བཀའ་ཤག་བཙུགས་ཚུལ།

ཡོང་ཁུངས་Wikipedia

ཞིབ་གཅོད་ལྷན་ཚོགས་བཙུགས་པ།[རྩོམ་སྒྲིག]

འཇུན་སྒར་པ་མཐར་སྐྲོད་བཏང་ཟིན་རྗེས་ཞིབ་གཅོད་ལྷན་ཚོགས་ཤིག་བཙུགས་པ་དེའི་དམིགས་ཡུལ་ནི་ཞི་བའི་ཐོག་ནས་གཞུང་འཛིན་སྔར་སོར་ཆུད་པ་ཡོང་ཐབས་དང་། འཇུན་སྒར་ཕྱོགས་གཏོགས་ལ་ཞིབ་གཅོད་བྱེད་པའི་སླད་དུའང་བཙུགས་པ་ཞིག་ཡིན། དེ་ལྟའི་ཞིབ་གཅོད་ལྷན་ཚོགས་དེ་ཚོགས་མི་བདུན་ལས་གྲུབ་ཡོད་པ་དང་། དེ་དག་ནི་ང་ཕོད་པ། ལུམ་པ་བ། དའི་སི་ཙང་ཇུན་༼མན་ཇུ་༽ གུང་ཚེ་དབང་ནོར་བུ།༼མན་ཇུ་༽ དོན་གྲུབ་ཝང་༼སོག་པོ་༽བསྟན་འཛིན་ཆིང་ཝང་། ༼སོག་པོ་༽ ཨེ་སྦེས་པའི་ལོ་༼སོག་པོ་༽ བཅས་བོད་རྒྱ་སོག་གསུམ་གྱི་མི་སྣ་བདུན་ལས་གྲུབ་ཡོད། ཚོགས་མི་བདུན་ལས་གྲུབ་པའི་ཞིབ་གཅོད་ལྷན་ཚོགས་དེས་ཆབ་སྲིད་དུས་ཡུན་ཇི་ཙམ་བསྐྱངས་མིན་ནི་དུས་ཡིན་ཟླ་བ་དྲུག་ཙམ་བསྐྱངས་ཡོད། འཇུན་སྒར་པའི་ཕྱོགས་གཏོགས་སྡེ་སྲིད་སྟག་རྩེ་བ་ཇི་ལྟར་བཀྲོངས་ཚུལ་ནི་སྤྱིར་སྡེ་སྲིད་རང་ཉིད་གཞུང་དྲང་དང་རང་བཞིན་བཟང་པོ་ཡོད་ལ། ཕྱི་ཚུལ་དུ་སྡེ་སྲིད་ཀྱི་མཚན་མཐོང་ཙམ་ལས་ལས་དོན་ཚང་མ་འཇུན་སྒར་བས་བཙན་བཀའ་བཏང་སྟེ་བྱེད་བཅུག་པ་བོད་མི་ཡོངས་ནས་ཤེས་རྟོགས་བྱུང་རུང་ལྷ་བཟང་ཁཱང་གི་སྲས་སུ་ར་ཡ་ངོ་གཡོག་བྲོས་བྱོལ་བྱེད་སྐབས་ཆག་ལའི་ས་མཚམས་སུ་འཇུན་སྒར་བས་མཐའ་སྐོར་ཚུལ་ཐོས་ཏེ་ཕྱིར་ལོག་གིས་སྟག་རྩེ་བའི་མི་སེར་ཞིག་གི་ནང་འབྱོར་ཏེ་ཡིབ་སྡོད་བྱས་ཤིང་། ཁུལ་དེའི་མི་སེར་ནས་འཇུན་སྒར་བའི་ཚ་ཟིལ་མ་བཟོད་པར་རྩིས་སྤྲོད་བྱས་པའི་ངན་ཁག་སྡེ་སྲིད་སྟག་རྩེ་བར་བྱུང་སྟེ་སྐྱིད་ཆུའི་རགས་རྒྱབ་ཏུ་བཀྲོངས་པའོ།།

