Jump to content

བཀའ་བརྒྱུད་པའི་ཕྱག་བཞེས་རས་ཕུད་ཀྱི་དུས་ཚོད་

ཡོང་ཁུངས་Wikipedia

འགྲོ་མགོན་བཀའ་བརྒྱུད་པའི་ཕྱག་བཞེས་དམིགས་བསམ་ཅན་ནམ། ཁྱད་པར་ཅན་དགུན་དུས་ནམ་ཟླ་གྲང་དུས་སུ་ཟབ་ཆོས་ནཱ་རོ་ཆོས་དྲུག་གི་གཏུམ་མོའི་བདེ་དྲོད་ཀྱི་ལང་ཚོ་ངོམ་པ་ཞེས་པ་ལས་འཕྲོས་ཏེ། དགུན་ཁ་ཨ་ཧྲང་ད་ཧྲང་གི་སྒང་ལ་རས་ཕུད་དམ། རས་འབུད་ཅེས་བྱ་བ། ཕྱིས་སུ་རས་ཆོས་ཞེས་ཀྱང་གྲགས་པ། སྒོམ་ཆེན་དག་གིས་རས་གོས་ཁོ་ན་བནམ་ཏེ་གངས་ཁྲོད་དམ་ཐང་སོགས་སུ་གཏུམ་མོ་བསྒོམ་པས་བདེ་དྲོད་འབར་བས། གྲང་ངར་གྱིས་མི་གནོད་པའམ་མི་འཁྱགས་པར་རླངས་པ་འཚུབ་བེར་བཞུགས་པ་དང་། ཉེ་ཁོར་ཡང་དྲོད་ཐུབ་པའི་ངང་ཚུལ་གསལ་བར་བྱེད་པ་ཅིག་ཡིན་འདུག་ལ། དེ་ནི་བོད་ཡུལ་འདིར་བཀའ་བརྒྱུད་པ་ཁོ་ནའི་ལུགས་ཀྱང་ཡིན་པར་སྣང་ངོ་། ། འདི་ཉིད་ཀྱི་རྩ་བ་ནི་རྗེ་བཙུན་ཆེན་པོ་མིད་ལ་རས་པ་ཡབ་སྲས་སོགས་རས་པ་གོང་མ་རྣམས་ཀྱི་རྣམ་ཐར་ལས་རིམ་པར་བྱུང་བར་ཐེ་ཚོམ་མེད་ནའང་། རས་ཕུད་དམ་རས་ཆོས་ཞེས་པའི་མིང་ངམ་ཐ་སྙད་ནམ་བྱུང་དང་། ཆེད་དུ་བྱ་བའི་ཚུལ་དེ་ཉིད་ག་དུས་ཙམ་ལ་བྱུང་བ་ཡིན་ནི་མཁས་པ་གཟུ་བོ་དག་གིས་ལོགས་སུ་དཔྱད་པར་བྱ་བ་ཉིད་ཡིན་གྱི། བདག་གི་ཡུལ་དུ་གྱུར་པ་ནི་མ་ཡིན་ལ། འདིར་ནི་ནམ་ཟླ་ག་དུས་ཙམ་ན་རས་བུད་ཀྱི་བྱེད་སྒོ་གཉེར་གྱི་ཡོད་དམ་ཞེ་ན། དེའི་ལན་ཙམ་དཔེ་ཀློག་གི་འབྲས་བུ་ཅུང་ཟད་ཞུ་ན། མཉམ་མེད་དྭགས་པོ་ལྷ་རྗེའི་གདན་ས་དཔལ་དྭགས་ལྷ་སྒམ་པོར་རྒྱལ་ཟླའི་ཉ་ལ་ཟངས་ལུང་ཆོས་སྐུའི་ཕོ་བྲང་དུ་ཟླ་འོད་གཞོན་ནུའི་མཆོད་པ་ཞེས་པའི་རས་ཕུད་མཛད་པ་དང་། མགུར་དང་བྲོ་ཡི་མཆོད་པ་བྱ་སྲོལ་ཡོད་ཚུལ་རིག་འཛིན་ཆོས་རྗེ་གླིང་པའི་རང་གི་རྣམ་ཐར་ན་གསལ་ཡང་། ཐོག་མར་ག་དུས་ཙམ་ན་བྱུང་བ་ཡིན་མིན་ཁ་གསལ་ནི་མ་ཤེས།

