བཀའ་བརྒྱུད་དང་དགེ་ལུགས་ཀྱི་དགོན་པའི་ཁྱད་པར་
བླ་མ་ཞིག་མེད་ན་དགོན་པ་ཚུགས་ཐབས་དང་། སྤྲུལ་སྐུ་ཞིག་མེད་ན་དཔལ་འབྱོར་སྒྲུབ་ཐབས། ཚང་མས་ལྷ་དངོས་དང་སངས་རྒྱས་གསོན་པོ་ནང་བཞིན་བསྐུར་བའི་མི་ཞིག་མེད་ན་མགོ་ཁྲིད་ཐབས་སོགས་ཡོད་པ་ནི་བཀའ་བརྒྱུད་པ་མང་པོའི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད། འོན་ཀྱང་དགེ་ལུགས་པའི་དགོན་པ་མང་པོ་ཞིག་ནི་དོན་དུ་དེ་ལྟར་ཡིན་པ་རེད། དཔེར་ན་དགེ་ལུགས་པའི་དགོན་པ་རྒྱུད་སྟོད་ར་མོ་ཆེ་ཞེས་གྲགས་པར་མཁན་པོ་ཞིག་ལས། དམིགས་བསལ་གྱི་བླ་མ་དང་སྤྲུལ་སྐུ་སོགས་མེད་ན་ཡང་། དགོན་པ་དེ་ནི་ནང་གི་བསླབ་པ་དང་སློབ་གཉེར། ཕྱི་ཡི་འཛིན་སྐྱོང་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ཉེ་བའི་ལོ་ཤས་ནང་རྒྱ་གར་དུ་ཡོད་པའི་རྒྱུད་སྟོད་དགོན་པར་ཀརྨ་བཀའ་བརྒྱུད་པའི་མི་སྣ་ཆེ་ཆུང་མང་པོ་ཞིག་འགྲོ་མྱོང་ཞིང་སྡོད་མྱོང་བ་ལས། དེ་ཚོའི་ནང་དུ་དགོན་པ་འདིའི་སྐོར་རྒྱུས་མངའ་ལོན་རྗེས་རང་ཉིད་ཀྱི་མངོན་པའི་ང་རྒྱལ་མ་ཆགས་པ་དང་། དགོན་འདིར་ཡིད་སྨོན་དང་དད་གུས་མ་ཤོར་བ་ཞིག་ཕལ་ཆེར་མེད་ཅེས་བཤད་ཆོག
ང་ནི་རང་བཞིན་གྱིས་ཤེས་འདོད་ཆེ་བས་དགོན་པ་འདི་ཉིད་ལ་དམིགས་བསལ་གྱི་བླ་མ་དང་སྤྲུལ་སྐུ་སོགས་མེད་ན་ཡང་ཚགས་ཚུད་པོ་དང་སྤུས་དག་པོ་དེ་འདྲ་ཡོང་བའི་རྒྱུ་མཚན་གང་ལ་ཐུག་འདུག་དེ་སྔོན་བསམ་གཞིགས་ཅུང་ཟད་རེ་བྱེད་མྱོང་ཡང་གནད་འགག་དམིགས་བསལ་འདི་རེད་འདུག་སྙམ་པ་ཞིག་མ་བྱུང་། ཉེ་ཆར་སྟབས་ལེགས་པ་ཞིག་ལ་རྒྱུད་སྟོད་དགོན་པའི་གྲྭ་ཟུར་ངོ་ཤེས་ཞིག་དང་ཐུག་པས་དེ་དང་མཉམ་དུ་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་གླེང་སློང་མང་ཙམ་བྱས་པ་ན་རིམ་པས་དེའི་གནད་འགག་གང་ལ་ཐུག་འདུག་ངོས་ཟིན་པ་ལྟར་གྱུར། དེ་ཡང་བཀའ་བརྒྱུད་པ་རྣམས་ལ་དགོན་པ་ནི་ཡོངས་གྲགས་སུ་བླ་མ་དང་སྤྲུལ་སྐུ་ག་གེ་མོ་ཞིག་གིས་