ཞིབ་གཅོད་ལྷན་ཚོགས་དེ་ལྕགས་གླང་ ༡༧༢༡ ལོར་ཕྱིར་བསྡུ་དང་གཞུང་ཆབ་སྲིད་འཛིན་སྐྱོང་ལས་ཁུངས་དེ་ལྕགས་གླང་ ༡༧༢༡ ལོར་གསར་འཛུགས་གནང་ཡོད། གཞུང་ཆབ་སྲིད་འཛིན་སྐྱོང་ལས་ཁུངས་དེ་ཚོགས་མི་ལྔ་ལས་གྲུབ་ཡོད་ཅིང་དེ་དག་ནི་ཁཱང་ཆེན་པ་བསོད་ནམས་རྒྱལ་པོ། ང་ཕོད། ལུང་པ་བ། སྦྱར་ར་བ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་བཅས་ལྔ་ཡིན། དུས་སྐབས་དེར་སོག་པོ་དང་མན་ཇུའི་དཔོན་རིགས་ཚོས་བཙུགས་པའི་རྡོ་ཡིག་གི་ནང་དོན་ནི་ཏཱ་ལའི་བླ་མའི་སྦྱིན་བདག་རྒྱ་ནག་མན་ཇུ་༸གོང་མ་ཁང་ཤིའི་དང་སོག་པོའི་དཔོན་རིགས་རྣམས་ནས་འཇུན་སྒར་བོད་ནས་མཐར་སྐྲོད་ཐོག ཏཱ་ལའི་བླ་མའི་ཡང་སྲིད་རིན་པོ་ཆེ་སྐུ་འབུམ་ནས་བོད་ལྗོངས་སུ་གདན་ཞུ་གནང་བའི་སྐོར་འཁོད་ཡོད། མན་ཇུའི་སྐུ་ཚབ་དང་སྲུང་དམག་དང་པོ་སླེབས་ཚུལ་ནི་རྒྱ་ནག་མན་ཇུ་༸གོང་མས་ཏཱ་ལའི་བླ་མར་མཆོད་ཡོན་མཐུན་ལམ་ཞབས་ཞུར་དའི་སི་ཙང་ཅུན་དང་གློ་བུར་འཇུན་སྒར་པའི་དམག་ཡོང་ན་རེ་ཞིག་ཏཱ་ལའི་བླ་མའི་སྐུ་ཚབ་ལྟ་བུར་ཙང་ཅུན་ཚེ་དབང་ནོར་བུ་དང་རྒྱ་དམག་བཞི་སྟོང་ཐམ་པ་བཅས་ལྷ་སར་བཞག་པ་དེ་ནི་མན་ཇུའི་སྐུ་ཚབ་དང་སྲུང་དམག་སླེབས་པའི་དང་པོ་དེ་ཡིན་ནོ།།

ཐེངས་དང་པོའི་མན་ཇུའི་སྐུ་ཚབ།[རྩོམ་སྒྲིག]

བོད་ནང་ཐེངས་དང་པོར་སླེབས་པའི་མན་ཇུའི་སྐུ་ཚབ་དང་རྒྱ་དམག་བཞི་སྟོང་ཙམ་ཡོད་པ་དེ་དག་ཤིང་འབྲུག་ ༡༧༢༤ ལོར་མན་ཇུ་གོང་མ་གཡུང་ཅིན་ཁྲི་ལོ་དང་པོའི་དུས་སྐབས་སུ་ལྷ་སྡོད་ཨམ་བན་གྱིས་གཙོས་རྒྱའི་དཔོན་དམག་བཞི་སྟོང་ཙམ་ཡོད་པ་དེ་དག་ཕྱིར་འཐེན་བྱས་པའོ། དེ་ལྟར་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་ནི་ལྷ་སྡོད་རྒྱའི་དཔོན་དམག་རྣམས་ནས་མི་སེར་ཐོག་ཟན་གོན་ཆེ་ལ། ལྷ་སའི་གྲོང་ཁྱེར་ནང་གཙང་སྦྲ་དང་འཕྲོད་བསྟེན་ལ་དོ་སྣང་ཞན་སྟབས་འབག་བཙོག་ཆེ་བ་སོགས་ཀྱི་རྐྱེན་ལས་བོད་མི་རྣམས་ནས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་སྟོན་གྱི་ཡོད་པ་དང་། ལྷག་པར་དུ་མཚོ་སྔོན་ཕྱོགས་སུ་གནས་པའི་སོག་པོ་དང་ཨ་མདོ་བ་རྣམས་ནས་མན་ཇུ་གོང་མར་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་བཅས་ལ་བརྟེན་ནས་ཕྱིར་འཐེན་བྱས་པའོ། དེ་ལྟར་མཚོ་སྔོན་ཁུལ་གྱི་སོག་རིག་ཚོས་མན་ཇུར་ངོ་རྒོལ་བྱེད་དོན་ནི་བོད་གཞུང་གི་མཛད་སྒོ་ཆེ་ཁག་ལ་རྒྱ་བོད་ཀྱི་དཔོན་རིགས་རྣམས་མདུན་གྲལ་དང་སོག་པོའི་དཔོན་རིགས་རྣམས་རྒྱབ་གྲལ་དུ་བཞག་པས་གྲལ་གནས་བློར་མ་བབས་པའི་ཐོག སྡེ་སྲིད་སྟག་རྩེའི་སྲོག་སློང་ཡང་དོན་སྨིན་མ་བྱུང་བ་དང་སྔར་བོད་དུ་གུ་ཤྲིར་ཁཱང་གི་སྲས་རྒྱུད་ལ་རྒྱལ་པོའི་མཚན་གནས་རྒྱུད་འཇགས་གནང་བ་ད་མཚམས་མེད་པ་བཅས་ཀྱི་རྐྱེན་ལས་སོག་པོའི་དཔོན་རིགས་ཚོས་རྒྱ་མིར་ངོ་རྒོལ་དུས་གཟིར་སློང་རྒྱུའི་དམ་བཅའ་བྱས་པའོོ།།

