བཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས་

ཡོང་ཁུངས་Wikipedia

༄༅ དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་འབྱུང་མདོར་བསྡུས་བཞུགས་སོ།། རབ་དཀར་གངས་རིའི་མུ་འཁྱུད་ཀྱིས་མཛེས་པའི་ལྗོངས་སུ་ངེས་དོན་སྒྲུབ་བརྒྱུད་ཀྱི་ཉི་མ་འདྲེན་པའི་ཤིང་རྟ་ཆེན་པོ་འགྲན་ཟླ་དང་བྲལ་བ་བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་མདོར་བསྡུས་སུ་བརྗོད་པ་ལ་གསུམ། ཐོག་མར་གང་ལས་བྱུང་བའི་ཁུངས་དང༌། དེ་ལས་བརྒྱུད་པའི་རྣམ་གྲངས་ཀྱི་བྱེ་བྲག་སོ་སོར་བཤད་པ། བཀའ་བརྒྱུད་ཀྱི་མཚན་འབྲེལ་བསྒྲིགས་ཤིང་ཁྱད་ཆོས་བསྡུས་ཚང་དུ་སྨོས་པའོ།། ཐུབ་བསྟན་ལྔ་བརྒྱའི་ཐ་མ་གངས་ཅན་གྱི་ཁྲོད་དུ་ཐེག་ཆེན་གསང་སྔགས་ཀྱི་སྒྲུབ་པ་འཛིན་སྐྱོང་སྤེལ་བའི་བཀའ་བརྒྱུད་ཆེན་མོ་བཀའ་སྲོལ་ཇི་ལྟར་བྱུང་ཚུལ་ནི། དེ་ཡང་གསང་བ་སྔགས་ཀྱི་བརྒྱུད་པ་སྟེ། འདི་ནི་ཐུན་མོང་ཙམ་དུ་འཕགས་ཡུལ་གྲུབ་བརྒྱའི་མེས་པོ་གྲུབ་པའི་དབང་ཕྱུག་ཏཻ་ལོ་པ་ཆེན་པོ་ཉིད་ཀྱི་ཞལ་ནས། ཀླུ་སྒྲུབ་ཙྭརླ་ལྭ་ཝ་པ།། སྐལ་བ་བཟང་པོ་ང་ཡི་ནི། །བཀའ་བབ་བཞི་ཡི་བླ་མ་ཡིན། །གསུངས་ཏེ། ཙྭརླ་པ་ལས་གཏུམ་མོ། ཀླུ་སྒྲུབ་ལས་སྒྱུ་ལུས་དང་འོད་གསལ། ལྭ་ཝ་པ་ལས་རྨི་ལམ། སུ་ཁ་སིང་རྡྀ་ལས་བར་དོ་དང་འཕོ་བའི་བཀའ་བབ་ཐོབ་སྟེ། སྔ་མ་ལ་ཕ་རྒྱུད་དང་ཕྱི་མ་ལ་མ་རྒྱུད་བཅས། ཕར་ཕྱིན་ཐེག་པའི་ལམ་ཡོངས་སུ་རྫོགས་པ་བསླབ་པའི་ཚུལ་བསྟན་ནས་ཕྱི་ནང་གི་རྒོལ་བ་ངན་པ་ཚར་བཅད་པ་སོགས་ཟླ་མེད་པའི་མཁས་པ་ཆེན་པོར་གྱུར། ཇི་ཞིག་ན་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མངོན་དུ་འགྱུར་བའི་ཕྱིར་ནུབ་ཕྱོགས་སོ་མ་པུ་རའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོག་གསོལ་ནས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། མཆོག་གི་དངོས་སྒྲུབ་ཆེན་པོ་བརྙེས་ནས་དོ་ཧ་རྡོ་རྗེའི་མགུར་གསུངས་པ་ཙམ་གྱིས་འགྲོ་བ་ཚད་མེད་པ་གྲོལ་བ་མཛད་དེ། མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཏེ་དེ་ལྟ་བུའི་གྲུབ་ཐོབ་ཆེན་པོ་ཏཻ་ལོ་པ་ཤེས་རབ་བཟང་པོའོ།། རྗེ་དེ་ཉིད་ལ་སློབ་མའི་ཚོགས་མཐའ་ཡས་ཀྱང༌། ཡོངས་གྲགས་མཆོག་གྱུར་གྱི་སློབ་མ་པཎ་ཆེན་ནཱ་རོ་པ་ནི། མདོ་སྔགས་ཆོས་ཚུལ་རྒྱ་མཚོར་མཁྱེན་པ་ཟླ་མེད་པས། ན་ལེན་ཌའི་བྱང་སྒོ་སྲུང་བའྀ་་ཆེན་པོ་མཁས་དབང་བྱེ་བའི་གཙུག་གི་ནོར་བུ། ཕྱོགས་ཀྱི་རྒོལ་བ་ངན་པའི་ཚང་ཚིང་ལུང་རིགས་རྡོ་རྗེའི་མེ་ཆར་གྱིས་བསྲེགས་པས། དཔལ་འཇིགས་མེད་གྲགས་པ་ཞེས་སྙན་པའི་བ་དན་ཕྱོགས་སུ་གཡོ་བར་མཛད་དེ། ཡུན་རིང་པོའི་བར་བསྟན་པ་བསྐྱངས་རྗེས། ངེས་དོན་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་ལ་སྒོམ་པ་ནང་གི་རྣལ་འབྱོར་ཁོ་ན་གཅེས་པར་གཟིགས་ནས། དེའི་ཚུལ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བའི་སྐབས་ཡེ་ཤེས་མཁའ་འགྲོའི་ལུང་གིས་བསྐུལ་ཏེ། གཞན་གྱིས་མི་བཟོད་པའི་དཀའ་ཆེན་བཅུ་གཉིས་སོགས། སྐྱོ་སུན་མེད་པར་དང་དུ་བླངས་ནས་ཏཻ་ལོ་པ་བླ་མར་བསྟེན་མཐར་རྡོ་རྗེའི་ཚིག་དང་བརྡ་ཐབས་ཀྱིས་མཚོན་ནས་གསང་སྔགས་ཀྱི་དོན་མ་ལུས་པ་ཁོང་དུ་ཆུད་ཅིང་ཕྱག་རྒྱ་ཆེན་པའི་རྟོགས་པ་མངོན་དུ་གྱུར་ཏེ་གྲུབ་པའི་རྒྱལ་སར་གཤེགས་པ་དེ་ལ། གདམ་པའི་བདུད་རྩིས་ཚིམས་ཤིང་གྲུབ་གཉིས་ཀྱི་ལང་ཚོ་བརྟས་པའི་སློབ་ཚོགས་རྒྱ་མཚོ་ལྟ་བུ་ཡོད་པ་ལས། བསིལ་ལྡན་ལྗོངས་ན་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་སྤེལ་བར་རྡོ་རྗེའི་ལུང་གིས་མངའ་གསོལ་བ། ཌོཾ་བྷི་ཧེ་རུ་ཀའི་རྣམ་འཕྲུལ་རྗེ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཏེ། རྗེ་འདི་ནི་ཡུལ་ལྷོ་བྲག་ཆུ་ཁྱེར་དུ་ཕྱི་ལོ་1012ལོར་སྐུ་བལྟམས། བླ་ཆེན་འབྲོག་མི་ལོ་ཙཱ་བ་སོགས་ལ་ལེགས་སྦྱར་གྱི་སྐད་མཁས་པར་སྦྱངས། མཐར་དངོས་པོ་ཐམས་ཅད་གསེར་དུ་བསྒྱུར་ནས་ལུས་དང་སྲོག་ལའང་ལྟོས་པ་མེད་པར་དཀའ་སྤྱད་སྙིང་རུས་དྲག་པོས་འཕགས་ཡུལ་དུ་ལན་གསུམ་དང་བལ་པོར་ལན་བཞི་ཕེབས་ཏེ། མཚན་ལྡན་གྱི་བླ་མ་བརྒྱ་རྩ་བརྒྱད། བཤད་སྲོལ་འཛིན་པ་ལྔ་བཅུ་ལས། སྣང་བ་འགྱུར་ངེས་བཅུ་གསུམ་སོགས་གདམས་པ་མང་དུ་གསན། ཁྱད་པར་དུ་རྗེ་འགྲན་གྱི་དོ་མེད་རྣམ་གཉིས་བསྟཻན་པ་ནི། གཙོ་བོ་པཎ་ཆེན་ནཱ་རོ་པ། དེ་འོག་རྒྱལ་སྲས་མཻ་ཏྲི་པ་པཎ་ཆེན་ནཱ་རོ་པ་ཁོ་ནའི་དྲུང་དུའང་སྔ་རྗེས་བསྡོམས་པས་ལོ་བཅུ་དྲུག་དང་ཟླ་བ་བདུན་དུ་བསྟེན་ནས་ཡང་ནས་ཡང་དུ་ཚོགས་ཀྱི་འཁོར་ལོ་དང༌། གསེར་གྱི་་སོགས་མཉེས་པ་དུ་མའི་སྒོ་ནས་ཚུལ་བཞིན་བསྟེན་པར་མཛད་ཏེ། དགྱེས་གསང་གཙོས་རྒྱུད་སྡེ་དུ་མའི་དབང་བཤད་གདམས་ངག་མཐའ་ཡས་པ་གསན་ཏེ་རྡོ་རྗེའི་མགུར་ལས། རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང༌། །བོད་ཡུལ་གྱི་མར་པ་ལོ་ཙཱ་གཉིས། །སྔོན་སྦྱང་སྨོན་ལམ་གཅིག་པའི་མཇལ། ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན། །ཞེས་འབྱུང་ཞིང། ཁྱད་པར་བྱོན་ཐེངས་རྗེས་མར་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་ཟིན་ཡང༌། གསོལ་བ་བཏབ་པས་བྱང་ཕུ་ལ་ཧ་རི་དགོན་པར་མངོན་སུམ་དུ་མཇལ། ཟླ་བ་བདུན་བཞུགས་ནས་བདེ་མཆོག་ཡབ་ཡུམ་གྱི་སྙན་བརྒྱུད་སྐོར་རྫོགས་པར་གནང༌། གཞན་ཡང་རི་མེ་ལྟར་འབར་བའི་དུར་ཁྲོད་དུ། དཔལ་ཤྭ་བ་རིས་རྗེས་བཟུང་བ་ྋརྒྱལ་བ་མཻ་ཏྲི་པ་ལས་རྟོགས་པ་གླུ་བླང་གི་རྒྱུད་དང༌། ཕྱག་རྒྱ་ཆེན་པོའི་གདམས་པ་རྣམས། ལྷན་ཅིག་སྐྱེས་པའི་དབང་དོན་གྱི་རྟོགས་པ་ཁྱད་པར་འཁྲུངས། མཁས་པ་ཡེ་ཤེས་སྙིང་པོ་ལས་ཕ་རྒྱུད་གསང་བ་འདུས་པ། ལྷོ་དུག་མཚོ་ཁོལ་མའི་གླིང་དུ་དཔལ་ཞི་བ་བཟང་པོ་ལས་མ་རྒྱུད་མ་རྭ་ལ་ཡ། སོ་ས་གླིང་གི་དུར་ཁྲོད་དུ་ཌ་ཀི་མ་མི་རུས་རྒྱན་ཅན་ལས་རྡོ་རྗེ་གདན་བཞིའི་སྐོར་ཏེ། ཁྱད་པར་གྱི་བཀའ་བབ་བཞིའི་གདམས་བཅུད་བཞེས་ནས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར། ནཱ་རོ་དང་མཻ་ཏྲི་པས་བྱང་ཕྱོགས་ཁ་བ་ཅན་འདུལ་བའི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང༌། ལུང་བསྟན་པ་བཞིན་བོད་དུ་ཕེབས་ནས་སློབ་བརྒྱུད་ཇེ་བཟང་དུ་འགྲོ་ཞིང༌། ཆོས་བརྒྱུད་ཆུ་བོའི་རྒྱུན་ལྟར་རིང་བར་ལུང་བསྟན་པ་བཞིན། བདེ་དགྱེས་གསང་གསུམ་གཙོས་རྒྱུད་སྡེ་རྒྱ་མཚོའི་བཤད་སྒྲུབ་ཀྱི་སྒོ་འཕར་ཡངས་པོར་ཕྱེས། གསང་སྔགས་གསར་མའི་འགྱུར་འགོ་ནི། ཡོངས་སུ་གྲགས་པ་ལོ་ཆེན་རིན་ཆེན་བཟང་པོ་དང་དུས་མཚུངས་པར་འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་བདག་མར་པ་ཆོས་ཀྱི་བློ་གྲོས་ཡིན་ལ། ན་རོ་དང་མཻ་ཏྲི་གཉིས་ཀྱིས