་ཀུན་འདུས་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབྱིངས་ཕྱུག་ཀྲོ་ཏི་ཡུམ་དང་གཉིས་མེད་འཁྲིལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས་ན་འཛིན༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་རྣམས་རྫོགས༔ ཡེ་ཤེས་ཁྲོ་བོ་སྤྱན་དྲངས་གཉིས་མེད་གྱུར༔ མདུན་དུ་པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་༔ དཔལ་མགོན་མ་ནིང་ཕོ་རྒྱུད་ཀུན་འདུས་སྐུ༔ མཐིང་ནག་གཡས་གཡོན་རུ་མཚོན་སྙིང་ཞགས་བསྣམས༔ དར་ནག་བེར་གསོལ་སྙིང་སྦྲུལ་ཐོད་ཕྲེང་བརྒྱན༔ ཙནྡན་བེང་ཆེན་སྐེད་བཙུགས་ལྷ་དམག་སྡུད༔ ཡང་འཁོར་སྡེ་བརྒྱད་འཁོར་གྱི་ཚོགས་བཅས་གསལ༔ གཡས་སུ་སྔགས་སྲུང་མོ་རྒྱུད་ཀུན་འདུས་སྐུ༔ མཐིང་ནག་གཡུ་སྤྱང་འགྱེད་ཅིང་ཙིཏྟ་གསོལ༔ གཡས་གཡོན་ཞིང་དབྱུག་དགྲ་བོའི་ཙིཏྟ་བསྣམས༔ སྨུག་ནག་ཡེ་ཤེས་མ་མོ་འཁོར་བཅས་གསལ༔ གཡོན་དུ་ལྷ་མོ་མ་མོ་ཀུན་འདུས་མ༔ དཀར་མོ་རྒྱ་བོང་ཆིབས་ནས་མི་ལྤགས་གསོལ༔ གཡས་གཡོན་རལ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ ལས་ཀྱི་མ་མོ་མང་པོ་འཁོར་བཅས་གསལ༔ ཤར་དུ་སྲོག་བསྒྲུབ་ཤན་པ་ཀུན་འདུས་མ༔ ནག་མོ་གཅེར་བུ་མི་ལྤགས་གཡང་གཞི་གསོལ༔ གཡས་གཡོན་རལ་གྲི་སྙིང་དང་ནད་རྐྱལ་བསྣམས༔ སྲོག་གཅོད་སྡེ་བཞི་ལས་བྱེད་ཚོགས་བཅས་གསལ༔ ལྷོ་རུ་གཟའ་བདུད་སྡེ་བརྒྱད་ཀུན་འདུས་སྐུ༔ དུད་ཁ་དབུ་དགུ་བྱ་རོག་སྦྲུལ་མཇུག་འཁྱིལ༔ ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས༔ གཟའ་གདོང་སྡེ་བརྒྱད་རྒྱུ་སྐར་ཕོ་ཉར་གསལ༔ ནུབ་ཏུ་རྡོར་ལེགས་བཙན་འགོང་ཀུན་འདུས་སྐུ༔ སེང་ཞོན་དར་དམར་རྡོ་རྗེ་ཙིཏྟ་བསྣམས༔ བེར་ནག་དང་ནི་སྭག་ཞུ་དབུ་ལ་གསོལ༔ བཙན་དང་བརྟན་མའི་གཡོག་དང་བཅས་པར་གསལ༔ བྱང་དུ་ཤན་དམར་གནོད་སྦྱིན་ཀུན་འདུས་སྐུ༔ དམར་ནག་ཁྲག་རལ་ཕྱག་བཞི་རལ་གྲི་དང་༔ གྲི་གུག་སྙིང་ཞགས་ཐོད་ཕྲེང་བྷན་དམར་ཐོགས༔ ཤན་པ་སྲོག་གཅོད་ཚོགས་དང་བཅས་པར་གསལ༔ གཙོ་དང་འཁོར་གཡོག་ལྷ་མིའི་ཁྲོམ་ལྟར་བསྐྱེད༔ གཉིས་པ་སྤྱན་འདྲེན་པ་ནི་འདི་སྐད་དོ། ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ གཟུགས་སྐུ་འཇའ་ཚོན་ལྟ་བུའི་སྐུར་བཞེངས་པ༔ བླ་མ་ཡི་དམ་བདེ་གཤེགས་མཁའ་འགྲོའི་ཚོགས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ ཧཱུྃ༔ གཏེར་བདག་དཔལ་མགོན་མ་ནིང་གཙོ་དང་འཁོར༔ ཨེ་ཀ་ཙ་ཏི་ལྷ་མོ་རེ་མ་ཏི༔ ཤན་པ་སྲོག་སྒྲུབ་གཟའ་བདུད་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་གནོད་སྦྱིན་དམར་ནག་དང་༔ སོ་སོའི་རིགས་དང་འཁོར་གཡོག་དཔུང་དང་བཅས༔ བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ བོད་ཡུལ་གཏེར་བདག་བརྟན་མ་བཅུ་གཉིས་དང་༔ དགེ་བསྙེན་ཉེར་གཅིག་ཡུལ་ལྷ་གཞི་བདག་རྣམས༔ ཡབ་ཡུམ་ལྕམ་དྲལ་ཕོ་ཉ་བྲན་གཡོག་བཅས༔ མ་ལུས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོོལ༔ བཛྲ་ས་མ་ཡ་ཛཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་༔ དྲེགས་པ་ཕོ་མོ་མིང་སྲིང་འཁོར་དང་བཅས༔ དུར་ཁྲོད་རོོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ༔ བླ་མ་བདེ་གཤེགས་ཞི་ཁྲོ་དང་༔ མ་སྲིང་མཁའ་འགྲོའི་ཚོགས་བཅས་དང་༔ དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ སྨན་རཀ་གཏོར་གསུམ་གསང་བའི་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ༔ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོཿ དྲུག་པ་ཞལ་ཟས་ཚོགས་ཀྱིས་མཆོད་པ་ནི། ཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་༔ མཁའ་འགྲོ་དམ་ཅན་མ་ནིང་ནག་པོ་དང་༔ ཨེ་ཀ་ཙ་ཏི་དཔལ་འབར་སྲོག་བདག་དང་༔ ཁྱབ་འཇུག་གནོད་སྦྱིན་དམ་ཅན་ཐིག་ལེ་རྩལ༔ བརྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་དང་༔ ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བས༔ དགྱེས་པར་དགོངས་ལ་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་གྷ་ན་ཙཀྲ་པཱུ་ཛ་ལ་ཁཱ་ཧིཿ སྐབས་འདིར་དམ་ཅན་ཀུན་འདུས་ཀྱི་བསྐང་ཡིག་འདོན་ནོ། བདུན་པ་བཤགས་པ་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དགོངས༔ བདག་ཅག་མ་རིག་འཁྲུལ་པའི་རང་བཞིན་གྱིས༔ ཉོན་མོངས་དབང་གྱུར་སྐུ་གསུང་ཐུགས་ལ་སོགས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་པ་དང་ཡི་གེ་བརྒྱ་པ་བཟླ་བར་བྱའོ། བརྒྱད་པ་བསྟོད་པ་བྱ་བ་ནི། ཧཱུྃ༔ བྱིན་རླབས་དངོས་གྲུབ་འདོད་སྟེར་རོལ་པ་ཅན༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་དྲག་པོའི་ཆ་ལུགས་སྣ་ཚོགས་ཀྱིས༔ བསྟན་པ་བསྲུང་ཕྱིར་དགྲ་བགེགས་ཚར་གཅོད་པའི༔ དམ་ཅན་སྡེ་བདུན་འཁོར་དང་བཅས་ལ་བསྟོད༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག༔ བོད་ཁམས་སྐྱོང་བའི་ལྷ་རབས་བརྟན་མར་བཅས༔ གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད༔ དེ་ནས་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོཿ མ་ནིང་ནག་པོ་ཡང་འཁོར་བརྒྱད༔ ཕོ་རྒྱུད་ཐམས་ཅད་དགྲ་ལ་བྷྱོཿ ཨེ་ཀ་ཛ་ཊཱི་མ་མོའི་ཚོགས༔ མོ་རྒྱུད་ཐམས་ཅད་དགྲ་ལ་བྷྱོཿ ལྷ་མོ་དཔལ་འབར་ནད་བདག་ཚོགས༔ མ་མོ་འབུམ་སྡེ་དགྲ་ལ་བྷྱོཿ ཤན་པ་སྲོག་བདག་སྡེ་བཞིའི་ཚོགས༔ སྲོག་གཅོད་མ་མོ་དགྲ་ལ་བྷྱོཿ གཟའ་རྒོད་ཁྱབ་འཇུག་གདོང་མོ་བཞི༔ སྡེ་བརྒྱད་དམག་དཔུང་དགྲ་ལ་བྷྱོཿ རྡོ་རྗེ་ལེགས་པ་བརྟན་མར་བཅས༔ འགོང་པོའི་དམག་དཔུང་དགྲ་ལ་བྷྱོཿ ཤན་པ་དམར་ནག་གནོད་སྦྱིན་ཚོགས༔ སྲོག་གཅོད་དམག་དཔུང་དགྲ་ལ་བྷྱོཿ སྐྱེས་བུ་དམ་ཅན་སྡེ་བདུན་ཡང་༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་ཡུལ་དུ་དམག་དཔུང་ཆོས༔ བསྟན་པ་གཉན་ལ་དགྲ་དར་བས༔ རྣལ་འབྱོར་བདག་གི་ར་མདར་རྒྱུགས༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་ཐོངས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་དང་༔ མཁའ་འགྲོ་དམ་ཅན་སྡེ་བདུན་དགོངས༔ སྲུང་མ་དམ་ཅན་ཁྱེད་རྣམས་ཀྱི༔ ཐུགས་དང་འགལ་བར་གྱུར་པ་གང་༔ དོ་ནུབ་བསྐང་ཞིང་བཤགས་པར་བགྱི༔ མཐོལ་བཤགས་དང་དུ་བཞེས་ནས་ཀྱང་༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ མཐུ་སྟོབས་རྫུ་འཕྲུལ་རྒྱས་པ་དང་༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ འཁོར་དང་གདུལ་བྱ་ཕྲིན་ལས་ལྡན༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་དམ་ཅན་སྡེ་བདུན་ཆུང་བ་ཉུང་བསྡུས་དགྲ་བགེགས་གདུག་པ་རང་གྲོལ་ཞེས་བྱ་བ་ནམ་མཁའ་རྒྱ་མཚོས་སྦྱར་བའོ། །