གཞུང་ཆབ་སྲིད་འཛིན་སྐྱོང་ལས་ཁུངས།[རྩོམ་སྒྲིག]

༸གོང་ས་བདུན་པས་གཞུང་ཆབ་སྲིད་འཛིན་སྐྱོང་ལས་ཁུངས་ཀྱི་ཚོགས་མིར་གོ་ས་ཇི་གནང་ནི་ཁཱང་ཆེན་པ་བསོད་ནམས་རྒྱལ་པོ་གཙོ་བོ་དང་པས་སེའི་གོ་གནས་དང་། ང་ཕོད་པ་ལས་རོགས་དང་པས་སེའི་གོ་གནས། ལུང་པ་བར་གུང་དང་། སྦྱར་ར་བ་དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་ལ་ཐའི་ཇི་གོ་ས་བཅས་གནང་ཡོད། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་༸གོང་ས་མཆོག་ནས་དགོངས་བཅད་ཀྱིས་ཆབ་སྲིད་ཀྱི་འཁུར་འཛིན་པ་རྣམས་ལ་བདག་རྐྱེན་མཛད་ན་བོད་འབངས་ཡོངས་ནས་བརྩི་བཀུར་ཆེ་བར་དགོངས་ཏེ་དེ་ལྟར་གོ་ས་སྩལ་བ་ཞིག་ཡིན་པ་དང་། ༸གོང་ས་བདུན་པས་ཁོང་རྣམས་ལ་བཅོལ་བའི་ཕུགས་ཀྱི་དགོངས་བཞེད་ནི་བར་ལམ་ལྷ་བཟང་ཁཱང་དང་། འཇུན་སྒར་བའི་དམག་འཁྲུག་སོགས་ཀྱི་རྐྱེན་པས་ཆབ་སྲིད་ཉམས་ཆག་གྱུར་པ་རྣམས་གསོ་ཐབས་འཁུར་ཆེ་བསྐྱེད་དགོས་པའི་བཀའ་སློབ་བཅས་སྩལ་བ་ལྟར་ཁོང་གི་ཕུགས་ཀྱི་དགོངས་བཞེད་ནི་དེ་ལྟར་ཡིན་པར་མངོན་ནོ། དུས་སྐབས་དེར་སྩལ་བའི་ཐམ་གའི་མིང་ནི་བཀའི་ཆིང་སང་རྣམས་ཀྱི་ཐམ་ག་ཞེས་པ་དེའོ།།