་བོད་དུ་གདུལ་བྱ་སྣོད་ལྡན་ཡོད་ཅེས་ལུང་བསྟན་ཇི་ལྟ་བར། བོད་དུ་སྒྲུབ་བརྒྱུད་ཀྱི་བསྟན་པ་ནམ་ལངས་ལ་ཉི་མ་ཤར་ལྟར་མཛད་ཅིང༌། གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཆེན་པོ་ལ་སོགས་པ་བཀའ་བསྟན་བཅོས་མང་དུ་བསྒྱུར་ནས་སྐལ་ལྡན་སྐྱེས་བུ་རྣམས་ཀྱི་རྒྱུད་སྨིན་གྲོལ་དུ་མཛད། དགུང་གྲངས་བརྒྱད་ཅུ་རྩ་བཞིའི་བར་བཞུགས་པས་ངེས་དོན་སྙིང་པོའི་བསྟན་པ་འདི་ཐོག་མར་དབུ་བརྙེས་པ་ཡིན་ནོ། ། གཉིས་པ་ལ་གཉིས། བཤད་བརྒྱུད་དང༌། སྒྲུབ་བརྒྱུད་དོ། །དང་པོ་ནི། རྗེ་ལྷོ་བྲག་པས་གསང་བ་བསམ་གྱིས་མི་ཁྱབ་པའི་བསྟོད་པར་སོགས་གསང་ཆེན་ཆོས་ཀྱི་གཏེར་ཕྱེས་པ་དང༌། ཐུགས་ཀྱི་སྲས་བཞི་དབུ་ཆེའི་གཤེས་གཉེན་བཞི་སོགས་གདམས་ངག་འཛིན་པ་མང་དུ་བྱོན་པའི་གཙོ་བོ་ནི། བུ་སློབ་ཀ་ཆེན་བཞི་ཞེས་པ་ཤར་གྱི་ཀ་ཆེན་དོལ་གྱི་མཚུར་སྟོན་དབང་ངེ་ནུས་མཐུས་ཐུགས་ཟིན། ལྷོའི་ཀ་ཆེན་གཞུང་གི་རྔོག་སྟོན་ཆོས་རྡོར་ཤེས་རབ་ཀྱིས་ཐུགས་ཟིན། ནུབ་ཀྱི་ཀ་ཆེན་གཙང་རོང་གི་མེས་སྟོན་ཚོན་པོ་ཞབས་ཏོག་གིས་ཐུགས་ཟིན། བྱང་གི་ཀ་ཆེན་གུང་ཐང་གི་མི་ལ་རས་པ་མོས་གུས་ཀྱིས་ཐུགས་ཟིན། རྗེ་མར་པ་ལ་མཁས་གྲུབ་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་ལས། གཙོ་བོ་ཀ་ཆེན་བཞིར་གྲགས་པའི་ནང་ནས་གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ་ལ། དགྱེས་རྡོར་རྡོ་རྗེ་གུར། མ་ཧཱ་མཱ་ཡཱ། གདན་བཞི་རྩ་བཤད་འགྲེལ་བ་མན་ངག་དང་བཅས་པ་གནང༌། གཙང་རོང་གི་མེས་སྟོན་ཚོན་པོ་ལ་བདེ་དགྱེས་གསང་གསུམ་མ་ཧཱ་མཱ་ཡཱ། སངས་རྒྱས་ཐོད་པ་མན་ངག་དང་བཅས་པ་གནང༌། དོལ་གྱི་མཚུར་སྟོན་དབང་ངེ་ལ་གསང་བ་འདུས་པ་ལུགས་གསུམ། རྩ་རྒྱུད་སྒྲོན་གསལ་བཅས་གནང་སྟེ། འདི་གསུམ་ལ་བཤད་རྒྱུན་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་བཀའ་བབས་ཏེ། དགྱེས་རྡོར་གསང་འདུས་སོགས་རྗེ་མར་པའི་རྒྱུད་བཤད་ཀྱི་བཀའ་སྲོལ་མེས་རྔོག་མཚུར་གསུམ་ལས་བྱོན་པའི་རྒྱུན་ད་ལྟའང་མ་ཉམས་པར་གནས་བཞྀན་པའོ། །རྔོག་ཆོས་སྐུ་རྡོ་རྗེ་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཤིང། རྔོག་སྟོན་བདུན་བརྒྱུད་མཁྱེན་བརྩེ་ནུས་པའི་གཏེར་མཛོད་ཤ་སྟག་བྱོན་པའི་སློབ་ཆེན་བཞི་སོགས་ལས་བརྒྱུད་པའི་རྒྱུན་ཀར་འབྲུག་དང༌། རྔོག་རིན་ཆེན་དཔལ་ལས་ཚར་ཆེན་གྱིས་གསན་པའི་རྒྱུན་བཅས་བྱུང༌། ཞང་སྟོན་བསོད་ནམས་མཁར་སོགས་སློབ་ཚོགས་མང་པོ་བྱོན། མཚུར་སྟོན་གྱི་སློབ་མ་འཁོན་གད་པ་ཀིརྟི། ཁམས་པ་རོ་ཉམས་རྡོ་རྗེ་སོགས་ལས་བརྒྱུད། ས་སྐྱ་བླ་མ་དམ་པ། རྒྱལ་བ་ཙོང་ཁ་པ་ཆེན་པོ་སོགས་ཀྱིས་གསན་པའི་རྒྱུན་ས་དགེའི་ཕྱོགས་ལ་དར་རྒྱས་སུ་གྱུར་ཏོ། །ཀ་ཆེན་བཞི་པ་གུང་ཐང་གི་མི་ལ་བཞད་པ་རྡོ་རྗེ་ལ་སྒྲུབ་བརྒྱུད་ཀྱི་བཀའ་བབས་ཏེ། རྗེ་འདི་ཡི་རྣམ་པ་ཐར་པ་ནི་ཀུན་ལ་ཡོངས་སུ་གྲགས་མོད། འོན་ཏེ་ཆེ་བའི་ཡོན་ཏན་ལས་བརྩམས་པའི་ས་བོན་ཙམ་ཞིག་གླེང་བར་འདོད་དེ། གུང་ཐང་གི་མི་ལ་རས་པ་ནི། སྔོན་བླ་མ་ནཱ་རོ་པས་མར་པ་ལ་ལུང་བསྟན་ཅིང༌། མི་ལའི་བཞེད་པ་མར་པས་ཞུས་པས་ནཱ་རོ་ཐུགས་དགྱེས་ཤིང་བོད་ཕྱོགས་སུའང་རྒྱང་ཕྱག་མཛད་པ་སོགས་མར་པའི་བུ་ཆེན་ཀུན་གྱི་མཆོག་གོ།། འདིའི་རིགས་ནི་ཁྱུང་པོ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་1040ལོར་མང་ཡུལ་གུང་ཐང་གི་བྱེ་བྲག་སྐྱ་རྔ་རྩ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས་ཏེ་ཐོས་པ་དགའ་ཞེས་མཚན་གསོལ། ཆུང་ངུའི་དུས་སྐབས་ཡབ་སྐུ་གཤེགས་པའི་མོད་ལ་ནོར་ལོངས་སྤྱོད་ཐམས་ཅད། ཨ་ཁུ་དང་ཨ་ནེས་མི་བདག་བདག་ཏུ་བཟུང༌། བདག་པོ་སྒོ་ཕྱིར་འདོན་ཞེས་པའི་དཔེ་ལྟར་བྱས་ཏེ། ཁོང་མ་སྨད་སྡུག་སྣ་དགུ་བཏང་བས་ཡུམ་གྱི་མ་བཟོད་ནས་དབུས་སུ་བྱོན༌། བླ་མ་གཡུང་སྟོན་དང་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལས་མཐུ་དང་སེར་བའི་མངོན་སྤྱོད་ཀྱི་མན་ངག་བསླབ་ཅིང༌། ལས་སྦྱར་བས་ཡུལ་གྱི་དགྲ་བོ་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་མཛད། མཐར་དེའི་སྡིག་པ་ལ་ཤིན་ཏུ་འགྱོད་པ་དང་བཅས། ཆོས་གཤའ་མ་ཞིག་སྒྲུབ་རྒྱུར་ཐུགས་ལ་བརྣག་པའི་ཚེ། བླ་མ་རོང་སྟོན་ལྷ་དགས་ལུང་བསྟན་པ་བཞིན། རྗེ་སྒྲ་སྒྱུར་གྱི་མར་པ་ལོ་ཙཱའི་ཞབས་ལ་གཏུགས་ཤིང། ཐོག་མར་སྡིག་སྦྱོང་ཚར་གཅོད་ཀྱི་ཐབས་ཚུལ་ལ་བརྟེན་ནས་སྲས་མཁར་དགུ་ཐོག་མར་གྲགས་པ་གྲོགས་སུ་ཡང་མེད་པར་མི་ལ་ཁོ་ནར་བརྩེག་ཏུ་བཅུག དེ་དག་ཕལ་ཆེར་ཕྱེད་ཙམ་མམ། ལ་ལ་ཟིན་ལ་ཉེ་བའི་ཚེ་བཟོ་དབྱིབས་ཟླུམ་པོ་དང༌། ཟླ་གམ་གྲུ་གསུམ་དང༌། གྲུ་བཞི། རྒྱུ་མཚན་ཕྲ་མོ་རེ་ལ་བསྙད་པའི་ཚུལ་གྱིས་རྨང་ནས་གཤེགས་ཏེ། སྡུག་བསྔལ་ཇི་ཙམ་མྱོང་ཡང་བླ་མ་ལ་ལོག་ལྟ་སྐད་ཅིག་ཀྱང་མ་སྐྱེས་པར་ཅི་གསུངས་པའི་བཀའ་ལ་མི་འགལ་བའི་དམ་བཅའ་དང༌། ཞེ་བཅད་དྲག་པོས་དཀའ་བ་དཔག་ཏུ་མེད་པ་སྤྱད་པའི་མཐར་བླ་མ་རབ་ཏུ་མཉེས་ཏེ། ཐོག་མར་སོ་ཐར་དགེ་བསྙེན་གྱི་སྡོམ་པ་གནང༌། མནལ་ལྟས་ལ་ནཱ་རོའི་ལུང་བསྟན་ལྟར་མཚན་ལ་མི་ལ་རྡོ་རྗེ་རྒྱལ་མཚན་དུ་གསོལ། ནང་པར་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བཞེངས་ཏེ་དབང་བསྐུར། དེའི་ཚེ་རྟེན་དང་བརྟེན་པའི་ལྷ་ཚོགས་ཐམས་ཅད་ནམ་མཁར་ཕྲ་ལམ་མེར་བཞུགས་པར་ཕྱག་མཛུབ་བཏད་དེ་དངོས་སུ་མཐོང་ཞིང། བླ་མ་དང་དཀྱིལ་འཁོར་གྱི་མགྲིན་གཅིག་ཏུ་གསང་མཚན་དཔལ་བཞད་པ་རྡོ་རྗེ་བཏགས་ཏེ། རྒྱུད་ཀྱི་ལུང་མན་ངག་ཕྱག་ལེན་དང་བཅས་པ་གནང་སྟེ། ལྷོ་བྲག་སྟག་ཉའི་བྲག་ལ་བུག་སྒོ་འདག་སྦྱར་གྱི་ཟླ་བ་གཅིག་གི་རིང་ཉིན་མཚན་མེད་པར་སྒོམ་པའི་མཐར། ཉམས་རྟོགས་ཇི་ལྟར་འཁྲུངས་པ་རྣམས་བླ་མར་ཞུས་པས་བླ་མ་ཐུགས་ཤིན་ཏུ་མཉེས་ཏེ། རིམ་པར་དབང་དང་གདམས་ངག་ཡོངས་སུ་རྫོགས་པ་དང༌། ཁྱད་པར་གཞན་ལ་མ་གྲགས་པའི་མཁའ་འགྲོའི་སྙན་བརྒྱུད་ཀྱི་གདམས་ངག་ཐམས་ཅད་ལྷག་ཆད་མེད་པར་བུམ་པ་གང་བྱོའི་ཚུལ་དུ་གནང། དེ་ལྟར་བླ་མའི་མདུན་ནས་གདམས་ངག་གི་སྒྲོ་འདོགས་མ་ལུས་པ་ཆོད་ནས་ཇི་ཞིག་ན་མནལ་ལམ་གྱི་བརྡས་བསྐུལ་བ་ལྟར་བླ་མའི་སྐུ་མདུན་ནས་གནང་བ་ཐོབ་སྟེ། རྗེ་བཙུན་ཉིད་ཀྱི་འཁྲུངས་ཡུལ་དུ་ཕེབས་ཙ་ན། མནལ་ལམ་གྱི་མཚན་ལྟས་ལྟར་ཡུམ་གཤེགས་ནས་ལོ་མང་སོང་ཐལ། སྲིང་མོ་སྤྲང་དུ་འཁྱར། ཞིང་ཁང་ཐམས་ཅད་འཇག་སྐྱ་ཕྱུར་བ་སོགས། ཤིན་ཏུ་སྐྱོ་བའི་སྣང་ཚུལ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བའི་དམ་བཅའ་དེ་ལྟར་མཛད་དེ། ང་རང་བྲག་དཀར་རྟ་སོ་ཤི་མ་ཤི་ཉིན་མཚན་མེད་པར་སྒྲུབ་པར་བྱེད་དགོས་ཞེས། མགུར་ལས་ཀྱང༌། ང་ཤི་བ་མི་ཡིས་མ་ཚོར་བ་ཤིང། །རོ་རུལ་བྱ་ཡིས་མ་མཐོང་བར། །རི་འཁྲོད་དེ་རུ་འཆི་ཤི་ནུས་ན། །ང