བཀའ་བརྒྱུད་འབྲི་གུང་པའི་ཡིག་ཆར་མཇལ་ན། གདན་རབས་བཅུ་གཅིག་པ་ཛམ་གླིང་ཆོས་ཀྱི་རྒྱལ་པོའི་སློབ་མ་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་ན། འབྲི་གུང་ཐེལ་དུ་ཆོས་དྲུག་གསར་མའི་སྐབས་རས་འབུད་བཏང་། ཞེས་གསལ་ལ། དེར་ནམ་དུས་ཁ་གསལ་མི་འདུག་ཀྱང་དགུན་ཁ་ནི་ཡིན་ངེས་ལ། འབྲི་གུང་གདན་རབས་གསེར་ཕྲེང་དུ་གདན་རབས་བཅུ་བདུན་པ་རྗེ་ཀུན་དགའ་རིན་ཆེན་དུས། ལོ་དེ་ཉིད་ལ་ཁང་གསར་ཆེན་མོར་ནཱ་རོ་ཆོས་དྲུག་གི་དགུན་ཁྲིད་གནང་བའི་ཚེ། རས་པ་བརྒྱ་ཕྲག་ལྷག་གིས་བླ་གཡེལ་ཆེན་མོར་རས་ཕུད་མཛད་ཅིང་། ཞེས་འཁོད་འདུག་པས་དགུན་ཁྲིད་ནི་རྒྱལ་ཟླ་ཡིན་པར་སྣང་སྟེ། ཡིག་ཆ་དེར་གདན་རབས་བཅུ་དགུ་པ་ཕག་མོ་རིན་ཆེན་རྣམ་རྒྱལ་གྲགས་པའི་སྐབས། བྱི་ལོ་རྒྱལ་གྱི་ཟླ་བར། ཁང་གསར་ཡང་དགོན་དུ་དགུན་ཁྲིད། བླ་གཡེལ་དུ་རས་ཕུད་མཛད་ཅིང་། ཞེས་འཁོད་འདུག་ལ། གདན་རབས་ཉེར་བཞི་པ་དཀོན་མཆོག་རིན་ཆེན་སྐབས་སུ་ཡང་། དགུན་དུས་ཟླ་བ་བཅུ་གཉིས་པར་རྗེ་ནཱ་རོ་པའི་བཀས་བསྐུལ་བར། སྔར་སྲོལ་བཞིན། དགུན་ཆོས་ནཱ་རོ་ཆོས་དྲུག་གི་ཁྲིད་དང་། རས་པ་རྐྱང་པ་ཉིས་བརྒྱ་དང་། ཞེས་སོགས་འཁོད་འདུག་པས། ནམ་དུས་གང་ཡིན་ཤེས་ནུས་པར་སྣང་ངོ་། །

བཀའ་བརྒྱུད་ཀམ་ཚང་ཕྱོགས་ཀྱི་ཡིག་ཆར་ཅུང་ཟད་མཇལ་ན། རྗེ་བདུན་པའི་དངོས་སློབ་ཀམ་ཚང་བླ་མ་ཏྲེ་བོ་ཆོས་ཀྱི་རྒྱ་མཚོས་རྒྱལ་ཟླའི་ཉ་ལ་རས་ཕུད་གནང་གི་ཡོད་འདུག་སྟེ། དེ་ཡང་བླ་མ་གོང་མའི་ཕྱག་རྒྱུན་ཡིན་པའང་ཐེ་ཚོམ་མེེད་དེ། ཁོང་གི་སློབ་མ་ཇོ་ནང་ཀུན་དགའ་གྲོལ་མཆོག་གི་རང་རྣམ་སྐལ་བཟང་དད་པའི་ཤིང་རྟ་འདྲེན་བྱེད་ལས། རས་མཚོར་འཇུག་ཀར་ཕག་མོ་ཕུར་ཞབས་ཅན་གྱི་མེ་དབང་ཡང་བསྩལ་ནས། རྒྱལ་གྱི་ཉ་ལ་རས་ཕུད་ཀྱི་ཕྱག་བཞེས་བར་ཆད་མེད་པར་མཐར་ཕྱིན་ཏེ། ཞེས་སོགས་ཞིབ་ཆ་འཁོད་འདུག་པའི་ཕྱིར་རོ། །