༸གོང་ས་བདུན་པའི་ཐུགས་བཞེད་ལྟར་སྲིད་དབང་བསྐྱངས་མི་ཐུབ་པའི་རྒྱུ་མཚན་ནི་ཁཱང་ཆེན་པ་བསོད་ནམས་རྒྱལ་པོ་དང་ཕོ་ལྷ་བ་གཉིས་ཀྱི་སྲིད་བྱུས་ལ་ང་ལམ་སྦྱར་གསུམ་གྱིས་རྒྱབ་སྐྱོར་མ་བྱས་པར་རྟག་ཏུ་སྐྱོན་བརྗོད་དང་དབུས་དང་གཙང་ཞེས་ཕྱོགས་འཐེན་བྱས་པ་ལས་ཆབ་སྲིད་ཚུལ་བཞིན་བསྐྱངས་ཐུབ་མེད། ཁཱང་ཆེན་པ་བསོད་ནམས་རྒྱལ་པོ་བཀྲོངས་མཁན་ནི་འཐེན་འཁྱེར་ནང་དཀྲུགས་ལ་དགའ་བའི་ང་ལམ་སྦྱར་གསུམ་གྱིས་གཡོ་ཐབས་ལ་བརྟེན་ནས་བཀྲོངས་པའོ། །དེ་ལྟར་ཁཱང་ཆེན་པར་བར་ཆད་བྱུང་བའི་ཉེར་ལེན་ལས་ཕོ་ལྷ་བས་སྟོད་མངའ་རིས་ཡོངས་ཀྱི་དམག་བསྐུལ་ཞིང་། དབུས་དཔུང་རྒྱལ་རྩེ་ཁུལ་དུ་འབྱོར་ཚུལ་ཐོས་མ་ཐག་མདའ་དཔོན་ལྕང་ལོ་ཅན་པ་དཔུང་བཅས་ཉག་ཆུའི་ལྷོ་བརྒྱུད་དང་། མི་དབང་དཔུང་དམག་བཅས་ཉང་ཆུའི་བྱང་བརྒྱུད་ནས་དཔུང་དམག་བཤམས་པས་འབྲོང་རྩེ་དང་འབྲས་ཁུད་བརྒྱུད་དུ་དབུས་དཔུང་དང་དམག་འཐབ་བྱས་རུང་རྒྱལ་ཕམ་ཆེ་བ་མ་བྱུང་ཡང་། དབུས་དཔུང་གིས་གྲོང་དང་གྲོང་གསེབ་ཁུལ་དུ་གོད་ཆག་ཆེ་བར་གཟིགས་ཏེ་རེ་ཞིག་ས་དགའ་ཕྱོགས་སུ་ཕྱིར་འཐེན་བྱས་པའོ།།

དབུས་གཙང་དབར་འཁྲུག་རྐྱེན་[རྩོམ་སྒྲིག]

ཕོ་ལྷ་པས་དམག་ཐེངས་དང་པོར་རེ་ཞིག་ས་དགའ་ཕྱོགས་སུ་ཕྱིར་འཐེན་བྱས་རུང་དབུས་དམག་གིས་བཀྲིས་ལྷུན་པོ་དང་རྣར་ཐང་སོགས་ལ་བཅོམ་འཕྲོག་བྱས་རྐྱེན་ལས་ཕོ་ལྷ་བ་རང་ཉིད་དཔུང་དམག་བཅས་རྒྱལ་རྩེར་འོངས་ཤིང་དེར་དབུས་དམག་དང་འཐབ་འཁྲུག་ཚབས་ཆེན་བྱུང་སྟེ་ཕན་ཚུན་བསད་རྨས་ཆེན་པོ་བྱུང་ཞིང་དུས་སྐབས་དེར་ཆིངས་མི་པན་ཆེན་རིན་པོ་ཆེའི་མགྲོན་གཉེར་ས་ཁུད་པ་དང་། ས་སྐྱ་བདག་ཆེན་རིན་པོ་ཆེའི་མགྲོན་གཉེར་ངག་དབང་བཅས་ནས་ཕན་ཚུན་ཆིངས་སྒྲིག་ཀྱི་འབད་བརྩོན་ཆེན་པོ་གནང་ཐར་རེ་ཞིག་ཕན་ཚུན་དམག་མཚམས་འཇོག་གཏན་འཁེལ་ཏེ་ཆིངས་ཡིག་ལ་དབུས་གཙང་བཀའ་བློན་ཚོ་དང་ཆིངས་པའི་དམ་ཕྲུག་བརྒྱབ་སྟེ་བཙོན་པ་གློད་བཀྲོལ་དང་དམག་དཔུང་རང་ཡུལ་དུ་ཕྱིར་ལོག་བཅས་བྱས་ཡོད། ཕོ་ལྷ་བས་སླར་དབུས་སུ་དཔུང་འཇུག་བྱེད་དོན་ནི་ནག་ཚང་ཕྱོགས་སུ་ཨ་ཇོ་དཔལ་བཟང་ཟེར་བས་སློང་རྐྱེན་བྱས་སམ། ཡང་ན་དབུས་ཕྱོགས་ཡིན་པའི་མེར་གན་ཐའི་ཇི་སོགས་ནས་ཆིངས་སྒྲིག་བྱུང་བ་མ་ཤེས་པར་གཙང་ཕྱོགས་འགའ་ཤས་བསད་བཟུང་བྱས་པར་བརྟེན་མི་དབང་ཕོ་ལྷས་དབུས་སུ་དམག་དྲངས་ཏེ་དབུས་དམག་ཕམ་པར་བྱས་ཤིང་། མཐར་ཞིབ་དཔྱོད་དུ་ཡོང་བའི་ཨ་ལི་ཁན་ཨམ་བན་དང་མི་རིང་ཛ་གི་ལ་སོགས་དཔུང་དམག་སྟོང་ཕྲག་བཅུ་འབྱོར་ཏེ་དེ་དག་གིས་ང་ལམ་སྦྱར་གསུམ་སྲོག་ཐོག་ཏུ་བཏང་བའོ།།