་རྣལ་འབྱོར་བསམ་པ་རྫོགས་པ་ཡིན། ཞེས་སོགས་དམ་བཅའ་དང་སྨོན་ལམ་ཡང་ཡང་མཛད་དོ། །བྲག་དཀར་རྟ་སོ་དང། གཞན་ཡང་བླ་མའི་ལུང་བསྟན་པའི་གནས་ལ་ཕྱི་དང་ཏི་སེ་སོགས་དབེན་པའི་རི་ལ་འཚོ་བ་ཟ་ཚོད་ཙམ་དང༌། ཕལ་པོ་ཆེར་ཏིང་འཛིན་ལ་བརྟེན་ཏེ་དཀའ་སྤྱད་དང་སྙིང་རུས་དྲག་པོས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས། སྐུ་ཚེ་དེ་ཉིད་ལ་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད། དེ་ཡང་ཕྱི་དངོས་པོའི་ཆོས་ཐམས་ཅད་ནང་རིག་པའི་སེམས་སུ་མཁྱེན་ལ། སེམས་གདོད་ནས་འོད་གསལ་སྐྱེ་མེད་སྟོང་པར་ཁོ་ཐག་ཆོད་ཅིང༌། དེ་འགག་མེད་དུ་ཤར་བའི་རང་རྩལ་སྐུ་གསུམ་འབྲལ་མེད་མངོན་སུམ་དུ་གཟིགས་པའི་དོན་གྱི་པ་ཏ་ཆེན་པོར་གྱུར་ཏེ། གསུང་རབ་མདོ་སྡེ་བཅུ་གཉིས་དང་རྒྱུད་སྡེ་བཞིའི་དགོངས་དོན་མཐའ་དག་རྡོ་རྗེའི་མགུར་གླུ་ལེན་པ་ལ་ཐོགས་པ་མི་མངའ་བ། བཀོད་པ་ལུས་ཀྱི་རྫུ་འཕྲུལ་ཡ་མ་ཟུང་དུ་མས་ལོག་ལྟ་ཅན་རྣམས་སུན་དབྱུང་ནས། ཡང་དག་པའི་ལྟ་སྒོམ་སྤྱོད་འབྲས་ལ་འགོད་པར་ཆོས་བརྒྱད་ཀྱི་འདོར་ལེན་དང། གང་ཟག་གི་ངོས་འཛིན་ཐམས་ཅད་བྲལ་བ་སོགས། མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མ་ལུས་པ་མཐར་ཕྱིན་པ་མངའ་བས། ཐ་ན་དུད་འགྲོ་ལའང་ཁྲིད་བཏབ་སྟེ་སྨིན་གྲོལ་ལ་འགོད་པར་མཛད་པས་མཚོན། མི་དང་འགྲོ་བ་ཚད་ལས་འདས་པ་ལ་རང་རང་གི་བློ་དང་འཚམ་པའི་ཆོས། དཔེ་འཇིག་རྟེན་གྱི་སྣང་བ་དང་བསྟུན་ཞིང༌། དོན་ྋརྒྱལ་བའི་དགོངས་པ་དང་སྦྱར་ཏེ། ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་བ་མཛད་པས། འཇིག་རྟེན་ཁམས་སུ་ཐུབ་པའི་རིང་ལུགས་སྤྱི་དང༌། ཁྱད་པར་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་སོགས། ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་ཏེ། དགུང་གྲངས་གྱ་བཞིར་ངོ་མཚར་བསམ་གྱིས་མི་ཁྱབ་པ་དང་བཅས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ག་ལ་བ་དེར་བཞུད་དོ།། གཉིས་པ་རས་ཆུང་རྡོ་རྗཻ་གྲགས་པའི་སྙན་བརྒྱུད་ཀྱི་གདམས་པའི་མཛོད་སྐོར་ཅུང་ཟད་ཙམ་གླེང་བ་ནི། དེ་ཡང་རྗེ་བཙུན་མི་ལ་རས་པ་ལ་བླ་མ་དང༌། ཡི་དམ་མཁའ་འགྲོའི་ལུང་བསྟན་པ་ལྟར་གྱི་བུ་སློབ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང༌། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་སོགས་ཐུགས་ཀྱི་སྲས་བརྒྱད་དང༌། ཉེ་བའི་སྲས་བཅུ་གསུམ། ས་ལམ་མཐར་ཕྱིན་པའི་རྣལ་འབྱོར་ཕོ་མོ་ཉེར་ལྔ། རྟོགས་ལྡན་ཕྱིར་མི་ལྡོག་པ་བརྒྱ་རྩ་སོགས། ས་ཆེན་པོའི་རྡུལ་དང་མཉམ་པ་ཞིག་བྱོན་པ་ལས། རས་ཆུང་རྡོ་རྗེ་གྲགས་པས་རྗེ་བཙུན་གྱི་མདུན་དབང་དང་གདམས་ངག་མ་ལུས་པ་ཞུས་ཏེ་སྒོམ་པ་ན། གཏུམ་མོའི་བདེ་དྲོད་ལ་ནང་བྱན་ཆུད་པས་རས་ཆེན་དང་རས་ཆུང་ཞེས་ཡབ་དང་མཚུངས་པར་གྱུར། བླ་མའི་ལུང་བསྟན་པ་བཞིན་རྒྱ་གར་དུ་བྱོན་ནས་ནཱ་རོ་དང་མཻ་ཏྲི་པ་གཉིས་ཀྱི་དངོས་སློབ་གྲུབ་ཆེན་ཏི་བུ་བའི་མདུན་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཕྱི་མ་རྣམས་ཞུས། མ་གཅིག་གྲུབ་པའི་རྒྱལ་མོ་ལས་ཚེ་དཔག་མེད་དང༌། རྟ་མགྲིན་ལ་སོགས་པའི་སྒྲུབ་སྐོར་ཇི་སྙེད་ཅིག་ཐོབ། སྐུ་ཚེ་ཞག་བདུན་ལས་མེད་པ་དེ་བརྒྱད་ཅུ་རྩ་བརྒྱད་དུ་བརྟན་པའི་དངོས་གྲུབ་བརྙེས་ཏེ་བོད་དུ་ཕེབས། ཐོག་མར་བླ་མ་རྗེ་བཙུན་ལ་ཚེ་རིང་བའི་རྟེན་འབྲེལ་དུ་ཚེ་དཔག་མེད་དབང་ཆོས་སྐྱེས་སུ་ཕུལ། ཟབ་ཆོས་འདི་ནི་ད་ལྟའང་གངས་ཅན་གྲུབ་མཐའ་ཕལ་མོ་ཆེས་གདམས་པའི་གཙིགས་སུ་འཛིན། སྙན་བརྒྱུད་ཀྱི་གདམས་པའི་མཛོད་ནི་གཙོ་བོ་རྒྱལ་བ་ཁྱུང་ཚང་པ་ལ་གཏད། དེ་ལས་རིམ་པས་བརྒྱུད་དེ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བཀའ་སྲོལ་རྒྱ་ཆེར་གཏོད། བླ་མ་ཟངས་རི་རས་པ་ལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱལ་བ་མཚོའི་ཟབ་ཆོས་སོགས་གནང༌། དེས་འགྲོ་མགོན་རས་ཆེན་ལ་གནང་སྟེ་རིམ་པར་ཀརྨ་ཀམ་ཚང་ལ་བབས་པའོ། དེ་ལྟར་རས་ཆུང་རྡོ་རྗེ་གྲགས་པ་དེ་ཉིད་ཡུན་རིང་པོའི་བར་དུ་བསྟན་འགྲོའི་དོན་མཛད་ཅིང། ཁྱད་པར་དུ་གྲུབ་བརྙེས་ཀྱི་སློབ་ཚོགས་མཐའ་ཡས་པར་བསྐྲུན་ཏེ་མཐར་སྐུ་ལུས་མ་སྤངས་པར་ལྕང་ལོ་ཅན་དུ་གཤེགས་སོ། ། གཉིས་པ། བཀའ་བརྒྱུད་ཀུན་གྱི་གཙུག་རྒྱན་རྗེ་སྒམ་པོ་པ་མཚན་ཡོངས་སུ་གྲགས་པ། སྔོན་གྱི་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས། ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུ། མ་འོངས་རྒྱལ་བ་དྲི་མ་མེད་པར་སངས་རྒྱས་པར་ལུང་བསྟན་ཞིང། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ཏིང་ངེ་འཛིན་སར་བསྐོས་པ་ཞིག་སྟེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་ན་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་སྐྱེས་པ། ལྷག་པའི་བསམ་པ་སྐྱེས་པ། ཐེག་པ་ཆེན་པོར་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་རྟེན་པ་ཞིག་འབྱུང་བར་འགྱུར་རོ།། ཞེས་སོགས་མདོ་མང་པོ་དང༌། རྗེ་མར་པས། རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་གཅིག་འོང་བ་ཡིན། །ཞེས་རྡོ་རྗེའི་ལུང་བསྟན་པ་བཞིན། རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་སྟེ་ས་བཅུ་སྤོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྗེ་དེ་ཉིད་རྙི་བའི་གདུང་ལས་རབ་བྱུང་དང་པོའི་ས་མོ་ལུག་ཕྱི་ལོ་ ༡༠༧༩ ལོར་སྐུ་འཁྲུངས། གཞོན་ནུའི་དུས་ནས་ྋརྒྱལ་སྲས་སེམས་དཔའི་ངང་ཚུལ་གསལ་བས། སྨན་པའི་རྒྱལ་པོའི་རྣམ་ཐར་བདག་གིར་བཞེས་ཏེ་འགྲོ་བ་དཔག་ཏུ་མེད་པའི་སྲོག་འཚོ་བར་བྱེད་པའི་དོན་མཛད། དགུང་གྲངས་ཉེར་དྲུག་གི་སྟེང་མང་ཡུལ་དགེ་བཤེས་བློ་ལྡན་ཤེས་རབ་ཀྱི་མདུན་ནས་བསྙེན་པར་རྫོགས་ཏེ། འདུལ་བའི་སྡེ་སྣོད་མཐའ་དག་གསན་བསམ་ཉམས་བཞེས་བསྐྱངས་པས། འདུལ་བ་འཛིན་པ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟ་བུར་གྱུར། དེ་ནས་རིམ་བཞིན་མདོ་སྔགས་ཀྱི་བཀའ་དང་དགོངས་འགྲེལ་ཡོངས་སུ་རྫོགས་པ་དང༌། ཁྱད་པར་དགེ་བཤེས་སྙུག་རུམ་པ་དང། ལྕགས་རི་བ། རྒྱ་ཡོན་བདག་སོགས་ལས་སྐྱེས་བུ་གསུམ་གྱི་ལམ་རིམ་སོགས་ཇོ་བོ་བཀའ་གདམས་པའི་མན་ངག་མཐའ་དག་གསན་བསམ་ཉམས་བཞེས་མཐིལ་ཕྱིན་པ་མཛད་དེ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་མཛད་པའི་བཀའ་གདམས་བསྟན་པའི་སྒྲོན་མེ་ཆེན་པོར་གྱུར། ཇི་ཞིག་ན་རྗེ་བཙུན་མི་ལ་རས་པའི་སྙན་པ་གསན་པ་དང༌། དེའི་མོད་ལ་རྗེ་བཙུན་གྱི་སྤྱན་སྔར་བྱོན། རྗེ་བཙུན་གྱིས་ཀྱང་རྗེས་འཛིན་གྱི་མཚན་ལ་