ཀམ་ཚང་གསེར་ཕྲེང་ངམ་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་ཤེལ་ལས། ཞྭ་དམར་དྲུག་པའི་རྣམ་ཐར་ན། མགོ་ཟླའི་ཉེར་གཅིག་ཉིན་རྗེ་ཉིད་རས་བུད་ལ་བཞུགས། ཞེས་དང་། ཞྭ་དམར་བརྒྱད་པའི་རྣམ་ཐར་སྐབས་སུ། མགོ་ཟླའི་ཚེས་བརྒྱད་ལ་རས་བུད་པ་བཞི་ཅུ་སྐོར་ལ་རླུང་སེམས་གཉིས་མེད་ཀྱི་འཁྲུལ་འཁོར་རྣམས་གནང་། ་་་ རས་པ་རྣམས་ལ་རས་བྱིན་རླབས་གནང་སྟེ་རས་སར་རས་བུད་མཛད། ཅེས་འཁོད་ཡོད་པ་དང་། སི་ཏུ་པན་ཆེན་གྱི་རྣམ་ཐར་སྐབས། ཟླ་བ་བཅུ་གཅིག་པའི་དབང་ཕྱུག་མི་ལའི་དུས་ཆེན་ལ་རྗེ་ཉིད་དབུར་བཞུགས་པའི་རས་པ་བཅུ་གསུམ་ཙམ་ཞིག་བྱུང་བ་བཅས་ཀྱིས་རས་ཆོས་ཀྱི་ཕྱག་ལེན་དང་། མཐར་སེར་སྦྲེང་ཚོགས་འཁོར་ཤིས་བརྗོད་བཅས། ཞེས་འཁོད་འདུག་གོ །

བཀའ་བརྒྱུད་འབྲུག་པའི་ཕྱོགས་སུ་ཇི་འདྲ་ཡིན་ནམ་ཞེ་ན། འབྲུག་པའི་རི་ཁྲོད་ལ་ལར་རླུང་ར་ཞེས་པའི་ཤུལ་ཡོད་ལ། ཡིག་ཆ་ལ་མཇལ་ཚེ་རྣམ་ཐར་ན་འང་། རླུང་ར་ཚུགས། འཕྲུལ་འཁོར་བསླབ། ཅེས་གསལ་ནའང་དུས་ཚོད་ནི་མི་གསལ། མཉམ་མེད་ལྷ་རྩེ་བའི་རྣམ་ཐར་གྱི་འཕྲོས་གླེང་བ་ལས། ཞི་བ་སྟེ་ས་མོ་བྱའི་ལོ་ཐོག་མར་ཚེས་པའི་དགའ་སྟོན་ལ། ་་་ལོ་ཙཱ་བ་ནམ་མགོན་སོགས་ཀྱིས་རྩ་རླུང་གི་དྲོད་རྟགས་ངོམ་པའི་རས་ཕུད་བཏང་། ཞེས་གསལ་བས། ལོ་སར་འདི་གཙང་ཁུལ་ལྟར་ཡིན་ནམ། ཧོར་ཟླའི་ལུགས་ཡིན་གསལ་པོར་མངོན་མི་འདུག་མོད། བླ་མ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་སྟོད་ཆར་ཙཱ་རིར་དགུན་བཞུགས་སྐབས་སུ། གཅིག་ཅར་སྒྲུབ་སྡེའི་གྲུབ་ཆེན་བཅུ་གསུམ་གྱིས་གཏུམ་མོའི་ཆེ་བ་འདོན་ཕྱིར་དགུན་ཤིན་ཏུ་གྲང་བའི་སྒང་ལ་གཟན་རྐྱང་རེ་གྱོན་ཞག་རེ་ཙམ་གངས་རིའི་ཐག་ཉེའི་ཁ་བའི་ཐང་ན་བཞུགས། ནངས་ཞོགས་སྔ་མོ་ནས་་་་་་ཐམས་ཅད་ཀྱི་སྐུ་རླངས་པ་ཕྱུར་རེ་བཞེངས་ནས་ཕེབས་པ་མཐོང་བས། མི་ལ་རས་པའི་བུ་རྒྱུད་ལ་དད་པ་རང་དབང་མེད་པར་སྐྱེས་པ་བྱུང་། ཞེས་བཀོད་འདུག་པས། ཤིན་ཏུ་གྲང་བའི་སྒང་ནི་རྒྱལ་ཟླ་ཡིན་པར་ངེས་ལ། ལྷ་རྩེ་བའི་རྣམ་ཐར་ན་གསལ་བ་དེ་ཉིད་དམིགས་བསལ་ཡིན་ནམ། དུས་ཚོད་འདི་དང་གཅིག་པ་ཡིན་མིན་ད་དུང་དཔྱད་འོས་པས། ཡིག་ཆ་གཞན་དག་ལ་གཟིགས་ན་ལེགས་པར་སྙམ།