ཨི་ཌ་ལའི་ཡེ་ཤུའི་ཆོས་པ་བོད་དུ་སླེབས་པ།[རྩོམ་སྒྲིག]

༸གོང་ས་བདུན་པའི་དུས་སྐབས་སུ་ཨི་ཌ་ལའི་ཡེ་ཤུའི་ཆོས་པ་ཀ་སྤུ་ཅི་ཞེས་པ་དང་སྨན་པ་གཅིག་བཅས་མེ་སྤྲེ་ ༡༧༡༦ ལོར་སླེབས་པ་དང་། ཁོང་གཉིས་བོད་ནང་གནས་སྡོད་ཆོག་པའི་རྒྱུ་མཚན་ནི་ཁོང་གཉིས་ཀྱིས་ཡེ་ཤུའི་ཆོས་སྤེལ་བ་དང་ནད་པ་དབུལ་ཕོངས་ལ་སྨན་སྦྱིན་སྟེར་རྒྱུ་ཁོ་ན་ལས་ཚོང་དང་སྲིད་དོན་སོགས་ཀྱི་འབྲེལ་བ་གང་ཡང་མེད་པས་ཡིན། ཁོང་གཉིས་ལ་༸གོང་ས་མཆོག་གིས་གཟིགས་སྐྱོང་ཇི་ལྟར་གནང་ཚུལ་ནི་ཁོང་གཉིས་ཀྱིས་ཞུས་དོན་ལྟར་ལྷ་ས་གྲོང་ཁྱེར་གྱི་ཤར་རྒྱུད་ན་ཁར་ས་དོད་ཕུལ་ཏེ་ལྷ་ཁང་དང་སྨན་ཁང་། སྡོད་ཁང་བཅས་གསར་རྒྱག་ཆོག་པ་དང་། འཁྲི་བོགས་ས་ཁྲལ་སོགས་བཟོས་མི་བདེའི་རིགས་སྤུ་ཙམ་མ་བྱེད་ཅེས་ཆུ་ཡོས་ ༡༧༢༣།༡༢།༡༡ ཉིན་སྦུག་དམ་བཀའ་ཤོག་སྩལ་བ་དང་། དེ་རྗེས་རིམ་པས་ཆོས་སྡེ་ཕན་བདེ་དགོན་གསར་ཀ་བ་བཅུ་གཉིས་སོགས་ས་ཐོ་དེབ་གསལ་ལ་ས་བོགས། རྩཱ་རིན་དངུལ་སྲང་བཅོ་བརྒྱད་གཙང་འབུལ་བྱུང་བས་ཁྲལ་འབབ་ཆག་ཅེས་ཤིང་སྦྲུལ་ ༡༧༢༥།༢།༡༡ འཁོད་པའི་བཀའ་ཤག་གི་བཀའ་ཤོག་དང་། ཁོང་ཚོའི་ཡུལ་ནས་ཉེར་མཁོ་འབྱོར་རིགས་ལ་བལ་ཚོང་ལྟར་སྤྱི་མཚུངས་ཁྲལ་ལེན་བྱེད་ཕྱོགས་དང་ཁང་པ་རྒྱག་སྐབས་ས་རྡོ་གང་ནས་བླངས་ཀྱང་འཐུས་པའི་སྐོར་ཤིང་སྦྲུལ་ ༡༧༢༥།༤།༩ ཉིན་ལྷ་ས་གཉེར་མི་དཔོན་ནས་བཏང་བའི་འཛིན་ཐམ། འཁྲི་བོགས་དང་ཁྲལ་རིགས་གསར་འགེལ། གཞིས་གཡོག་བསྐུལ་གཙེར་མེད་ཚུལ་གྱི་སྐོར་མེ་ལུག ༡༧༢༧།༨།༢༠ ཉིན་ཞོལ་གཉེར་ལས་ཁུངས་ནས་བཏང་བའི་འཛིན་ཐམ་དང་ཤར་རྒྱུད་ན་ཁར་དགོན་ཆུང་རྒྱག་བཅུག་པར་གཞན་འདྲེས་མེད་ཅིང་སེམས་སྐྱིད་བྱུང་ན་ཇི་སྲིད་བར་གནས་འཇགས་སྐོར་ས་བྱི་ ༡༧༢༩།༡༢།༡༠ ཉིན་མི་དབང་ཕོ་ལྷས་བཏང་བའི་བཀའ་ཤོག་སོགས་གཞུང་དམངས་ཡོངས་ནས་གཟིགས་སྐྱོང་གང་ལེགས་གནང་ཡོད་པ་བཅས་སོ།།

ཝང་འགྱུར་མེད་རྣམ་རྒྱལ་བཀྲོངས་ཚུལ།[རྩོམ་སྒྲིག]

ཝང་འགྱུར་མེད་རྣམ་རྒྱལ་མཆོག་ལྷ་སྡོད་མན་ཇུའི་ཨམ་བན་མེ་ཏཱ་ཞིན་དང་སིང་ཏཱ་ཞིན་གཉིས་ཀྱིས་གཡོ་ཐབས་ཀྱིས་བཀྲོངས་པ་དང་དེ་ལྟར་བཀྲོངས་དོན་ནི་ཁོང་གི་ཕ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཤེགས་རྗེས་མེ་ཡོས་ ༡༧༤༧ ལོར་ཕའི་གོ་ས་ཤུལ་འཛིན་བྱས་ནས་ལས་དོན་ཕ་དུས་ལྟར་བསྐྱངས་ཤིང་། དུས་སྐབས་དེར་ལྷ་སྡོད་མན་ཆིང་དཔོན་དམག་གིས་བོད་མིར་བརྙས་གཙེ་དང་རྒྱུ་ནོར་ཧམ་འཕྲོག་བྱས་པར་བརྟེན་མན་ཆིང་དཔོན་དམག་གཅིག་ཀྱང་མ་ལུས་པ་ཕྱིན་འཐེན་དགོས་ཚུལ་ཨམ་བན་གཉིས་ལ་ཡང་ཡང་ཞུས་པར་བརྟེན་ལྕགས་རྟ་ ༡༧༥༠ ལོར་བཀྲོངས་པའོ། ཁོང་བཀྲོངས་རྗེས་གནས་སྐབས་རིང་སྲིད་སྐྱོང་དབང་འཛིན་པ་༸གོང་ས་མཆོག་ནས་དགའ་བཞི་རྡོ་རིང་གུང་པཎ་ཌི་ཏ་བསྐོ་གཞག་སྩལ་ཡོད་པ་དང་། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་དགྲ་ཤ་ལེན་མཁན་ནི་མགྲོན་གཉེར་བློ་བཟང་བཀྲིས་སོགས་ཡིན། ཁོང་གི་ཇི་ལྟར་དགྲ་ཤ་བླངས་ཚུལ་ནི་ཕོ་ལྷ་བ་བཀྲོངས་པའི་གཏམ་ངན་དེ་ཐོས་མ་ཐག་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ནས་བཟོད་ཐབས་དཀའ་བས་དམག་ཁྲིད་དེ་ཨམ་བན་ཏཱ་ཞིན་གཉིས་དམར་གསོད་བཏང་བ་དང་སྐུ་སྲུང་དང་ཞབས་འབྲང་བ་བརྒྱ་ལྷག་བསད་ཅིང་མང་པོ་ཞིག་རྩེ་ཕོ་བྲང་དུ་བྲོས་ཏེ་༸རྒྱལ་དབང་མཆོག་ལ་སྲོག་སྐྱབས་ཞུས་ཏེ་གསོད་མི་ཆོག་པའི་བཀའ་སྩལ་ཡང་རྒྱ་མི་མཐོང་ཚད་བསད་པར་གྲགས་སོ།།

