བཀའ་བློན་ང་ལུམ་སྦྱར་གསུམ་

ཡོང་ཁུངས་Wikipedia

ང་ལམ་སྦྱར་གསུམ་ནི་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་། གུང་ལུམ་པ་བ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་གསུམ་སྟེ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི(1730)ལོའི་ཟླ9ཚེས15ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་གསེར་ཁྲིར་མངའ་གསོལ། ལྕགས་གླང(1721)ལོ་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁང་ཆེན་བསོད་རྣམས་རྒྱལ་པོ(དའི་ཆིང་བཱ་དུར)དང་། ང་ལོད་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ། ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཅས་བཀའ་བློན་དུ་བསྐོས་པའི་གཙོ་བོ་དའི་ཆིང་བཱ་དུར་དང་། ང་ཕོད་པར་པའི་སི་ཞེས་པའི་ཆོ་ལོ་གནང་།

བཀའ་བློན་རྣམས་ནས་སྲིད་དབང་ལོ་བདུན་བསྐྱངས་རིང་ཕན་ཚུན་དད་མོས་དང་། ཉེ་ཕྱོགས་སོགས་ཀྱི་རྐྱེན་པས་རིམ་བཞིན་མི་མཐུན་པར་གྱུར་ཏེ་དའི་ཆིང་བཱ་དུར་དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཕྱོགས་གཅིག་དང་། ང་ཕོད། ལུམ་པ། སྦྱར་ར་གསུམ་ཕྱོགས་གཅིག་ཏུ་གྱུར་སྐབས་ཕོ་ལྷ་བས་དའི་ཆིང་ལ་དོགས་ཟོན་དགོས་ཚུལ་ཞུས་ཀྱང་དའི་ཆིང་གིས་དོ་སྣང་མ་བྱས་ཤིང་། དུས་དེར་གོང་མ་གཡུང་ཊེང་གིས་དའི་ཆིང་བཱ་དུར་ལ་ཤེལ་གྱི་ཐམ་ག་སོགས་གཟེངས་བསྟོད་ཀྱི་བཀས་མངགས་བློན་ཆེན་གཉིས་བཅས་བཏང་བ་ལྷ་སར་མ་འབྱོར་སྔོན་ང་ལུམ་སྦྱར་གསུམ་སོགས་ཀྱིས་དའི་ཆིང་བཱ་དུར་མེད་པ་བཟོ་བར་བརྩམས(ཕོ་ལྷ་བ་གཙང་དུ་འཁོར་ཞག་ཐོན་ནས་བསྡད་མེད)མེ་ལུག(1717)ལོའི་བོད་ཟླ6ཚེས18ཉིན་ང་ལུམ་སྦྱར་གསུམ་གྱིས་ལྷ་སའི་གཙུག་ལག་ཁང་གི་སྒོ་མཆོར་གྱི་ཡང་སྟེང་ཚོམས་ཆེན་ཁམས་གསུམ་ནང་དའི་ཆིང་ལ་སྙན་ཞུ་རིང་པོ་ཞིག་ཕུལ་བར་གཟིགས་བཞིན་པའི་དུས་སུ་ང་ལ་ལུམ་སྦྱར་གསུམ་དང་། ཁོང་ཚོའི་ཁོངས་མིས་གྲི་རུབ་བརྒྱབ་སྟེ་བཀྲོངས་པ་མ་ཟད། ཕྱི་རོལ་དུ་ཡོད་པའི་ཞབས་ཕྱི་དང་། མཛོད་པ། རི་མོ་མཁན་སོགས་ཀྱང་བསད། དའི་ཆིང་གི་བཞུགས་གནས་ཕུན་ཚོགས་རབ་བརྟན་དཔལ་འབྱོར་དུ་བཙུན་མོ་ཆེ་ཆུང་གཉིས་བཀྲོངས་པ་སོགས་བྱས་ཏེ་ང་ལུམ་སྦྱར་གསུམ་ནས་གོང་མ་གཡུང་ཊེང་ལ་དའི་ཆིང་གིས་ཏཱ་ལའི་བླ་མར(སྐུ་ཕེང་བདུན་པར)དད་གུས་ཕྲ་མོ་ཙམ་ཡང་མེད་པ་དང་། བོད་ཀྱི་སྲིད་དབང་སྒེར་གཅོད་བྱེད་པ། ཇུན་གར་བ་བ་དང་ངན་འབྲེལ། རྒྱ་གར་རྒྱལ་པོ་དང་འབྲེལ་བ་བྱས་པ་སོགས་ཀྱི་ཉེས་པ་བགྲངས་པའི་སྙན་ཞུ་ཕུལ། ཁོ་ཚོས་སྲིད་དབང་བཟུང་ནས་གོང་མའི་རྒྱབ་སྐྱོར་ཡོང་བར་རེ་བ་ཞུས།