གཞན་ཡང་གོང་ས་ལྔ་པ་ཆེན་པོའི་རང་རྣམ་དཱུ་ཀུ་ལའི་གོས་བཟང་ཞེས་པའི་པོད་དང་པོའི་༣༢༦ལས། མ་རྒྱུད་ཀྱི་དགོངས་པ་མཁས་གྲུབ་ཚོའི་ཕྱག་ལེན་ལ་གཏུམ་མོ་སྒོམ་པའི་ཚེ་མེ་དང་ཉི་མ་སྤང་ཞིང་། དུས་ཀྱང་རབ་དགུན་དང་རླུང་འབྱོངས་ཚད་ཀྱང་གྲང་བའི་དུས་སུ་མཛད་ལ། བོད་འདིར་་ཉི་མ་ཟླ་བ་བཅུ་གཅིག་པ་དང་རི་རབ་ཀྱི་ཚངས་ཐིག་ནས་བརྩིས་པའི་ཉི་ལྡོག་བཅུ་གཉིས་པར་འབྱུང་བས། དེ་གཉིས་གཏུམ་མོ་སྒོམ་པའི་ཟླ་བར་ངོས་བཟུང་བའི་ནང་གསེས་གང་ཡིན་ལ་མིག་དང་ཟླ་བ་ཞེས་ས་རིས་ཀྱི་སྐབས་ལྟར་ཨང་ཀི་བྲིས་པས་བཅུ་གཉིས་པར་ཡོང་བ་རྗེ་བླ་མའི་དགོངས་པ་ཡིན་པས། ཙན་དན་གྱི་སྡོང་པོ་ལ་ཆུ་ཤིང་གི་ཡལ་ག་མ་སྐྱེས་པ་ཅིག་གལ་ཆེ་བར་གདའ། ཞེས་གོ་བ་ཟབ་མོ་དང་བཅས་བཀོད་འདུག་པ་འང་། བཀའ་བརྒྱུད་གོང་མའི་ཕྱག་སྲོལ་ལས་འཕྲོས་པ་ཅིག་ཡིན་འདུག་པས། ངེས་པར་དུ་དོ་སྣང་བྱ་དགོས་པའི་གནད་ཅིག་ཡིན་པར་སྣང་ངོ་། །

སྤྱིར་ན་བོད་ཀྱི་ཡུལ་འདིར་སྔགས་བླ་མེད་ཀྱི་ཉམས་བཞེས་པ་ཀུན་ལ་གཏུམ་མོའི་སྒོམ་རིམ་སོགས་ཡོད་པ་ཡིན་མོད། གཏུམ་མོའི་བདེ་དྲོད་ལ་བརྟེན་པའི་རས་གོས་ཅན་དང་། དགུན་དུས་རས་ཕུད་དང་རས་ཆོས་ནི་བཀའ་བརྒྱུད་པར་གྲགས་ཆེ་བའམ། ལུགས་འདིའི་གནའ་བོའི་ཕྱག་སྲོལ་ཡིན་འདུག་པ་ནི་ངོ་མཚར་ཆེ་བའི་རྣམ་ཐར་ཡིན་པ་དང་། སྔ་མོའི་དུས་སུ་བཀའ་བརྒྱུད་ཀུན་ལ་དར་ཆ་ཆེ་ན་ཡང་། འཁྲབ་སྟོན་ནམ་གཞན་ལ་ངོམ་ཆོས་སུ་མི་བྱེད་པར་གསང་བ་གནང་གི་ཡོད་འདྲ་ལ། ཕྱིས་སུ་ལག་ལེན་ཧ་ཅང་ཉམ་ཞན་དུ་གྱུར་པ་ཡིན་མོད། དར་རྒུད་ཀྱི་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེ་དེ་བཞིན་དུ་སོར་འཇོག་བྱ་རྒྱུ་ལས་ཐབས་ཅི་ཡོད།

མདོར་དྲིལ་ན་རས་ཕུད་ཀྱི་དུས་ཚིགས་ནི་དགུན་ཐ་མ་སྟེ། གཙོ་བོར་རྒྱལ་གྱི་ཟླ་བ་ལ་གནང་གི་ཡོད་པར་མངོན་ལ། སི་ཏུ་པན་ཆེན་གྱིས་རྗེ་བཙུན་མིད་ལའི་འདས་མཆོད་དང་ལྷན་དུ་མཛད་པར་གསལ་བ་ནི་རྗེ་བཙུན་མིད་ལ་རས་པ་དེ་ཉིད་སྟག་ཟླར་གཤེགས་པར་བཞེད་པ་འཐད་ལྡན་དགོངས་ཏེ། དེ་དང་བསྟུན་པ་ཡིན་ངེས་པར་སྣང་། དེས་ན་གོང་གསལ་ཡིག་ཆ་ཁག་ལ་གཞིགས་ན། རས་ཕུད་ཀྱི་དུས་ཚིགས་རྒྱལ་ཟླར་གནང་སྲོལ་འདི་ཉིད་ནམ་ཟླ་དང་བསྟུན་པ་ཅིག་ཡིན་པ་ནི་གསལ་ཐུབ་པ་དང་། རྗེ་མར་པ་དང་མིད་ལའི་འདས་མཆོད་ལ་དམིགས་པ་ཅིག་ཡིན་མིན་ནི་ཁུངས་ཁ་གསལ་མ་མཇལ་བས། ཡིན་དང་མིན་ཞེས་ཐག་གཅོད་ཀྱི་དཔང་པོ་མ་རྙེད་པས། འདིར་ཡང་ཐོས་ཉུང་དཔྱོད་རྨོངས་བདག་གིས་གང་ཡིན་ཁ་ཚོན་མི་ཆོད། དེས་ན་འབྲེལ་ཡོད་དཔེ་ཀློག་རྩོལ་ལྡན་དག་གི་བགྱི་བ་ཉག་གཅིག་གོ །

ཡིག་གེའི་རིས་སུ་བཀོད་པ་འདི་ནི་ན་གཞོན་ལོ་རྒྱུས་ཅི་རིགས་ལ་དགའ་བ་དག་གིས། སྔ་མོ་བོད་དུ་གསང་སྔགས་ཀྱི་ལམ་རིམ་ལས། རྟེན་འབྲེལ་ལུས་ལ་བསྒྲིགས་པའི་ཉམས་བཞེས་དང་། དེའི་ངོ་མཚར་དམིགས་བསལ་ཅི་འདྲ་ཡོད་པ་དང་། དེའི་ཁྱད་ཆོས་སོགས་ལ་དོ་སྣང་འབྱུང་བ་སོགས་ལ་ཕན་ཡང་སྲིད་སྙམ་ཏེ། རང་གི་དཔེ་ཀློག་གི་ཟིན་བྲིས་བཀོད་པ་ཙམ་ཡིན་པ་ལས། དཔྱད་གཏམ་དང་ཞིབ་འཇུག་གི་འབྲས་བུ་ལྟ་བུ་ནི་གཏན་ནི་མ་ཡིན་ཏེ། གནད་འདི་ཉིད་ཞིབ་ཆ་ཅན་རྒྱབ་ལྗོངས་དང་བཅས་པའི་ལེགས་བཤད་ཀྱི་དགའ་སྟོན་ནི་དམ་པ་གཟིགས་རྒྱ་དང་དཔྱོད་རྒྱ་ཅན་བློ་གཟུ་བོར་གནས་པ་དག་གི་དཔྱོད་ཡུལ་ལས། བདག་ལྟ་བུའི་ཡུལ་དུ་ནི་རྣམ་པ་ཀུན་ཏུ་མ་གྱུར་པའི་ཕྱིར་རོ། །