༸གོང་ས་བདུན་པ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དང་། བཀའ་ཤག་གསར་འཛུགས་ཚུལ།[རྩོམ་སྒྲིག]

༸གོང་ས་བདུན་པ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ལྕགས་ལུག ༡༧༥༡ ལོར་བཞེས་པ་དང་། དེ་ལྟར་བཞེས་དོན་ནི་དགོས་པ་རྒྱུ་མཚན་དུ་མ་ཞིག་ཡོད་ཀྱང་གཙོ་བོ་ནི་བོད་ལྗོངས་སེར་སྐྱ་སྤྱི་ནས་ཆབ་སྲིད་ཐུགས་འགན་བཞེས་དགོས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལས་བཞེས་དགོས་བྱུང་ཞིང་། ལྕགས་ལུག ༡༧༥༡།༢།༡ ཉིན་བཀའ་ཤག་གསར་འཛུགས་དང་བཀའ་བློན་དུ་མི་སྣ་བཞི་འདེམས་བསྐོ་གནང་ཡོད། མི་སྣ་དེ་དག་ནི་དགའ་བཞི་རྡོ་རིང་གུང་པཎ་ཌི་ཏ་དང་ཞབས་དྲུང་ཚེ་རིང་དབང་རྒྱལ། ཛ་སག་སྲི་ཆོད་ཚེ་བརྟན། སེར་མོ་བ་ཉི་མ་རྒྱལ་མཚན་བཅས་ཡིན། དུས་སྐབས་དེར་སྩལ་བའི་ཐམ་གའི་མིང་ནི་དམ་ཕྲུག་བདེ་སྐྱིད་མ་ཞེས་པ་དེ་ཡིན་ཞིང་ད་ལྟའི་དུས་སྐབས་ཀྱི་བཀའ་ཤག་གི་དམ་ཕྲུག་ཀྱང་དེ་རང་ཡིན་ནོ།།

ལྕགས་ལུག་ ༡༧༥༡ ལོར་བཙུགས་པའི་བཀའ་ཤག་ལྷན་ཚོགས་དང་ཉེ་འབྲེལ་རྒྱལ་ཁབ་ཁག་གི་བློན་ཆེན་ལྷན་ཚོགས་དབར་མི་འདྲ་བའི་ཁྱད་པར་གཙོ་བོ་གང་ཞིག་ཡོད་མེད་དང་། དེ་ལྟ་བུའི་བཀའ་ཤག་ལྷན་ཚོགས་ཀྱིས་ཆབ་སྲིད་དུས་ཡུན་རིང་པོ་ཞིག་བསྐྱངས་པའི་ནང་ཕན་གནོད་གང་ཞིག་བྱུང་ཡོད་མེད་ཕྲིས། ལན་དུ། བཀའ་ཤག་ལྷན་ཚོགས་དང་བློན་ཆེན་ལྷན་ཚོགས་དབར་མི་འདྲ་བའི་ཆ་གཙོ་བོ་ནི་བློན་ཆེན་ལྷན་ཚོགས་ཀྱིས་གལ་ཆེའི་དོན་གནད་ཁག་གྲོས་བསྡུར་གྱིས་ཐག་གཅོད་བྱེད་པ་ལས། དེ་མིན་བློན་ཆེན་སོ་སོར་དམིགས་བསལ་གྱི་ལས་དོན་ཐག་གཅོད་བྱེད་དབང་མེད་པ་ཞིག་དང་། བཀའ་ཤག་ལྷན་ཚོགས་ནི་དེ་དང་མི་འདྲ་བར་ཕྱི་ནང་ཞི་དྲག་ལས་དོན་ཆེ་ཕྲ་ཡོད་ཚད་བཀའ་བློན་ཚང་མ་མཉམ་ཚོགས་གྲོས་བསྡུར་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་དེའོ།།

དེ་ལྟར་བཀའ་ཤག་ལྷན་ཚོགས་ཀྱིས་ཆབ་སྲིད་དུས་ཡུན་རིང་པོ་ཞིག་བསྐྱངས་པའི་རིང་གནོད་པའི་ཆ་ནི་གལ་ཆེའི་ཛ་དྲག་གི་སྐབས་སུ་འཕྲལ་དུ་ཐག་གཅོད་མི་ཐུབ་པར་འགོར་འགྱངས་དང་། སྤྱི་དོན་ལ་ཕན་ངེས་པའི་དོན་གནད་ཡག་པོ་ཞིག་ཡོད་ཀྱང་ཚང་མ་དགོངས་མཐུན་མི་ཡོང་བས་ལས་དོན་ལག་ཏུ་ལོན་མི་ཐུབ་པའི་སྐྱོན་དང་། ལེགས་པའི་ཡོན་ཏན་ནི་བཀའ་བློན་གཅིག་གིས་རང་འདོད་ལྟར་ཐག་གཅོད་བྱེད་ས་མེད་པ་དང་དྲང་པོ་ཡོད་མེད་ལ་བཏང་འཛིན་བྱེད་ཐུབ་པ། བཟའ་འདོད་ལྐོག་རྔན་མི་བྱེད་པར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེའོ།།

རྩེ་རིག་གནས་སློབ་གྲྭ་དང་བཟོ་གྲྭ་འདོད་འཇོའི་དཔལ་འཁྱིལ་གཉིས་གསར་འཛུགས་[རྩོམ་སྒྲིག]

རྩེ་རིག་གནས་སློབ་གྲྭ་དང་བཟོ་གྲྭ་འདོད་འཇོའི་དཔལ་འཁྱིལ་གཉིས་༸གོང་ས་བདུན་པ་ཆེན་པོས་ཤིང་ཁྱི་ ༡༧༥༤ ཟླ་བ་གཉིས་པའི་ནང་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་གཉིས་ཀྱི་ནང་སློབ་སྦྱོང་གང་ཞིག་སྤྲོད་མིན་ནི་རྩེ་རིག་གནས་སློབ་གྲྭའི་ནང་སྒྲ། སྙན་ངག རྩིས་སྐར་ནག སྡེབ་སྦྱོར། ལཉྪན་ཝ་ཏུ་ལ་སོགས་པའི་ཡིག་རིགས་དུ་མའི་སློབ་སྦྱོང་སྤྲོད་ཀྱི་ཡོད། བཟོ་གྲྭ་འདོད་འཇོའི་དཔལ་འཁྱིལ་ནང་སྐུ་རྟེན་འབྲི་བཞེངས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད། དེ་ལྟར་སློབ་གྲྭ་དང་བཟོ་གྲྭ་གཉིས་བཙུགས་གནང་བའི་རྒྱབ་ལྗོངས་ནི་ལོ་པཎ་བྱང་ཆུབ་སེམས་དཔའ་དེ་དག་གི་དྲིན་ལས་བོད་འདིར་རིག་པའི་གནས་ལྔར་འཆད་ཉན་དར་རྒྱས་ཆེ་ཡང་། བར་ལམ་ཉམས་ཆག་ཤིན་ཏུ་ཆེ་བར་གྱུར་སྟབས་ཀུན་གཟིགས་ལྔ་པ་ཆེན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་རིག་གནས་ཀྱི་སློབ་གཉེར་ཁང་མང་པོ་གསར་འཛུགས་མཛད་དེ་དོན་ཕན་ཆེན་པོ་བྱུང་རུང་། བར་ལམ་ཆབ་སྲིད་འཕོ་འགྱུར་ཆེ་བས་ཉམས་ཆག་སོང་བའི་རིག་གནས་འདི་དག་དང་ལྷག་པར་བོད་རང་གི་ཐུན་མིན་ལྷ་སྐུ་རྟེན་བཞེངས་དང་། ཐིག་ཚད་ལག་རྒྱུན་གཞན་འགྲན་མ་མཆིས་པ་དེ་དག་ཉམས་ཉེས་སོང་ན་སླར་རྙེད་གསོ་དཀའ་བར་དགོངས་ཏེ་གསར་འཛུགས་གནང་བའོ།། །།