ཕྱག་བཏབ་པས་དེའི་ཡང་སྲིད་ལ་དབང་བའམ། ཡང་ན་བླ་མ་དེའི་གཉེན་ཚན་སོགས་མི་རྒྱུད་དང་། མི་རྙིང་པ་རྣམས་ལ་དབང་ཆེ་བར་སྙམ་པ་ལས། དགོན་པའི་དར་རྒུད་ཀྱི་འགན་ཁུར་ཕལ་ཆེར་གྲྭ་པ་དཀྱུས་མ་རྣམས་ལ་མེད་པ་ལྟ་བུ་དང་། ཡོད་ཀྱང་གཙོ་བོ་དེ་དག་མིན་པ་གསལ་པོ་རེད། དེའི་རྒྱུ་མཚན་གྱིས་བཀའ་བརྒྱུད་པའི་གྲྭ་པ་དཀྱུས་མ་ཞིག་གི་ངོས་ནས་དགོན་པ་འདི་ང་ཡི་རེད་སྙམ་པ་དང་ང་ཚོའི་རེད་སྙམ་པ་ཧ་ཅང་དཀོན། རྒྱུད་སྟོད་ཀྱི་དགོན་པ་ལྟ་བུ་དགེ་ལུགས་པའི་དགོན་པ་མང་པོར་དམིགས་བསལ་གྱི་བླ་མ་དང་སྤྲུལ་སྐུ་མེད་ཅིང་། བླ་མའི་གསང་ཡུམ་དང་སྐུ་མཆེད་སོགས་ཀྱིས་དགོན་པ་བསྐྱངས་པ་ཡང་མེད། ཕྱག་མཛོད་དང་གཉེར་པ་ཡང་ལོ་དུས་ངེས་ཅན་ལས་མི་རབས་ནས་མི་རབས་གཅིག་རང་གིས་བཟུང་བ་མེད། དེའི་རྐྱེན་གྱིས་གྲྭ་པ་རྣམས་ལ་དགོན་པ་འདི་ང་ཚོའི་རེད་སྙམ་པའི་ལྟ་བ་དང་བག་ཆགས་ཧ་ཅང་ཟབ་མོ་ཡོད་པ་དང་། དེ་ཡོད་པས་དགོན་པའི་གྲྭ་ཟུར་མང་པོ་ཞིག་ཀྱང་ད་ཆ་དགོན་པ་དང་འབྲེལ་མེད་དུ་གྱུར་པ་མ་ཡིན་པར་དགོན་པའི་སྦྱིན་བདག་གལ་ཆེན་དུ་གྱུར་ཡོད།
མདོར་ན་བཀའ་བརྒྱུད་པའི་གྲྭ་པ་རྣམས་ལ་མཚོན་ན་དགོན་པ་ནི་གནས་ཚང་ལྟ་བུ་ཡིན་ཅིང་། དགེ་ལུགས་པའི་གྲྭ་པ་རྣམས་ལ་མཚོན་ན་དགོན་པ་ནི་ཁྱིམ་ཚང་ལྟ་བུ་ཡིན་པ་རེད། དེ་བཞིན་བཀའ་བརྒྱུད་པར་མཚོན་ན་གྲྭ་པ་རྣམས་དགོན་པའི་ཡིན་པ་ལས་དགོན་པ་ནི་གྲྭ་པ་རྣམས་ཀྱི་མིན་ཀྱང་། དགེ་ལུགས་པར་མཚོན་ན་དགོན་པ་ནི་གྲྭ་པ་རྣམས་ཀྱི་ཡིན་པ་གསལ་པོ་རེད། མི་ཞིག་གི་བྱ་སྤྱོད་ཐམས་ཅད་མཐར་གཏུགས་ན་མི་དེའི་བསམ་བློ་གཏོང་སྟངས་དང་ལྟ་བའི་ཁྱེར་སོ་ལ་རག་ལས་ཡོད་པ་བཞིན་བཀའ་བརྒྱུད་དང་དགེ་ལུགས་ཀྱི་གྲྭ་པ་མང་པོའི་བསམ་བློའི་ཁྱེར་སོ་མི་འདྲ་བ་འདི་ཙམ་གྱི་ཁྱད་པར་གྱིས་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་གནམ་སའི་ཁྱད་པར་ཐུག་ཡོད་ཀྱང་། མང་པོ་ཞིག་མངོན་གསལ་ཡིན་པ་དང་ཡི་གེ་མང་དུ་དོགས་པས་འདིར་རེ་རེ་བཞིན་བཤད་པར་མི་འདོད། བཀའ་བརྒྱུད་པའི་གྲྭ་པ་དགེ་ལུགས་ཀྱི་གྲྭ་སར་འགྲོ་མྱོང་བ་མང་པོས་དགེ་ལུགས་པའི་གྲྭ་པ་རྣམས་རང་གི་དགོན་པར་ལྷག་བསམ་ཆེ་བ་ནི་དེ་དག་ལ་སློབ་གསོ་རྒྱག་མཁན་མང་བ་དེས་ཡིན་པར་དྲན་གྱི་ཡོད་ཀྱང་། ངས་བསམས་ན་སློབ་གསོ་ཡང་གང་ཞིག་རྒྱག་པ་ལ་རག་ལས་མིན་ལས་མང་པོ་བརྒྱབ་པ་ཙམ་གྱིས་ཕན་པའི་ངེས་པ་མེད་པ་ནི་ཆོས་པ་མང་པོ་ཞིག་ཆོས་ཅི་ཙམ་མང་བ་ཞུས་པ་དེ་ཙམ་གྱིས་ཆོས་སེམས་ཆུང་དུ་འགྱུར་གྱི་ཡོད་པ་མངོན་སུམ་དུ་མཐོང་བཞིན་པ་འདི་རེད། དེས་ན་ངས་ནི་བཀའ་བརྒྱུད་དང་དགེ་ལུགས་ཀྱི་གྲྭ་པའི་ཁྱད་པར་སློབ་གསོ་རྒྱག་མཁན་མང་ཉུང་དང་། རྒྱག་པའི་དུས་ཚོད་རིང་ཐུང་། རྒྱག་སའི་མི་རིགས་ཀྱི་ཁྱད་པར་མ་ཡིན་པར་གཙོ་བོ་གཞི་རྩའི་བསམ་བློའི་རིག་གཞུང་གི་ཁྱད་པར་གྱིས་ཡིན་པར་མཐོང་ཞིང་། མི་སུ་ཡིན་ཀྱང་ང་ཚོ་ཐུན་མོང་གི་ཡིན་པས་དེའི་ཆེད་དུ་ང་ཚོ་ཚང་མས་དཀའ་ལས་རྒྱག་དགོས་ཟེར་ན་བློར་འགྲོ་ཞིང་། ཡིན་རྒྱུ་མི་སྒེར་པ་འགའ་ཤས་ཀྱི་ཡིན་ཀྱང་ང་ཚོ་ཚང་མས་དེའི་ཆེད་དུ་དཀའ་ལས་རྒྱག་དགོས་ཟེར་ན་སུ་ཞིག་གི་བློར་འགྲོ་སྟེ། བློར་ཕྱིན་མེད་པ་ཡང་གསལ་པོར་མཐོང་ཐུབ།
སྤྱིར་ཚོགས་པ་ཞིག་ལ་མི་གསར་དུ་འཁོར་བ་དང་། ཡུན་དུ་གནས་པ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང་ངས་བལྟས་ན་གཙོ་བོ་གསུམ་ཡོད་པར་མཐོང་། གསུམ་པོ་ནི་ཁེ་བཟང་། བདག་འཛིན། དོན་སྙིང་གསུམ་རེད། མི་ཕལ་པ་རྣམས་ལ་ཁེ་བཟང་དགོས་ཤིང་། མི་ཕུལ་བྱུང་རྣམས་ལ་དོན་སྙིང་དགོས། མི་ཕལ་མོ་ཆེར་ཡོད་པ་ནི་བདག་འཛིན་རེད། བདག་འཛིན་ཡོད་ན་ཁེ་བཟང་དང་དོན་སྙིང་མེད་ཀྱང་བློས་གཏོང་ཐུབ་པ་དཀའ། བདག་འཛིན་ཟེར་ནས་བཤད་དུས་ནང་པའི་ཆོས་པ་རྣམས་མི་དགའ་ཡང་བེད་སྤྱོད་གཏོང་ཤེས་ན་བདག་འཛིན་ཀྱང་ཕན་ཐོགས་ཆེ་བ་ཙམ་དུ་མ་ཟད་ཐུན་མོངས་རང་བཞིན་གྱི་བདག་འཛིན་ནི་ཚོགས་པ་ཞིག་ཡར་རྒྱས་འགྲོ་