ང་ལུམ་སྦྱར་གསུམ་གྱིས་དའི་ཆིང་བཀྲོངས་རྗེས་ཕོ་ལྷ་བ་ཡང་བཀྲོངས་རྩིས་བྱེད་སྐབས་སྐྱིད་སྦུག་དབང་འདུས་གཞིས་སྐོར་དུ་ཕེབས་ཞོར་ཕོ་ལྷ་བར་ལྷ་སར་བྱུང་བའི་གནས་ཚུལ་རྣམས་གསལ་བར་ཞུས། ཕོ་ལྷ་བས་རང་འོག་གི་དཔུང་བསྡུས་ཐོག་མངའ་རིས་སྐོར་གསུམ་ནས་དཔུང་བསྡུས་ཏེ་ཕར་རྒོལ་གྱི་གྲབས་མཛད་ཕྱིར་ཤེལ་དཀར་ནས་གཙང་ཁུལ་དམག་སྲིད་དཔོན་རིགས་རྣམས་ནས་བསྐུལ་སློང་གནང་བར་མང་ཆེ་བ་ཕོ་ལྷའི་ཕྱོགས་སུ་འཁོར་ཞིང་ཕོ་ལྷ་བས་མངའ་རིས་སྐོར་གསུམ་དང་གཙང་དཔུང་ཁྲིད་དེ་དབུས་སུ་དཔུང་འཇུག་བྱས། ང་ལུམ་སྦྱར་གསུམ་ནས་ཀྱང་དབུས་དང་ཀོང་པོ་སོགས་ཀྱི་དམག་སྐུལ་དེ་གཙང༌། འདམ་གཞུང༌། འཕན་པོ་སོགས་བརྒྱུད་ནས་འཐབ་འཁྲུག་བྱས་མཐར་དབུས་ཀོང་གི་དམག་ཕམ་ནས་ལྷ་ས་ཤོར། ལུམ་པ་བ་སོགས་ཕོ་བྲང་པོ་ཏ་ལར་བྲོས། ཕོ་ལྷ་བའི་རྟ་དམག་སུམ་སྟོང་དང་རྐང་དམག་དགུ་སྟོང་གིས་རྩེ་ཕོ་བྲང་དང་ཞོལ་གྱི་མཐའ་བསྐོར། འོན་རྒྱལ་སྲས་ཡེ་ཤེས་གྲགས་པ་སོགས་བླ་ཆེན་ཁ་ཤས་དང་གདན་ས་གསུམ་གྱི་འཐུས་མི་ཡོངས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་རྒྱལ་ཡབ་ལ་དའི་ཆིང་བཀྲོངས་པ་དང༌། དབུས་གཙང་དམག་འཁྲུག་སྐོར་ལ་ཐེ་ཇུས་མེད་སྐོར་དག་སེལ་བྱས་པར་བརྟེན་ཏཱ་ལའི་བླ་མ་སྐུ་འཁོར་རྣམས་འབྲས་སྤུངས་སུ་ཕེབས་རྒྱུ་བྱས་ཀྱང་རྗེས་སུ་ཕེབས་མ་དགོས་པ་བྱས་ཐོག་ང་ལུམ་སྦྱར་གསུམ་ཡང་པོ་ཏ་ལ་ནས་རང་ཁྱིམ་དུ་ལོག་ཆོག་པ་བྱས། དེ་ནས་དམག་དཔོན་ཆེན་པོ་ཁྲ་ལང་ཨ་དང༌། རྦད་ལུའུ་སོགས་ཀྱིས་ཁྲིད་པའི་གོང་མའི་དཔུང་ཆེན་ལྷ་སར་འབྱོར། གོང་མའི་ཕོ་ཉ་མཱ་ལ་ལྷ་སར་ཡོད་མུས་སོགས་དང་བཀའ་གྲོས་ཀྱིས་ང་ལུམ་སྦྱར་གསུམ་ལ་འདྲི་ཞིབ་དང་བཅས་ང་ལུམ་སྦྱར་གསུམ་གྱི་བུ་རྒྱུད་རྗེས་འབྲང་སོགས་ལེ་ཐོགས་མི་ཉི་ཤུ་རྩ་གཉིས་དུས་གཅིག་ལ་སྲོག་ཐོག་བཏང༌། གོང་མས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ལ་པའི་སིའི་ཆོ་ལོ་དང༌། ཇུན་ཝང་གི་འཇའ་ས་གསེར་དམ་བཅས་གནང་ནས་བོད་ཀྱི་སྲིད་འགན་ཡོངས་རྫོགས་སྤྲད། བོད་སྡོད་ཨམ་བན་བཙུགས་པའི་ལམ་སྲོལ་གཏོད།