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པའི་རྒྱན་ཞེས་ཐུགས་སྲས་ཀྱི་གཙོ་བོ་ཉིད་དུ་བཟུང་སྟེ་ཐབས་ལམ་གཏུམ་མོ་སོགས་ཆོས་དྲུག་དང༌། གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་མན་ངག་གི་བཀའ་ཐམས་ཅད་ལྷག་མ་མེད་པར་དགྱེས་བཞིན་བསྩལ་ཏེ་སྒོམ་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཐུག་པ་བརྙེས། བླ་མས་ལུང་བསྟན་པའི་གནས་སྒམ་པོ་དར་གྱི་རི་བོ་གདན་སར་བཟུང་སྟེ། སློབ་མ་ཐུན་མོང་བ་རྣམས་ལ་བཀའ་གདམས་ལམ་རིམ་དང༌། མདོ་ལུགས་ཏིང་ངེ་འཛིན་ལ་ཕྱག་ཆེན་གྱི་མིང་གིས་བརྒྱན་པ་དང༌། ཐུན་མིན་རྣམས་ལ་བླ་མ་མི་ལས་གནང་བའི་ཟབ་ལམ་དང་འབྲེལ་བའི་སྔགས་ཀྱི་ཕྱག་ཆེན་ཐུན་མོང་མ་ཡིན་པ་བསྟན་ནས། ཆོ་འཕྲུལ་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བས་ལས་ཅན་དགྲ་བཅོམ་པ་ལྔ་བརྒྱ་སོགས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་དུ་མཛད། བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་གདམས་ཟབ་ཐར་པ་རིན་པོ་ཆེའི་རྒྱན་དང༌། ལམ་མཆོག་རིན་ཆེན་ཕྲེང་བ་སོགས། གཞན་ཡང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང༌། ཚོགས་ཆོས་ཆེན་མོ་སོགས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་རྒྱལ་ཚབ་ཀྱི་ཚུལ་དུ་བཞག་སྟེ། དགུང་གྲངས་བདུན་ཅུ་རྩ་ལྔ་ཆུ་མོ་བྱ་ཕྱི་ལོ་༡༡༥༢ ལོར་ཆོས་ཀྱི་དབྱིངས་སུ་སྙོམས་པར་བཞག་གོ། དེ་ལྟར་ཆོས་ཀྱི་རྒྱལ་པོ་མཉམ་མེད་སྒམ་པོ་པའི་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་གདམས་ངག་ཚང་ལ་མ་ནོར་བ་ཉམས་སུ་ལེན་པའི་བཀའ་སྲོལ་ངེས་དོན་བསྟན་པའི་སྙིང་པོ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཅེས་པའི་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་སྲོལ་གཏོད་པར་མཛད་པ་འདི་ནི་བཀའ་བརྒྱུད་ཡོངས་ཀྱི་ཆུ་འགོ་ལྟ་བུར་གྱུར་པའོ། ། དེ་ཡང་ྋརྒྱལ་བ་རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པའམ་བཀའ་བབ་བཞིའི་གདམས་པ་ལ་འགྲོ་མགོན་བཀའ་བརྒྱུད་ཅེས་གྲགས་ཤིང༌། དེ་ལ་དབྱེ་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དང༌། གནས་ཟུར་གཉིས་བཅས་བཞུགས་པ་ལས། དང་པོ། དྭགས་པོ་རིན་པོ་ཆེ་ལ་སློབ་མའི་གཙོ་བོ་ཁམས་པ་མི་གསུམ་ཞེས་གྲགས་པ་ནི། གྲུབ་ཐོབ་དབུ་སེ་འམ་ཀརྨ་པ་དུས་གསུམ་མཁྱེན་པ། ཕག་གྲུ་རྡོ་རྗེ་རྒྱལ་པོ། གསལ་སྟོང་ཤྭ་སྒོམ་གསུམ་ཡིན་ཞིང། གསལ་སྟོང་ཤྭ་སྒོམ་རྟོགས་པ་ནམ་མཁའ་དང་མཉམ་པར་བྱུང་ཡང༌། སློབ་མ་ཆེར་མ་བསྐྱངས་པས་ཆོས་བརྒྱུད་ཟུར་དུ་མེད། ཀརྨ་པ་དུས་གསུམ་མཁྱེན་པ་ལས་ཀམ་ཚང་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། འབའ་རོམ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། དྭགས་པོ་རིན་པོ་ཆེའི་སྐུ་མཆེད་ཆུང་བ་དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་བཅས་བྱུང་བ་ལ་བཀའ་བརྒྱུད་ཆེ་བཞི་ཞེས་གྲགས་པའོ། རྒྱལ་མཆོག་ཀརྨ་པ་དུས་གསུམ་མཁྱེན་པ་ནི་ཕྱི་ལོ་ ༡༡༡༠ མདོ་ཁམས་ཏྲེ་ཤོད་དུ་སྐུུ་བལྟམས། དབུས་གཙང་ཁམས་གསུམ་ན་བཞུགས་པའི་རིས་མེད་ཀྱི་བཤེན་གཉེན་དུ་མའི་ཐུགས་རྒྱུད་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་གདམས་ངག་རྒྱ་མཚོ་ལྟ་བུར་གསན་བསམ་མཐར་ཕྱིན་པར་མཛད་དེ། དམ་ཆོས་ཀྱི་གཏེར་མཛོད་གཅིག་པུར་གྱུར། རྗེ་བཙུན་རས་ཆུང་པ་སོགས་པའི་དངོས་སློབ་བདུན་ཙམ་དང༌། ཁྱད་པར་དུ་རྗེ་སྒམ་པོ་པ་ཐུན་མིན་གྱི་རིགས་བདག་ཏུ་བསྟེན་ནས་ཡོངས་སུ་གྲགས་པའི་ལྷ་དང་མཁའ་འགྲོ་བྱེ་བའི་ཐུགས་བཅུད་དུ་གྱུར་པའི་གདམས་པ་ཟབ་འདྲིལ་མ་ལུས་ཚང་རྫོགས་སུ་བཞེས་པས་དཔལ་གསང་བའི་བདག་པོ་གཉིས་པར་གྱུར། མཉམ་མེད་དྭགས་པོའི་དགོངས་དོན་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འཁོར་ནས་ཚེགས་མེད་པར་གནས་ལུགས་ཀྱི་རང་ངོ་འཕྲོད། བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀམ་པོ་གངས་རར་གྱིས་འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པར་འགྱུར་ཞེས་རྡོ་རྗེའི་ལུང་གིས་དབྱུགས་དབྱུང་མཛད། གདུལ་བྱ་མཐོང་ཐོས་དྲན་རིག་ཐམས་ཅད་ཀྱི་ཐར་པའི་ས་བོན་ཡོངས་སུ་ཟིན་པར་མཛད། ལྷག་པར་ཡེ་ཤེས་མཁའ་འགྲོ་ཌ་ཀི་མ་རྣམས་ཀྱིས་དབུ་ཞྭ་ནག་པོ་གསེར་མདོངས་ཅན་ཐོད་དུ་བཅིངས་པ་གཟིགས་ནས། གྲོལ་བ་བཞི་ལྡན་གྱི་དབུ་ཞྭ་དེ་ལྟ་བུ་བཞེངས་པས་ཞྭ་ནག་པར་གྲགས་པའི་ཨུལ་ཐོག་མར་ཕྱེས། གདན་ས་བཞི་ཕྱག་བཏབ་པ་ནི། ཀམ་པོ་གངས་ཀྱི་ར་བ་དང༌། སྤང་ཕུག་དགོན། འོག་མིན་ཀར་མའི་རིན་ཆེན་གླིང༌། སྟོད་ལུང་མཚུར་ཕུ་སྟེ་བཞི་ལས། ཐོག་མའི་དགོན་གནས་ཀམ་པོ་གངས་ར་ནི་ཕྱི་ལོ་ ༡༡༦༤ ལོར་ཕྱག་བཏབ། གདན་ས་གཉིས་པ་སྤང་ཕུག་དགོན་ནི་ཕྱི་ལོ་ ༡༡༦༩ ལོར་ཕྱག་བཏབ། འོག་མིན་ཀར་མའི་རིན་ཆེན་གླིང་ནི་ཕྱི་ལོ་ ༡༡༨༥ ལོར་ཕྱག་བཏབ། དཔལ་གྱི་སྟོད་ལུང་མཚུར་ཕུ་ནི་ཕྱི་ལོ་ ༡༡༧༩ ལོར་ཕྱག་བཏབ། དེ་རྣམས་སུ་བསྟན་པ་ཕྱོགས་ཅུར་སྤེལ་བའི་མཁས་གྲུབ་ཀྱི་སློབ་མ་ཡང་སློབ་དང་བཅས་པ་ནམ་མཁའི་སྐར་ཚོགས་ལ་ཅོ་འདྲི་བ་ལྟ་བུ་ཞིག་བྱོན་པ་ལས། གཙོ་བོ་ནི་ྋརྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་ནས་ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེའི་བར་བླ་སློབ་ཡབ་སྲས་ཀྱི་ཚུལ་དུ་འབྲེལ་བ་ྋརྒྱལ་བ་གར་གྱི་དབང་ཕྱུག་ཞྭ་དམར་ཅོད་པན་འཛིན་པ་རིམ་བྱོན། བྱམས་མགོན་ཏཱ་ཡི་སི་ཏུ་སྐུ་ཕྲེང་རིམ་བྱོན། གོ་ཤྲིྭ་རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན། དེ་བཞིན་དཔའ་བོ་དང་ཏྲེ་བོ། ཕྱིས་སུ་བཀའ་གཏེར་ལུང་གི་ཟིན་པའི་འཇམ་མགོན་བློ་གྲོས་མཐའ་ཡས་སྐུ་ཕྲེང་རིམ་བྱོན་སོགས། སར་གནས་སྐྱེས་ཆེན་སྤྲུལ་པའི་ཚང་ཆེན་པོ་བརྡོལ་ཅིང། དེ་ལས་ཁྱད་པར་དུ་ཀུན་མཁྱེན་སི་ཏུ་དྷརྨ་ཀ་རས་མདོ་ཁམས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་ཆོས་གྲྭ་ཆེན་པོ་བཙུགས། དེ་ནི་ཕྱིས་སུ་རྒྱལ་བསྟན་སྤྱི་ལ་སྨིན་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ཤིག་དང༌། ལྷག་པར་ཀརྨ་བཀའ་བརྒྱུད་ཀྱི་མདོ་སྔགས་བཤད་སྒྲུབ་ཆུ་བརྒྱའི་མགོ་བོ་ལྟ་བུར་གྱུར་པའོ། གཞན་ཡང་རྗེ་ལྔ་པ་དེ་བཞིན་གཤེགས་པའི་ཐུགས་སྲས་རྨ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན་ལ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་བབས། དེའི་སྤྲུལ་བརྒྱུད་ཀྱིས་ཆོས་བརྒྱུད་གདན་ས་རིམ་པར་འཛིན་པ་ཟུར་མང་བཀའ་བརྒྱུད་དང༌། རྗེ་བཅུ་པ་ཆོས་དབྱངས་རྡོ་རྗེ་དང༌། གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་གྲུབ་བརྙེས་ཀརྨ་ཆགས་མེད་ཞབས་ཀྱི་བཀའ་སྲོལ་འཛིན་པ་གནས་མདོ་བཀའ་བརྒྱུད། རྩ་བ་ཡན་ལག་དང་བཅས་པའི་སྒྲུབ་བརྒྱུད་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འདམ་བུས་མཚོན་པའི་ཡུལ་གྲུ་ཕལ་མོ་ཆེར་རྟག་ཁྱབ་ལྷུན་གྲུབ་ཀྱི་ཚུལ་དུ་གནས་བཞིན་པའོ། ། གཉིས་པ། ཕག་གྲུ་བཀའ་བརྒྱུད་ནི། རྗེ་དྭགས་པོ་རིན་ཆེའི་སློབ་མའི་གཙོ་བོ་སངས་རྒྱས་འཁོར་བ་འཇིག་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་བརྒྱུད་དེ། དེ་ཡང་རྗེ་དེ་ཉིད་ཕྱི་ལོ་ ༡༡༡༠ མདོ་ཁམས་འབྲི་ཀླུང་རྨེ་ཤོད་དུ་འཁྲུངས། བྱིས་པའི་དུས་སྐབས་ནས་ཀྱང་སྔོན་གནས་རྗེས་དྲན་དང༌། ཡི་གེ་འབྲི་ཀློག་དང༌། ལྷ་བྲིས་སོགས་སུས་ཀྱང་མ་བསྟན་པར་མཁྱེན་པ་སོགས་ཡོན་ཏན་ཚད་མེད་པར་མངའ། དགུང་གྲངས་དགུར་མཁན་པོ་བྱ་འདུལ་འཛིན་ཚུལ་ཁྲིམས་འབར་ལས་རབ་ཏུ་བྱུང་སྟེ་མཚན་རྡོ་རྗེ་རྒྱལ་པོར་གསོལ། ཁམས་སུ་བླ་མ་བཅུ་དྲུག་ཙམ་བསྟེན་ཏེ་མདོ་སྔགས་ཀུན་ལ་མངོན་པར་མངའ། དགུང་གྲངས་ཉེར་གཉིས་པར་དབུས་སུ་བྱོན་ཏེ་སྟོད་ལུང་རྒྱ་དམར་བ་སོགས་བསྟེན་ནས་བཀའ་གདམས་ཀྱི་ཆོས་སྐོར་མ་ལུས་པ་ཉམས་སུ་བཞེས། དགུང་གྲངས་ཉེར་ལྔར་ཟུལ་ཕུར་བྱ་འདུལ་འཛིན་གྱི་མཁན་པོ་དང༌། དགེ་བཤེས་རྒྱ་དམར་གྱིས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། དམར་ཆོས་ཀྱི་རྒྱལ་མཚན་དང་བླ་མ་རྒྭ་ལོ་སོགས་ལས་བདེ་མཆོག་དང་སྦྱོར་དྲུག་གཙོས་གསང་སྔགས་ཀྱི་ཆོས་སྐོར་མཐའ་དག་དང༌། དགུང་གྲངས་ཞེ་གཅིག་པར་མཉམ་མེད་དྭགས་པོ་ལྷ་རྗེའི་སྤྱན་སྔར་བྱོན། དེའི་ཚེ་ཆོས་ཀྱི་གསུང་གླེང་མང་དུ་མཛད་པའི་མཐར། རྗེ་སྒམ་པོ་པའི་གདམས་ངག་ལ་བརྟེན་ཏེ་སྔར་གྱི་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་དེ་ཧྲུལ་གྱིས་ཞིག་ནས་ཤེས་པའི་ངོ་བོ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ཡེར་བྱུང་བ་ན། འོ་མཐོང་ལམ་བྱ་བ་དེ་འདི་འདྲ་བ་ཞིག་ཡོང་བ་ཡིན་གསུངས། དེ་ལས་ལྷག་པ་ཞིག་བསྟན་དུ་མེད་ཀྱང་ཁོ་བོ་རང་གི་ལུགས་བྱའོ་གསུངས་ནས། ལྷན་ཅིག་སྐྱེས་སྦྱོར་སོགས་ཀྱི་གདམས་པ་དང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ། རྗེ་འདི་ཉིད་ཀྱི་དྲུང་ན་ལོ་གསུམ་དུ་བཞུགས། དེ་ཡང་རྗེ་སྒམ་པོ་པ་སྐུ་གཤེགས་ཁར། ང་དང་དགེ་བཤེས་ཁམས་པ་ལ་ཁྱད་རྟ་རྔ་ཙམ་མེད་པས། ཐམས་ཅད་ཀྱིས་བཀུར་དགོས་གསུངས་ཏེ་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནས་རིམ་བཞིན་སློབ་མ་མང་དུ་འདུས་པ་ལ། རྗེ་སྒམ་པོ་པའི་ལུགས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱིས་བསྐྱངས་ཏེ་འདུལ་བ་གཙོ་བོར་མཛད། ཕྱི་ལོ་1158ལོར་དཔལ་ལྡན་ཕག་མོ་གྲུའི་ཀུན་བཟང་ནགས་ཁྲོད་དུ་གདན་ས་བཏབ་སྟེ། དགེ་འདུན་ཁྲི་བཅོ་བརྒྱད་དང་གདུགས་ཐོག་བླ་མ་ལྔ་བརྒྱ་སོགས་སྐལ་ལྡན་གྱི་སྐྱེས་བུ་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་ཏེ་སྨིན་ཅིང་གྲོལ་བར་མཛད། དེར་ལོ་བཅུ་གསུམ་དུ་བཞུགས་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཕྱོགསམཐར་སྤེལ་བའི་ཕྲིན་ལས་བསྐྱངས་པ་དང། ཡུལ་གཞན་དུའང་སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་ཅིག་ཅར་དུ་བསྟན་ཏེ་ཆོས་འཕྲུལ་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཨོ་རྒྱན་གྱི་གནས་སུ་བྱོན་ནས་མཁའ་འགྲོ་མ་རྣམས་ལས་རྒྱུད་སྡེ་དཔག་ཏུ་མེད་པ་གསན་ཏེ་ཡི་གེར་བཏབ་པ་སོགས་ངོ་མཚར་གྱི་རྣམ་ཐར་ཟད་མི་ཤེས་པ་བསྐྱངས་ཏེ། ཕྱི་ལོ་1170ལོར་སྤྲུལ་པའི་སྐུ་བསྡུས་པའི་ཚུལ་བསྟན་ཏོ། འགྲོ་མགོན་སྐུ་གཤེགས་རྗེས་རྗེ་འབྲི་གུང་པ་ཆེན་པོས་རེ་ཞིག་གདན་ས་བསྐྱངས། དེ་རྗེས་རླངས་ལྷ་གཟིགས་ཀྱི་གདུང་ལས་འཁྲུངས་པའི་སྤྱན་སྔ་གྲགས་པ་འབྱུང་གནས་སོགས་སྐྱེས་ཆེན་རིམ་པར་བྱོན་པ་རྣམས་ཀྱིས་གདན་ས་བསྐྱངས་ཏེ་གྲུབ་པའི་སྐྱེས་མཆོག་སའི་རྡུལ་དང་མཉམ་པ་ཞིག་བྱོན། ལྷག་པར་ཏྭའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཀྱི་རྗེ་བོར་མཛད་ཅིང༌། དེ་ནི་ཆོས་སྲིད་ཀྱི་མཁྱེན་རབ་ཤིན་ཏུ་ཆེ་ལ་མཁས་བཙུན་བཟང་པོའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས། རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཐམས་ཅད་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བླ་ན་མེད་པར་བསྐྱངས་སོ། གསུམ་པ། འབའ་རོམ་བཀའ་བརྒྱུད་ནི། མཉམ་མེད་དྭགས་པོའི་སློབ་མ་གྲུབ་པའི་དབང་ཕྱུག་འབའ་རོམ་དར་མ་དབང་ཕྱུག་ལས་རིམ་པར་བརྒྱུད་པ་སྟེ། རྗེ་འདི་ནི་ཕྱི་ལོ་1127དབུས་འཕན་པོ་ལྷུན་གྲུབ་རྫོང་མཁར་རྩི་རུས་མདའ་ཁར་འཁྲུངས། ཐོག་མའི་དགོན་གནས་ད་ལྟའི་བོད་ལྗོངས་ནག་ཆུ་རྫོང་གསང་གཞུང་ཀོ་ལོད་ཡུལ་ཚོ་བསམ་གཏན་གངས་བཟང་ཞོལ་ཡིན། ཕྱི་ལོ་1161ལོར་ཕྱག་བཏབ། འདི་ལ་སློབ་མ་མང་དུ་བྱོན་པའི་བརྒྱུད་འཛིན་གཙོ་བོ་ནི། འགྲོ་མགོན་ཏི་ཤྲཱི་རས་ཆེན་ཡིན་ཞིང༌། འདིའི་དུས་སུ་ཁམས་ནང་ཆེན་སྒོམ་སྡེ་རི་ཁག་བཅོ་བརྒྱད་སོགས་བྱུང་བས་ཕྲིན་ལས་དར་རྒྱས་སུ་གྱུར་ཏེ། ད་ལྟའང་གདམས་པའི་རྒྱུན་ཇི་སྙེད་ཅིག་བཞུགས་བཞིན་པའོ།། བཞི་པ། ཚལ་པ་བཀའ་བརྒྱུད་ནི། ཞང་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་པ་ལས་བྱུང་སྟེ། དེ་ནི་རབ་བྱུང་གཉིས་པའི་ཆུ་མོ་ཡོས་ཕྱི་ལོ་1123ལོར་སྐྱིད་ཤོད་ཚ་བ་གྲུར་སྐུ་འཁྲུངས། ཆུང་ངུའི་སྐབས་ནས་ཀྱང་མདོ་སྔགས་ཆོས་ཚུལ་དཔག་ཏུ་མེད་པར་གསན་བསམ་མཛད། བླ་མ་དཔལ་རྒ་ལོ་ལས་གསང་སྔགས་ཀྱི་སྨིན་གྲོལ་མཐའ་ཡས་པ་ཞིག་གསན་ཏེ། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ། དགུང་ལོ་སོ་གསུམ་པར་རྗེ་དྭགས་པོ་ལྷ་རྗེའི་དབོན་པོ་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོ་མཇལ་ཏེ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ཐོབ་སྟེ་བསྒོམས་པས། དོན་དམ་བྱང་ཆུབ་སེམས་ཀྱི་རྟོགས་པ་མངོན་དུ་གྱུར། རྗེ་འདི་ཉིད་ཀྱི་ཐོག་མའི་དགོན་གནས་ཚལ་ཡང་དགོན་ནི་ད་ལྟའི་ལྷ་ས་གྲོང་ཁྱེར་ཀུ་རུ་ཟམ་པ་ནས་ཤར་ངོས་སུ་སྤྱི་ལེ་དྲུག་གི་མཚམས་ཚལ་གུང་ཐང་གྲོང་དབུས་སུ་གནས། ཕྱི་ལོ་1175ལོར་ཕྱག་བཏབ། གུང་ཐང་གཙུག་ལག་ཁང་ནི་ཕྱི་ལོ་1187ལོར་ཕྱག་བཏབ། དེར་བོད་ཀྱི་མཆོད་པ་བཞི་ཡི་ཡ་གྱལ་གུང་ཐང་མེ་ཏོག་མཆོད་པ་ཞེས་གྲགས་པ་བྱུང། དེའི་ཆོས་བརྒྱུད་ལ་ཚལ་པ་བཀའ་བརྒྱུད་ཅེས་གྲགས་ཤིང༌། བར་སྐབས་སུ་ཆོས་སྲིད་ཕྲིན་ལས་ཀྱི་མངའ་ཐང་ཤིན་ཏུ་རྒྱས་ནའང༌། དེང་སང་མན་ངག་འགའ་ཞིག་ལས་དངོས་སུ་བརྒྱུད་འཛིན་ནི་མི་སྣང་ངོ༌། བཀའ་བརྒྱུད་ཆུང་བརྒྱད་ཀྱི་བཀའ་སྲོལ་བྱོན་ཚུལ་ནི། རྗེ་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་གདུགས་ཐོག་ལྔ་བརྒྱ་བྱུང་བའི་གཙོ་བོ་རྣམས་ཀྱིས་ཟུར་དུ་གདན་ས་བསྐྱངས་ཤིང༌། སོ་སོར་གདམས་ངག་གི་བཀའ་བབ་ཁྱད་པར་ལས་བཀའ་བརྒྱུད་ཆུང་བརྒྱད་དམ་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་སྟེ། འབྲི་སྟག་གཉིས། ཁྲོ་གླིང་གཉིས། སྨར་ཡེལ་གཉིས། གཡའ་ཤུག་གཉིས་ཏེ་བརྒྱད་ལས། དང་པོ་མཉམ་མེད་འབྲི་གུང་བཀའ་བརྒྱུད་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྤྲུལ་པ། རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལས་བརྒྱུད་དེ། དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་སྲཽལ་འབྱེད་པོ་ྋསྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ནི་ཕྱི་ལོ་1143ལོར་བོད་ཡུལ་ཁ་བ་ཅན་གྱི་ལྗོངས་མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྔུལ་རྫ་ཟལ་མོ་སྒང་གི་སའི་ཆར་ཙར་སྟོད་གཡོན་ལུང་གི་གྲོང་འཁྱེར་ཙུ་ངུ་ཞེས་ཡོངས་སུ་གྲགས་པ་དེར་རིགས་ནི་བོད་མིའུ་དྲུག་འབྲུ་རྒྱལ་སྐྱུ་རའི་གདུང་ལས་སྐུ་བལྟམས། ཆུང་ངུ་ནས་དམ་པའི་རིགས་སད་པས། དགེ་བའི་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྩོལ་མེད་དུ་ཐུགས་རྒྱུད་ལ་འཁྲུངས། མདོ་རྒྱུད་ལས་གསུངས་པའི་ལས་ཚོགས་མང་པོ་གྲུབ་ཅིང༌། ཆོས་མཁས་པ་དང། ནད་སེལ་བ་དང༌། མཐུ་ཆེ་བ་སོགས་ཀྱི་གྲགས་པ་ཐོབ། འོན་ཏེ་རྗེ་ཕག་གྲུའི་སྙན་པ་གསན་པས་ཐུགས་ཕྲོགས་ཏེ། རྗེ་ཕག་གྲུའི་ཞབས་ལ་བསྟཻན་ནས་རྟེན་དགེ་བསྙེན་ཡིན་པས་དགེ་བསྙེན་ར་ཐུལ་ཅན་དུ་གྲགས། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་པ་ལ་བརྟེན་ནས་རྟོགས་པ་ཁྱད་པར་བརྙེས། དགུང་ལོ་སོ་ལྔ་པར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང། གནང་བཀག་གི་མཚམས་ལས་མི་འདའ་བའི་སུམ་ལྡན་གྱི་རྡོ་རྗེ་འཛིན་པ་ཆེན་མོར་བཞུགས་ཏེ། ཕྱི་ལོ་1179ལོར་ཆོས་གྲྭ་ཆེན་པོ་འབྲི་གུང་གདན་ས་མཐིལ་ཕྱག་བཏབ་སྟེ། རིམ་བཞིན་བུ་སླཽབ་དཔག་ཏུ་མེད་པ་འདུས་ཤིང། དེ་ཡང་ཉིན་གཅིག་འདུས་པའི་ཚད་ཀྱང། གཉོས་ཀྱི་བུར་སྟོན་ལ་ཚོགས་པ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་འདུས་པ་སོགས། དེ་ལྟར་བསྟན་པའི་རྩ་བ་དགེ་འདུན་ཡིན་ཞིང༌། དེ་ཡང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པར་གཟིགས་ནས་རང་ཉིད་འདུལ་བའི་བཅའ་ཁྲིམས་ཕྲ་མོ་ཙམ་ལས་ཀྱང་མི་འགལ་བའི་བསྟན་རྩ་འདུལ་བའི་བཅས་པ་ཚུལ་བཞིན་སྐྱོང་བའི་རྣམ་ཐར་གཙང་མ་བདག་གིར་བཞེས། དེ་ལྟར་སངས་རྒྱས་ཀྱི་མཛད་པ་ཅན་ཆོས་རྗེ་འབྲི་གུང་པ་ཆེན་པོ་དེ་ཉིད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཏེ། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །དེ་ལ་བརྒྱུད་འཛིན་གྱི་བུ་སློབ་གཙོ་བོ་རྗེ་སྤྱན་སྔ་རིན་པོ་ཆེ་དང༌། སྤྱན་སྔ་ཤེས་རབ་འབྱུང་གནས། ཁྱད་པར་ཐུགས་སྲས་སྤྱན་ས྄ྔ་བ་གྲགས་པ་འབྱུང་གནས་ཀྱིས་གདན་ས་ལོ་གྲངས་དུ་མའི་བར་དུ་ལེགས་པར་བསྐྱངས། དེ་ཡང་རྗེ་འདིའི་དུས་སུ་འདུས་པ་ཁྲི་བཅོ་བརྒྱད་བྱུང་བ་དང༌། དབྱར་གནས་པའི་སྐབས་ཚུལ་ཤིང་བཞེས་མཁན་དགེ་སློང་འབུམ་རེ་བྱུང་བས། དུས་དེ་ཙམ་ན་ཆོས་སྡེ་འདི་ལས་དར་རྒྱས་ཆེ་བ་གངས་ཅན་གྱི་ལྗོངས་སུ་མ་བྱུང་སྟེ། དེ་ཡང་རི་ཐམས་ཅད་འབྲི་གུང་རི་པ། ཐང་ཐམས་ཅད་འབྲི་གུང་ཐང་པ་ཞེས་གྲགས་པའི་བ་དན་དཀར་པོ་ནོར་འཛིན་གྱི་ཁྱོན་ཀུན་ཏུ་ཆེས་ཆེར་གཡོས་པར་གྱུར། གཞན་ཡང་གདན་ས་མ་ལག་དང་བཅས་པའི་རང་ལུགས་ཆོས་དྲུག་དང་ཕྱག་ཆེན་ལྔ་ལྡན། དེ་བཞིན་རང་ལུགས་ཀྱི་བཀའ་སྲོལ་ཐུན་མོང་མ་ཡིན་པའི་མདོ་རྒྱུད་མན་ངག་དང་བཅས་པའི་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་དང་ཕྱག་བཞེས་མཐའ་དག་འཁྲུལ་མེད་ལེགས་པར་བཞུགས་པ་སོགས། མདོར་ན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་རོལ་ྋསྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་ྋསྐྱབས་མགོན་ཆུང་ཚང་རིན་པོ་ཆེ་རྣམ་གཉིས་སྐུ་ཕྲེང་རིམ་བྱོན་ད་ལྟའི་ྋསྐྱབས་མགོན་ཆེ་ཚང་རིན་པོ་ཆེ་གདན་རབས་སུམ་ཅུ་རྩ་བདུན་པ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་མཆོག་གིས་དབུས། སྐྱེས་མཆོག་རྣམས་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་རྨད་པོ་ཆེའི་ཉེར་ལེན་ལ་བརྟེན་མགོན་པོ་འབྲི་གུང་པ་ཆེན་པོའི་བཀའ་སྲོལ་དྲི་མ་མེད་པ་འདི་ཉིད་སྙིགས་མའི་དུས་འདིར་ཡང་འཛམ་གླིང་ཡངས་པའི་ཁྱོན་དུ་དར་རྒྱས་སུ་གནས་བཞིན་པའོ། ། གཉིས་པ་སྟག་ལུང་བཀའ་བརྒྱུད་ནི། མོས་གུས་མཐར་ཕྱིན་སྟག་ལུང་ཐང་པ་རིན་པོ་ཆེ་བཀྲ་ཤིས་དཔལ་ལས་བརྒྱུད་པ་སྟེ། དེ་ནི་མདོ་ཁམས་གངས་ཤོད་བོང་ར་སྟེང་དུ་ཕྱི་ལོ་1142ལོར་འཁྲུངས། རིམ་གྱིས་དགེ་བཤེས་བྲག་དགོན་པ་ལས་སྤྱོད་འཇུག་དང༌། བསླབ་བཏུས་སོགས་གསན་བསམ་རྒྱ་ཆེར་མཛད། དགུང་ལོ་བཅོ་བརྒྱད་པར་བླ་སྒང་པ་ཤེས་རབ་རྡོ་རྗེ་དང། ཚར་སྟོན་ལས་རབ་ཏུ་བྱུང་སྟེ་མཚན་བཀྲ་ཤིས་དཔལ་གསོལ། དགུང་གྲངས་ཉེར་བཞིའི་སྐབས་དབུས་སུ་བྱོན་ནས་འགྲོ་མགོན་ཕག་མོ་གྲུ་པ་དང་མཇལ། ལོ་དྲུག་ཏུ་བསྟེན་ཏེ་བླ་མས་ཆོས་གསུངས་པ་ཐམས་ཅད་ཡི་གེར་བཀོད་ཅིང༌། ཐུགས་ཀྱི་བཅུད་མ་ལུས་པ་ཕྱུང་སྟེ་ཉམས་བཞེས་མཛད་པས་ཕྱག་རྒྱ་ཆེན་པོ་སྒོམ་མེད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས། ཕྱི་ལོ་1180ལོར་རྗེ་འགྲོ་མགོན་ཕག་མོ་གྲུ་པས་ལུང་བསྟན་པ་ལྟར་གདན་ས་སྟག་ལུང་དགོན་ཕྱག་བཏབ་སྟེ། དེར་དགེ་འདུན་ཞལ་གྲངས་ལྔ་སྟོང་ཙམ་འདུས་པས། དཔལ་སྟག་ལུང་ཐང་པ་ཞེས་པའི་སྙན་པའི་གྲགས་པས་ས་སྟེང་དུ་ཁྱབ་པ་སོགས། ཕྲིན་ལས་ནམ་མཁའ་དང་མཉམ་པར་བསྐྱངས་ཏེ། མཐར་དགུང་གྲངས་རེ་དགུར་དགོངས་པ་ཆོས་དབྱིངས་སུ་ཐིམ་བའི་ཚུལ་བསྟན་ཏོ། །རྗེ་འདི་ཉིད་ཀྱི་རྗེས་སུ་དབོན་རིན་ཆེན་མགོན་པོ་སོགས་ཀྱིས་གདན་ས་རིམ་པར་བསྐྱངས་པས་སྔར་ལས་ཀྱང་ཆེས་ཆེར་དར་རྒྱས་སུ་གྱུར། ལྷག་པར་རྗེ་སྒམ་པོ་པའི་སྤྲུལ་པར་གྲགས་པ་སངས་རྒྱས་དབོན་པོ་གྲགས་པ་དཔལ་ཁམས་སུ་བྱོན་ནས་རི་བོ་ཆེའི་དགོན་པ་ཕྱག་བཏབ། ཆོས་སྐུ་ཨོ་རྒྱན་མགོན་པོས་འདུ་ཁང་ཆེན་མོ་ཁྲ་འཇིགས་མ་དེ་བཞེངས་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་ཤིན་ཏུ་མང་པོ་དང༌། ཁྱད་པར་དུའང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་གསུང་རབ་གསེར་བྲིས་དང་སྐྱ་བྲིས་ཀྱི་གླེགས་བམ་ཁྲི་ཕྲག་བརྒལ་བ་རི་བོ་ཆེའི་ཆོས་བརྩིགས་ཞེས་ཡོངས་སུ་གྲགས། བཤད་སྒྲུབ་ཀྱི་འདུས་སྡེའང་ཤིན་ཏུ་རྒྱ་ཆེ། དེ་ནས་བཟུང་སྟག་ལུང་ཡ་ཐང་མ་ཐང་ཞེས་གཉིས་སུ་གྱེས་ཏེ། མཁས་གྲུབ་ཀྱི་སྐྱེས་བུ་དཔག་ཏུ་མེད་པ་བྱོན། ལྷག་པར་དུས་ཕྱིས་སྟག་ལུང་ངག་དབང་གྲགས་པ་ཞེས་མཁས་པའི་སྙན་པས་དབུས་གཙང་གི་ཆེ་རྒུས་ཞབས་ལ་བཏུད་པ་དེ་ཉིད་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ། དེ་བཞིན་མཁས་པའི་དཔལ་མངའ་ཞབས་དྲུང་ངག་དབང་རྣམ་རྒྱལ་སོགས་སྐྱེས་ཆེན་རིམ་བྱོན་གྱིས་ལུགས་བཟང་འདི་ཉིད་བླ་ན་འདེགས་པའི་མཛད་པ་བསྐྱངས་སོ། ད་ལྟ་ནི་ཕྱོགས་འདིར་འཚཽ་ཞིང་བཞུགས་པའི་སྟག་ལུང་བསྟན་བདགྋསྐྱབས་རྗེ་མ་སྤྲུལ་རིན་པོ་ཆེ་མཆོག་དང་ྋསྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱིས་མདོ་སྔགས་ཀྱི་གཞུང་ལུགས་དང་རིག་གནས། ཕྱི་ནང་གི་སྐད་ཡིག