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་གོ། དེས་ན་ངས་བསམས་ན་གནད་དོན་འདི་ནི་ཧ་ཅང་གལ་ཆེ་སྙམ་སྟེ། དེང་སང་གི་དུས་རབས་འདིར་ཕ་མས་མི་ལུས་སྤྲད་པ་ཙམ་གྱིས་བཀའ་དྲིན་ཆེ་བར་སེམས་མཁན་དཀོན་པ་བཞིན་ད་ལྟའི་དུས་སུ་གྲྭ་པ་མི་ཉུང་བ་ཞིག་ལ་ཡང་བླ་མ་དང་བླ་བྲང་གིས་སོ་སོ་སྒེར་གྱི་སྟོབས་ཤུགས་གོང་འཕེལ་གཏོང་ཞིང་དཔལ་འབྱོར་གསོག་ཆེད་དུ་གྲྭ་པ་བསྡུ་རུབ་དང་ཉར་ཚགས་བྱས་པ་ཙམ་ལས་གྲྭ་པའི་མདུན་ལམ་དང་ཚེ་ཕྱི་མའི་ཆེད་དུ་གསོ་སྐྱོང་བྱས་པ་ཞིག་མིན་པའི་བསམ་ཚུལ་ཡོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་ཡོད།
འདི་ནི་སྤྲུལ་སྐུས་བདག་ཏུ་བཟུང་བའི་བཀའ་བརྒྱུད་ཀྱི་དགོན་པ་ཙམ་མིན་པར། ཁྱིམ་ཚང་གིས་བདག་ཏུ་བཟུང་བའི་ས་སྐྱ་དང་། སྤྲུལ་སྐུ་དང་ཁྱིམ་ཚང་གཉིས་ཀས་བདག་ཏུ་བཟུང་བའི་རྙིང་མའི་དགོན་པ་རྣམས་ཀྱིས་ཀྱང་བསམ་གཞིགས་ནན་པོ་བྱ་དགོས་པའི་གནད་དོན་ཞིག་སྟེ། སྤྱི་ཚོགས་གང་ཡིན་ཀྱང་ཐུན་མོང་ལ་དབང་བའི་འདུ་ཤེས་མེད་ན་ཐུན་མོངས་ལ་འགན་ཁུར་ཡོད་པའི་འདུ་ཤེས་ཀྱང་མི་ཡོང་ཞིང་། དེ་མེད་ན་ལྷག་བསམ་ཟེར་བ་ཡང་སྲིད་པ་ཙམ་རེད། དེས་ན་ངས་འདིར་བཤད་པ་འདི་ལ་བདེན་ཁ་དང་གནས་ལུགས་ཅི་ཙམ་ཡོད་ངས་བཤད་མི་ཐུབ་ཀྱང་། སུ་ཡིན་ཀྱང་བསྟན་པ་དང་དགོན་པ་རྒྱུན་གནས་དགོས་ན་སྔ་མོའི་ལུགས་སྲོལ་རྙིང་པ་ཡིན་པ་ཙམ་གྱིས་མ་འོངས་པར་ཡང་འགྲིག་འགྲོ་བའི་རེ་བ་དང་ཨུ་ཚུགས་གཅིག་པུ་མ་ཡིན་པར་དུས་དང་མཐུན་པའི་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་འཚོལ་བར་བསམ་གཞིགས་མང་ཙམ་མི་བྱེད་ཀ་མེད་རེད་དྲན་ལ། བོད་ཀྱི་དགོན་པ་ལྟ་བུ་ཞིག་ཐུན་མོངས་ལ་དབང་བའི་བསམ་བློ་ཡོད་པ་ཙམ་གྱིས་རྒྱུན་གནས་ཡོང་བའི་ངེས་པ་མེད་ཀྱང་། དེ་མེད་ན་རྒྱུན་གནས་མི་ཡོང་བ་ནི་ཕལ་ཆེར་ངེས་གསལ་རེད་དྲན། གང་ལྟར་ཡང་འདི་ནི་ང་རང་གི་གནས་སྐབས་ཀྱི་བསམ་ཚུལ་ཟིན་བྲིས་སུ་སྤེལ་བ་ཙམ་ཡིན།