ལྷག་དོན་རང་ལུགས་ཀྱི་རྒྱུད་པའི་མན་ངག་རིན་པོ་ཆེ་སོགས་ལ་གསན་བཞེས་རྒྱ་ཆེར་གནང་མུར་ཐོག སྟག་ལུང་བསྟན་དོན་ཐུགས་ཁུར་ཆེ་བཞེས་གནང་བཞིན་པའོ། ། གསུམ་པ་ཁྲོ་ཕུ་བཀའ་བརྒྱུད་ནི། འགྲོ་མགོན་རྒྱལ་ཚབ་ཁུ་དབོན་ལས་བྱུང་སྟེ། དེ་ཡང་རྒྱལ་ཚབ་རིན་ཆེན་མགོན་ནི། གཙང་སྟོད་ཤབ་ཀྱི་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ། ཕྱི་ལོ་1118ལོར་སྐུ་འཁྲུངས། འགྲོ་མགོན་ཕག་མོ་གྲུ་པ་སོགས་བླ་མ་བརྒྱད་ཅུ་རྩ་གཉིས་བསྟེན་ཏེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཐུག་པ་བརྙེས། ཕྱི་ལོ་1171ལོར་ཁྲོ་ཕུ་གདན་ས་ཕྱག་བཏབ། དགོན་གནས་ད་ལྟའི་བོད་ས་སྐྱ་རྫོང་དགེ་སྟེང་ཡུལ་ཚོར་ཡོད། དེར་དགེ་འདུན་མང་དུ་འདུས་ཤིང་དེའི་ཆོས་བརྒྱུད་དར་སྤེལ་བྱུང་བ་ལ་ཁྲོ་ཕུ་བཀའ་བརྒྱུད་ཅེས་གྲགས། བཞི་པ་གླིང་རས་བཀའ་བརྒྱུད་དམ། ད་ལྟ་ཡོངས་གྲགས་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་རིང་ལུགས་ནི། གྲུབ་ཆེན་གསང་ཕུ་བ་གླིང་ཆེན་རས་པ་པདྨ་རྡོ་རྗེ་ ༼1128–1188༽ ལས་རིམ་པར་བྱོན་པ་ཡིན་ཏེ། དེ་ནི་མྱང་སྟོད་རིག་པའི་འབྱུང་གནས་ཀྱི་གླང་པོ་སྣར་ཕྱི་ལོ་1128ལོར་འཁྲུངས། དེ་ནས་རིམ་བཞིན་བླ་མ་དུ་མ་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན་བསམ་མཛད། ཁྱད་པར་དུ་དགུང་གྲངས་སོ་བརྒྱད་སྐབས་འགྲོ་མགོན་ཕག་མོ་གྲུ་པར་མཇལ། གདམས་ངག་གསན་ཏེ་སྒོམ་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བླ་མ་ལ་རྟོགས་པ་ཕུལ་བས་བླ་མ་ཤིན་ཏུ་ཐུགས་དགྱེས་ཏེ། ཆུ་བོ་གངྒའི་ཚུན་ལ་རྟོགས་པ་མཐོ་བར་བསྔགས། ཕྱིས་སྣ་ཕུ་ཆོས་ལུང་དུ་གདན་ས་བཏབ། ཐོག་མའི་དགོན་གནས་ད་ལྟའི་ཆུ་ཤུལ་རྫོང་གནམ་ཕུའི་སྣེ་མོ་ཡུལ་ཚོ་གཞི་བདག་ཇོ་བོ་ལྷ་རྩེ་ཞེས་པའི་རི་ཞོལ་དུ་གནས། སྣ་ཕུ་ཆོས་ལུང་དུ་གདན་ས་མཛད་ནས་གཞན་དོན་དཔག་ཏུ་མེད་པ་བསྐྱངས་པས་གྲུབ་ཆེན་སྣ་ཕུ་བ་ཞེས་གྲགས་སོ། དེའི་ཐུགས་སྲས་གཙོ་བོ་དཔལ་ནཱ་རོ་པའི་རྣམ་སྤྲུལ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་༼1161—1211༽ནི། གཙང་མྱང་སྟོད་ཁུ་ལེའི་ཆར་ཕྱི་ལོ་1161ལོར་འཁྲུངས། དགུང་གྲངས་ཉེར་གཉིས་ཡན་ལ་སློབ་དཔོན་བརྒྱད་ཙམ་བསྟེན་ཏེ་མདོ་སྔགས་གཞུང་ལུགས་ལ་གསན་བསམ་མཛད། དེ་རྗེས་གྲུབ་ཆེན་གླིང་རས་པ་དང་མཇལ་ཏེ་གདམས་ངག་ལ་བརྟེན་ནས་རྟོགས་པ་ནམ་མཁའ་དང་མཉམ་ཞིང༌། རས་ཆུང་པས་རོ་སྙོམ་སྐོར་དྲུག་གི་གདམས་ངག་ལྷོ་བྲག་ཏུ་སྦས་པ་གཏེར་ནས་བཞེས། རབ་བྱུང་གསུམ་པའི་མེ་གླང་ལོ། ཕྱི་ལོ་1205ལོར་རྗེ་གླིང་རས་པདྨ་རྡོ་རྗེས་ལུང་བསྟན་པ་བཞིན་དགོན་པ་འདེབས་པའི་ས་འཚོལ་དུ་ཕེབས་ཏེ་ཆོས་རྗེ་དཔོན་སློབ་རྩེ་བོ་ལར་ཕེབས་དུས་ད་ལྟའི་གནམ་འབྲུག་ཡོད་སར་རྒྱ་གར་གྱི་གྲུབ་ཆེན་དགུའི་རྣམ་སྤྲུལ་འབྲུག་མ་བུ་དགུ་ནམ་མཁར་འཕུར་བ་དང༌། འབྲུག་སྒྲ་དྲག་པོ་ལན་གསུམ་བསྒྲགས་པ་རྟེན་འབྲེལ་དུ་གཟིགས་ཏེ། འབྲུག་སྒྲས་གར་ཁྱབ་ཏུ་ངའི་བསྟན་པས་ཁྱབ་པར་འདུག་ཅེས་གསུངས། དེར་གདན་ས་འདེབས་པའི་རྟེན་འབྲེལ་མཛད། དགོན་པའི་མིང་ཡང་འབྲུག་ཏུ་བཏགས། རྡོ་རྗེ་ཕག་མོས་དཔལ་ལྡན་འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་ལུང་བསྟན། དེ་ནས་བཟུང་ཆོས་དང་གང་ཟག་ཐམས་ཅད་ལ་འབྲུག་པ་ཟེར་བ་དང༌། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ཡང་སྲིད་རིམ་བྱོན་ལ་ྋརྒྱལ་དབང་འབྲུག་པ་ཞེས་འབོད་པ་ཡིན། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སློབ་མ་ལོ་རས་པ་གྲགས་པ་དབང་ཕྱུག་གི་སློབ་མ་རྩ་རི་རས་ཆེན་ལས་བརྒྱུད་པ་ལ་སྨད་འབྲུག་ས་ཡི་དྲེགས་པ། རྒོད་ཚང་པ་མགོན་པོ་རྡོ་རྗེ་བརྒྱུད་པ་དང་བཅས་པ་ལ་སྟོད་འབྲུག་གནམ་གྱི་སྐར་མ། སྤ་རི་བ་ཡེ་ཤེས་མགོན་པོ་ལས་བརྒྱུད་པ་ལ་བར་འབྲུག་དང༌། དབེན་ཆེན་རས་པ་ནས་བརྒྱུད་པ་ལ་གདན་ས་བརྒྱུད་པར་གྲགས་ཤིང༌། ྋརྒྱལ་དབང་འབྲུག་པ་སྐུ་ཕྲེང་བཞི་པ་ཀུན་མཁྱེན་པདྨ་དཀར་པོའི་ ༼1527-1692༽ རྣམ་སྤྲུལ་ྋརྒྱལ་དབང་དཔག་བསམ་དབང་པོ་ནས་བཟུང་ྋརྒྱལ་དབང་འབྲུག་པ་སྐྱེ་ཕྲེང་རིམ་བྱོན་ད་ལྟ་བསྟན་འགྲོའི་དཔལ་མགོན་མངོན་པར་བཞུགས་བཞིན་པ་ྋརྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་གཉིས་པ་མཆོག་ནས་བསྟན་པ་སྒོ་ཀུན་ཆེས་ཆེར་གསལ་བར་བྱེད་པའི་བདག་ཉིད་ཅན་ཤ་སྟག་བྱོན། གཞན་ཡང་ཀུན་མཁྱེན་པདྨ་དཀར་པོའི་ཞལ་སློབ་རྗེ་ལྷ་རྩེ་བ་ངག་དབང་བཟང་པོར་ ༼1546—1615༽ སྟག་ཚང་རས་པ་ངག་དབང་རྒྱ་མཚོ་ ༼1573-1651༽ དང༌། མདོ་ཁམས་པ་ཀརྨ་བསྟན་འཕེལ་ལམ་ངག་དབང་བསྟན་འཕེལ། རྒྱལ་ཁམས་པ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ་སོགས་སློབ་མ་སྒོམ་མེད་རྟོགས་པ་དགུ་དང༌། མཉམ་རྗེས་འདྲེས་པ་བཞི་བཅུ་ཞེ་ལྔ་བྱུང་ཞིང༌། སྟག་ཚང་རས་པ་ངག་དབང་རྒྱ་མཚོས་ལ་དྭགས་ཆོས་རྒྱལ་སཻངྒ་རྣམ་རྒྱལ་གྱི་དབུ་ལྷ་གནང་སྟེ་མཆོད་ཡོན་སྟག་སེང་ཁ་སྤྲོད་ཀྱིས་ལ་དྭགས་སྟོད་སྨད་བར་གསུམ་དུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་སྤེལ། རྗེ་ལྷ་རྩེ་བའི་ཞལ་སློབ་རྡོར་རྫོང་རིན་པོ་ཆེ་སྐུ་ཐོག་དང་པོ་རྒྱལ་ཁམས་པ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ་རོང་མིའི་ཡུལ་དུ་བཞུགས་ཤིང་དགོན་ཕྱག་བཏབ་པར་མཛད་ཅིང་སྒྲུབ་པའི་རྒྱལ་མཚན་བཙུགས། ཡང་མདོ་ཁམས་པ་ཀརྨ་བསྟན་འཕེལ་ལམ། ངག་དབང་བསྟན་འཕེལ་ ༼1569-1627༽ ནི་རྗེ་ལྷ་རྩེ་བ་ངག་དབང་བཟང་པོས་ལུང་བསྟན་པ་བཞིན་ཁམས་སུ་བྱོན། བཤད་བསྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་བསྐྱངས། སློབ་མ་གྲགས་ཅན་རྒྱ་མཚོ་རྣམ་གསུམ་མཚོན་བསམ་གྱིས་མི་ཁྱབ་པ་བྱུང་ཤིང༌། ཡང་ཀུན་མཁྱེན་པད་དཀར་གྱི་རྣམ་སྤྲུལ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ལྷོ་མོན་ཁ་བཞི་ཐུགས་རྗེ་དང་རྫུ་འཕྲུལ་གྱིས་དབང་དུ་བསྡུས་ཏེ། དཔལ་ལྡན་འབྲུག་པའི་རིང་ལུགས་དཀར་འབྱམས་སུ་མཛད་པ་ལ་ལྷོ་འབྲུག་ཏུ་གྲགས་པ་སྟེ། མདོར་ན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲད་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་བོད་ཀྱི་ཁ་དཔེར་གྲགས་པ་ལྟར། གྲུབ་བརྙེས་ཀྱི་སྐྱེས་རབས་རིམ་པར་བྱོན་ནས་ཕྱོགས་ཀྱི་གདུལ་བྱ་རྒྱ་མཚོ་སྨིན་པར་མཛད་པས། དོན་བརྒྱུད་བསྟན་པའི་ཉི་མ་ནུབ་མེད་རྟག་པར་གསལ་བཞིན་པའོ།། ལྔ་པ་སྨར་པ་བཀའ་རྒྱུད་ནི། སྨར་པ་གྲུབ་ཐོབ་ཤེས་རབ་སེངྒེ་ནི་ཕྱི་ལོ་1135 ལོར་མདོ་ཁམས་ཀྱི་ཤར་ཕྱོགས་འབྲི་ཀླུང་གི་ཆ་ལག་ཏུ་གཏོགས་པ་སྨར་ཁམས་རུ་ཤོད་དགེ་རྒྱལ་བྱེ་མའི་ཀླུང་དུ་འཁྲུངས། ཐོག་མའི་དགོན་གནས་སྨར་ཁམས་རུ་ཤོད་དུ་ཕྱི་ལོ་1167ལོར་འདམ་སྟེང་ཤོ་དགོན་ཕྱག་བཏབ། ཚོགས་པ་ཉིས་སྟོང་ལྷག་པར་འདུས། དེའི་སློབ་བརྒྱུད་ལས་ཡང་དགོན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་གདན་ས་འགའ་བཏབ། བར་ལམ་དར་རྒྱས་ཆེ་ཙམ་བྱུང་ཡོད། དྲུག་པ་ཡེལ་པ་བཀའ་བརྒྱུད་ནི། འགྲོ་མགོན་པ་ཡེ་ཤེས་བརྩེགས་ནི་ཕྱི་ལོ་ 1124ལོར་ཁམས་ནང་ཆེན་རྫོང་སྐྱོ་བྲག་ཡུལ་ཚོ་ཆམ་ཏི་གསེར་ཕུག་ཏུ་འཁྲུངས། གདན་ས་ཤར་ཡེལ་ཕུག ལྷོ་རྡོ་རྫོང། ནུབ་དགོན་ལུང༌། བྱང་རྟ་རྣ་སྟེ་བཞི་ལས། ཤར་ཡེལ་ཕུག་ནི་ད་ལྟའི་ནང་ཆེན་རྫོང་ལྕི་ཆུ་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ཉི་ཞོལ་དུ་ཡོད། དེར་དགེ་འདུན་ཁྲི་གཅིག་ལྷག་འདུས། སྒོམ་ཆེན་གྱིས་རི་གང་བ་དང་སྒོམ་ཕྲུག་གིས་ཐང་གང་ཞེས་ཟེར། གླིང་རྗེ་བློན་གྱིས་བླ་མར་བཀུུར་ཞིང་ཕ་ཟོག་མང་པོ་ཕུལ་བ་རྟ་རྣ་རུ་མཇལ་རྒྱུ་ཡོད། གྲུབ་པའི་སྤྱོད་པ་ལ་མངའ་བརྙེས། སློབ་མ་ཡང་མང་དུ་བྱུང༌། ད་ལྟ་ནི་དགོན་གནས་ཐམས་ཅད་ཀམ་ཚང་གིས་འཛིན་པར་མཛད་དོ། བདུན་པ་གཡའ་བཟང་བཀའ་བརྒྱུད་ནི། ཟ་ར་བ་སྐལ་ལྡན་ཡེ་ཤེས་སེངྒེ་ནི་ཡུལ་ལྷོ་ཁའི་མོན་མཁར་ཡུལ་དུ་འཁྲུངས། ཐོག་མའི་དགོན་གནས་བོད་ལྗོངས་ལྷོ་ཁ་སྣེ་གདོང་ཡར་སྟོད་གྲོང་གངས་རི་ཡར་ལྷ་ཤམ་པོའི་མདུན་ཕྱོགས་སུ་ཡོད། ཕྱི་ལོ་ 1206ལོར་ཆོས་རྗེ་སྨོན་ལམ་བླ་སློབ་གཉིས་པོས་གཡའ་བཟང་དགོན་ཕྱག་བཏབ་ཅིང་ཚོགས་པ་མང་དུ་བསྐྱངས། སློབ་མ་སྒོམ་ཆེན་བཞི་སོགས་རྣལ་འབྱོར་པའི་ཚོགས་དང༌། གཡའ་བཟང་སྡེ་སྲིད་དུ་གྲགས་པའི་སྟོབས་འབྱོར་ལྡན་པ་དག་ཀྱང་བྱུང་ངོ༌།། བརྒྱད་པ་ཤུག་གསེབ་བཀའ་བརྒྱུད་ནི། སྣེ་ཕུ་གྱེར་ཚུལ་ཁྲིམས་སེངྒེ་ནི་ཕྱི་ལོ་ 1144ལོར་ཡར་ཀླུང་དུ་འཁྲུངས། ཐོག་མའི་དགོན་གནས་བོད་ཆུ་ཤུལ་རྫོང་སྣེ་ཕུ་ཡུལ་ཚོའི་ཁོངས་གངས་རི་ཐོད་དཀར་གྱི་གཤམ་དེར་ཡོད། ཕྱི་ལོ་1181ལོར་ཤུག་གསེབ་དགོན་ཕྱག་བཏབ། དེར་སློབ་མ་མང་དུ་འདུས་པ་བྱུང་ནའང། ཕྱིས་འདིའི་ཆོས་རྒྱུན་བཞུགས་པ་མ་ཐོས། མདོར་ན་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་འདི་ཀུན་ལ། སྔོན་དུས་སུ་གྲུབ་པའི་སློབ་དཔོན་སོ་སོས་གདམས་པ་གང་ལ་རྩལ་དུ་བཏོན་ཅིང་བཤད་ནས། སློབ་མ་རྣམས་འཁྲིད་པར་མཛད་པའི་བཀའ་སྲོལ་ཁྱད་པར་བ་རེ་ཤིན་ཏུ་དར་རྒྱས་སུ་གྱུར། བར་སྐབས་ཤིག་ནས་དུས་དབང་གིས་བསྟན་པ་ལ་རིམ་གྱིས་འཕེལ་གྲིབ་ཅི་རིགས་ངེས་མེད་སྣ་ཚོགས་བྱུང་ན་འང༌། བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་གདམས་པའི་མན་ངག་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་ནི་ད་ལྟའི་བར་གྲ་མ་ཉམས་ཤིང་གྲུ་མ་ཆག་པར་གནས་པ་འདི་བཞིན་ལགས་སོ། ། བཀའ་བརྒྱུད་པའི་ཆེ་བ་སྤྱི་བཤད། སྤྱིར་བཀའ་བརྒྱུད་པའི་ཆེ་བ་མདོ་ཙམ་བརྗོད་ན། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས། མདོར་ན་ཉན་ཐོས་གྱི་ངེས་འབྱུང༌། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམ་པར་དག་པ་རྣམས་གཞིར་བཞག་པའི་སྟེང་དུ་བཀའ་བརྒྱུད་རིན་པོ་ཆེའི་ཁྱད་ཆོས། ཐོག་མར་མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་ཀྱི་གདམས་ངག སྒམ་པོ་བའི་ངོ་བོ་གད་དར། ཀརྨ་པའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག འབའ་རོམ་པའི་བསྲེ་འཕོ་གསེབ་ལམ། ཕག་གྲུའི་གསང་སྔགས། སྟག་ལུང་པའི་རྣམ་ཐར་སོ་དགུ། འབྲི་གུང་བའི་སྡོམ་གསུམ་སྣོད་གཅིག གཙང་པ་རྒྱ་རས་ཀྱི་རྟེན་འབྲེལ་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་རེ་རེ་ལའང་ཐམས་ཅད་ཚང་བ་ཡོད་མོད། །ཞེས་པ་ལྟར་ལ། གཞན་ཡང༌། གང་རྩལ་དུ་བཏོན་ནས་སློབ་མར་ཁྲིད་ཅིང་སྐྱོང་བ་མཛད་པའི་ཕྱིར། བཀའ་བརྒྱུད་པ་ཞེས་པ་སྒྲ་བསྒྱུར་མར་པ་ལོ་ཙཱ་ལ་བཀའ་བབས་སུ་མངའ་བའི་གདམས་པ་རྒྱ་མཚོའི་བརྒྱུད་འཛིན་ཡིན་པས་སམ་དྭགས་པོ་ལྷ་རྗེས་དང་པོར་ཇོ་བོ་རྗེ་ལས་བརྒྱུད་པའི་བཀའ་གདམས་ཀྱི་གདམས་ངག་གསན་ཞྀང༌། ཕྱིས་སུ་མར་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་རིན་པོ་ཆེ་ལ་བཞུགས་ཏེ། དེ་གཉིས་ཟུང་འབྲེལ་དུ་སྐྱོང་བས་ན་བཀའ་བརྒྱུད་དང༌། བཅོས་མའི་རྟོག་ཚོགས་ཀྱི་དྲི་མས་ཡེ་ནས་དག་པའི་སེམས་ཉིད་གཉུག་མའི་རང་ཞལ་དཀར་བའི་བརྡས་བཏགས་ནས། དེ་འཁྲུལ་བྲལ་དུ་ངོ་སྤྲོད་པའི་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ཡིན་ཞིང༌། མར་མི་སོགས་ལུགས་འདིའི་སྲོལ་འབྱེད་ཐོག་མ་རས་དཀར་ན་བཟའ་ཅན་རྣམས་ཀྱི་བརྒྱུད་པར་སོང་བས་བརྡ་དོན་གཉིས་ལ་བརྟེན་དཀར་བརྒྱུད་པར་བཞེད་པའང་ཡོད་ལ། རྟོགས་པའི་བསྟན་པ་སྒྲུབ་པས་འཛིན་པའི་གྲུབ་ཐོབ་བརྒྱུད་པ་མཚམས་མ་ཆད་པས་སྒྲུབ་བརྒྱུད་པར་ཡང་གྲགས་པའོ།། བཀའ་བརྒྱུད་པ་ནི། ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་གཉིས་ལས། དང་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པས་རྒྱ་གར་དུ་བྱོན་ཏེ་པཎ་ཆེན་ན་རོ་མཻ་ཏྲི་པ་དང༌། རྡོ་རྗེ་གདན་པ་ཆེན་པོ། ནི་གུ་མ་ལ་སོགས་མཁས་གྲུབ་མང་པོ་བསྟེན་ཏེ། བོད་དུ་བྱོན་ནས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ། བཞུགས་ཡུལ་གཙང་གི་ཤངས་ཡིན་པས་ཤངས་པ་བཀའ་བརྒྱུད་པར་གྲགས། ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་བརྒྱུད་པ་དབུས་གཙང་དང་མདོ་ཁམས་ཕྱོགས་སུ་དར་ཁྱབ་ཏུ་གྱུར་ཏེ། དེང་གི་སྐབས་སུའང་ཀམ་ཚང་ྋསྐྱབས་རྗེ་འཇམ་མགོན་རིན་པོ་ཆེའི་དགོན་པ་གཙོ་བོ་གྱུར་པའི་ཀམ་ཚང་དགོན་ཁག་ཕལ་མོ་ཆེའི་ནང་ནི་གུ་ཆོས་དྲུག་གཙོས་གདམས་ངག་རྣམས་རྒྱུན་མ་ཆད་པར་ཕྱག་ལེན་ཉམས་མེད་གནང་བཞིན་བཞུག་སོ།། མཐའ་བྲལ་ལྟ་བ་མཻ་ཏྲི་པ་ཡི་ལུགས། །རྣམ་དག་སྤྱོད་པ་བཀའ་གདམས་རིང་ལུགས་གཉིས། །ཟུང་འབྲེལ་ཕྱག་རྒྱ་ཆེན་པོའི་ལུགས་བཟང་འདི། །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག།