བཀབ་ནེ

ཡོང་ཁུངས་Wikipedia

འབྲུག་ལུ་སྤྱིར་བཏང་གོ་གནས་དང་འབྲེལ་བའི་བཀབ་ནེའི་ཐོབ་ལམ།

མངའ་བདག་རྒྱལ་པོའི་ན་བཟའ། ཚོས་གཞི་སེརཔོ། རྒྱ་ཚད་མཐོ་དྲུག་དང་ལག་གང། དཀྱུས་ཚད་མཐོ་ཉེར་གཅིག་རཔལ་མེད་པ། སྤྱི་ལོ་༡༦༥༡ ལུ་ཞབས་དྲུང་རིན་པོ་ཆེ་གིས་སྡེ་སྲིད་དང་པ་དབུ་མཛད་བསྟན་འཛིན་འབྲུག་རྒྱས་བསྐོས་ གནང་པའི་སྐབས་ན་བཟའ་སེརཔོ་མདུན་བཀལ་བདུན་ལྟབ་མཛད་གནང་ནུག དེ་ལས་ཚུར་སྡེ་སྲིད་རིམ་བྱོན་ཚུ་དང་། འདི་ལས་དཔེ་དྲངས་ཏེ་སྲིད་ཀྱི་བདག་པོ་རྒྱལཔོ་རིམ་བྱོན་ཚུ་གིས་ ཡང་ཉམས་ཆག་མེད་པར་ཕྱག་ལེན་གནང་སྟེ་ཡོདཔ་ཨིན། ཕྱག་ལྟག་གཡོན་ལུ་མདུན་བཀལ་སྤྱ་མཐོ་གང་ཙམ་གྱི་ཚད་ཁར་བལྟབ་མཚམས་སྙོམས་ཏང་ཏ་་ཆོས་ཀྱི་གླེགས་བམ་གྱི་སོ་ཅོག་འཐདཔ་སྦེ་བདུན་བལྟབ་དང་། དཔྱ་གསུམ་སྐུའི་ཕྱག་གཡོན་ཧོངས་ལས་སྐུ་རྒྱབ་ བསྐོར་ཏེ་ཕྱག་ཤེད་ཀྱི་ཐད་ཁ་ལས་དཀྱིས་ཏེ་བཞེསཔ་ཨིན།

ཀྲོང་གསར་དཔོན་སློབ་ཀྱི་ན་བཟའ། ཚོས་གཞི་ལུང་སེར།རྒྱ་ཚད་མཐོ་དྲུག་དང་ལག་གང།དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེད་པ། ཧེ་མ་སྤྱི་བླ་རྣམ་གསུམ་གྱི་ན་བཟའི་ཚོས་གཞི་འདི་སློབ་དཔོན་བཞིའི་སྒྲིག་གི་ན་བཟའ་དང་རིགས་འགྲེས་ཏེ་ཚོས་གཞི་ལི་ཝང་ཨིན་རུང།སྤྱི་བླའི་གོ་གནས་འདི་བརྒྱུད་འཛིན་གྱི་རྒྱལ་སྲས་ཀྱིས་མཛདཔ་ལས་སྤྱི་ ལོ་༡༩༧༡ ལུ་འབྲུག་རྒྱལ་གསུམ་པ་གིས་རྒྱས་སྲས་འཇིགས་མེད་སེང་གེ་དབང་ཕྱུག་ཀྲོང་གསར་དཔོན་ སློབ་ཀྱི་བདག་འགན་མངའ་གསོལ་གནངམ་ད་ན་བཟའི་ཚོསགཞི་སེརཔོ་ཡང་མེནམ་ལི་ཝང་ཡང་མེན་པའི་སེརཔོ་ངོ་མ་ལས་ལི་ཝང་གི་ཁ་ཙམ་དང་ལི་ཝང་ངོ་མ་ལས་སེར་ཁ་མཚམས་ཅིག་སྦེ་ལུང་སེར་མའི་ཚོས་ མདོག་བཟོ་གནང་ནུག དེ་ལས་ཚུར་དཔོན་སློབ་ཀྱི་ན་བཟའ་ལུང་སེར་མའི་ལམ་སྲོལ་དར་ཡོདཔ་ཨིན།

སྐུ་འཁོར་གྱི་ན་བཟའ། ཚོས་གཞི་ལི་ཝང་ཁ་གནག་སུ་ཅིག༼བཙོད་ཁམས༽རྒྱ་ཚད་མཐོ་དྲུག་དང་ལག་གང།དཀྱུས་ཚད་མཐོ་ ཉེར་གཅིག་རལཔ་མེད་པ། མི་དབང་རྒྱལ་སྲས་ཚུ་གི་ན་བཟའ་དེ་སྐུ་ན་ཆུང་ཀུའི་བསྒང་སྐུ་ཡོན་བཞེས་པའི་སྐབས་སུ་བཀབ་ནེ་ དཀརཔོ་དང་ཡང་ན་སྨན་རྩེ་བཀབ་ནེ་བཞེསཔ་ཨིན།སྨན་རྩེ་བཀབ་ནེ་འདི་ཕྱག་སྒརཔ་རྡིག་ཤོསམ་གིས་ བཞེསཔ་ལས་ཧེ་མ་རྒྱལ་སྲས་ཚུ་ཡབ་རྒྱལ་པོའི་སྒོ་ཁར་ཕྱག་སྒརཔ་དམངས་ཀྱི་འགུབ་བདག་སྦེ་ཕྱག་ འགན་བཞེསཔ་ལས་བརྟེན་ཏེ་ཨིན། རྒྱལ་པོའི་སྲས་ཚུ་དགུང་ལོ་༡༨བཞེས་ཞིནམ་ལས་གཞུང་གཡོག་ནང་ཕྱག་འགན་བཞེས་མི་ཚུ་ཕྱག་འགན་གྱི་གནས་རིམ་དང་བསྟུན་པའི་ན་བཟའ་བཞེསཔ་ཨིན་རུང་སྤྱིར་བཏང་རྒྱལ་སྲས་ཀྱི་ཁྱད་དབང་དང་ བསྟུནམ་ད་དམིགས་བསལ་སྐུ་འཁོར་གྱི་ན་བཟའ་ཚོས་གཞི་ལི་ཝང་ཁ་ནག་སུ་ཅིག འདི་ཡང་སྤྱི་ལོ་༢༠༠༧་སྤྱི་ཟླ་༨་པའི་སྤྱི་ཚེས་༢༧་ལུ་མི་དབང་མངའ་ཞབས་ལས་རྒྱལ་སྲས་དྲགོས་འཇིགས་རྒྱལ་ཨྱོན་དབང་ཕྱུག་ལུ་ན་བཟའ་བཙོད་ཁམས་གནང་མི་ལས་རིམ་བཟུང་སྟེ་དར་ཁྱབ་བྱུང་ཡོདཔ་ཨིན།

བློན་པོའི་ན་བཟའི་སྐོར། ཚོས་གཞི་ ལི་་ཝང་། རྒྱ་ཚད་ མཐོ་དྲུག་དང་ལག་གང་། དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེད་པ།    ཧེ་མ་དུས་རབས་༡༧་པའི་ནང་གྲྭ་ཚང་གི་སློབ་དཔོན་བཞིའི་ན་བཟའ་ལས་རྟ་དྲངས་ཏེ་མཛད་གནང་མི་སྤྱི་བླ་རྣམ་གསུམ་གྱི་ན་བཟའ་ལི་ཝང་འདི་སྤྱི་ལོ་༡༩༦༨ལུ་མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ལྷན་རྒྱས་གཞུང་ཚོགས་འགོ་དང་པ་བཙུགསཔ་ད་འབྲུག་གཞུང་གི་བློན་པོ་ལྷན་རྒྱས་ཚུ་གི་བཀབ་ནེ་སྦེ་གནང་ནུག ལྷན་རྒྱས་འོགམ། ཚོས་གཞི་ལུང་དམར། རྒྱ་ཚད་་མཐོ་ལྔ་དང་ལག་གང་། དཀྱུས་མཐོ་ཉེར་གཅིག་རལཔ་མེད་པ། ལྷན་རྒྱས་འོགམ་ཟེར་གཉིས་སྐལ་མའི་ལྟག་ལས་དང་བློན་པོའི་འོག་ལས་སྦེ་སྤྱི་ལོ་༡༩༦༩ ལུ་མི་དབང་ འབྲུག་རྒྱལ་གསུམ་པ་མཆོག་གིས་དོན་གྲུབ་ཕུན་ཚོགས་ཟེར་མི་འདི་ནང་སྲིད་བློན་པོ་འོགམ་དང་། སངས་རྒྱས་བསྟན་འཛིན་འདི་རྒྱལ་པོའི་གཟིམ་དཔོན་དང་། ཤིང་མཁར་བླམ་འདི་ཚོགས་དཔོན་སྦེ་བློན་པོ་འོགམ་གསུམ་བསྐོ་བཞག་མཛད་གནང་ནུག  བཀབ་ནེ་གི་ཚོས་གཞི་ཡང་བློན་པོ་དང་འདྲ་བ། བཞེས་ལུགས་གཉིས་སྐལམ་དང་འདྲ་བར་མཛད་གནང་ནུག བཞེས་ལུགས-མདུན་བཀལ་བལྟབ་མི་ཆོག་རྩེ་བཏོན་ཏེ་བལྟབ་མཚམས་ཕྱག་བལྟབ་གཡོན་པའི་གུ་བཀལ་ཏེ་བཀབ་ནི་དང་། བཀབ་ནེའི་སོ་འདི་གོ་གི་སོ་ཁ་ལས་མར་ལག་གང་ཙམ་མར་བཏང་ནི་དང་དཔའ་རྟགས་ཀྱི་རྩ་ཕྱི་ཁར་ཐོནམ་སྦེ་བཀབ་དགོ

དཔོན་གཉིས་སྐལ་མའི་ན་བཟའ། ཚོས་གཞི་དམརཔོ། རྒྱ་ཚད་མཐོ་ལྔ་དང་ལག་གང་། དཀྱུས་མཐོ་ཉེར་གཅིག་རལཔ་མེད་པ། གཉིས་སྐལམ་ཟེར་སླབ་དགོ་མི་འདི་ ཧེ་མ་འབད་བ་ཅིན་ཁོང་ཚུ་ཆིབས་ཞོན་པའི་དཔོན་ཁག་གི་སྐལཝ་ གཉིས་བརྩེགས་ཐོབ་ལམ་ཡོདཔ་ལས་བརྟེན་ཨིན་པས། བཞེས་ལུགས- ལྷན་རྒྱས་འོགམ་དང་འདྲ་རུང་བཀབ་ནེའི་སོ་འདི་གོ་གི་སོ་དང་འདྲན་འདྲ་བཏང་དགོཔ་ཨིན། ཧེ་མ་སྡེ་སྲིད་ཀྱི་དབུ་ཁྲིད་འོག་ལུ་ཡོད་པའི་གཞུང་ལྷན་རྒྱས་དགུའི་ནང་ལས་གོང་གཟིམ། གཞུང་མགྲོན་གཉེར། ཤར་ཝང་སྤར་གྱི་རྫོང་དཔོན་གསུམ་འདི་གཉིས་སྐལམ་གོང་མའི་གོ་གནས་ཨིནམ་ལས་བཀབ་ནེ་གི་ཚོས་གཞི་ཡང་བཙོད་ཁམས་བཞེས་སྲོལ་ཡོདཔ་དང་།གཞན་གསོལ་དཔོན། དར་དཔོན། གཟིམ་དཔོན་ནངམ།རྫོང་གཞི་གཞན་གྱི་རྫོང་དཔོན་ཚུ་གཉིས་སྐལམ་ཟེར་བཀབ་ནེ་གི་ཚོས་གཞི་དམརཔོ་བཞེས་སྲོལ་འདུག །འབྲུག་རྒྱལ་བཞི་པའི་སྐབས་ལས་ཞི་གཡོགཔ་EX3ཡན་ཆད་ཀྱི་བཀབ་ནེ་དམརཔོ་གནང་ནིའི་འོས་འབབ་ཚད་གཞིའི་གྲངས་སུ་ཚུདཔ་ཨིན་རུང་གཉིས་སྐལ་མའི་གོ་གནས་འདི་འབྲུག་རྒྱལ་པོའི་ཞབས་ལས་འོས་འབབ་གཟིགས་ཏེ་སོ་སོའི་ལཱ་ཤུལ་གྱི་གྲུབ་འབྲས། ཁྱད་འཕགས་ཀྱི་ཤེས་ཚད། ངལ་རངས་ཀྱི་ཐུགས་ གཏད། ལྕོགས་གྲུབ་ཀྱི་ངོས་འཛིན་དང་གཅིག་ཁར་འབྲུག་རྒྱལཔོ་མཆོག་གིས་དམིགས་བསལ་ཐུགས་ བརྩེའི་ཁྱད་དབང་གི་ཐོག་ལས་གནངམ་མ་གཏོགས་EX3ཡན་ཆད་ཀྱི་འགོ་དཔོན་ག་ར་ལུ་ཐོབ་ལམ་ མེདཔ་ཨིན།

ཆེད་བསྟོད་ཅན་གྱི་འཐུས་མི། ཚོས་གཞི་ཧོནམ། རྒྱ་ཚད་མཐོ་ལྔ་དང་ལག་གང་། དཀྱུས་མཐོ་ཉེར་གཅིག་རལཔ་མེད་པ། བཞེས་ལུགས་ གཉིས་སྐལམ་དང་འདྲ། འབུ་རས་ཧོནམ་འདི་འབྲུག་རྒྱལཔོ་རིམ་བྱོན་གྱིས་སྒྲིག་ཡངས་ཀྱི་སྐབས་སུ་བཞེས་སྲོལ་ཡོདཔ་ཨིན་རུང་སྤྱི་ལོ་༡༩༦༥ ལུ་མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་མི་སེར་གྱི་བཙག་འཐུ་ལས་གྲུབ་པའི་བློ་གྲོས་ཚོགས་སྡེའི་འཐུས་དཔོན་སྐུ་ཚབ་ཚུ་གི་བཀབ་ནེ་ལུ་སྲོལ་བཏོད་གནང་ནུག འདི་ལུ་རྟ་དྲངས་ཏེ་སྤྱི་ལོ་༢༠༠༨ ལས་དམངས་གཙོ་བོའི་གཞུང་འགོ་བཙུག་པའི་སྐབས་བཀབ་ནེ་ཧོནམ་འདི་མི་སེར་གྱི་འདེམས་ཁོངས་སོ་སོ་ལས་བཙག་འཐུ་སྒྲུབ་ཡོད་པའི་ཆེད་བསྟོད་ཅན་གྱི་འཐུས་མི་གི་བཀབ་ནེ་སྦེ་སྲོལ་བཙུག་གནང་ནུག འབུ་རས་ཧོནམ་འདི་གནམ་ཧོནམ་དང་རྒྱ་མཚོ་ཧོནམ་གི་དཔེ་ལས་རྟ་དྲངས་ཏེ་སྤྱི་ཚོགས་དང་མི་མང་གི་བརྡ་མཚོན་ལུ་ལག་ལེན་འཐབ་ཨིན།

དྲང་དཔོན་གྱི་བཀབ་ནེ། ཚོས་གཞི་ལྕང་ཁ་༼གཡུ་མདོག་ཅནམ༽   རྒྱ་ཚད་མཐོ་ལྔ་དང་ལག་གང་། དཀྱུས་མཐོ་ཉེར་གཅིག་རལཔ་མེད་པ། དྲང་ཁྲིམས་ལྷན་སྡེའི་ནང་ ཁྲིམས་ཀྱི་རང་དབང་སོ་སོར་ཡོད་པའི་ངོས་འཛིན་གྱི་དོན་ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་དགོངས་གྲོལ་དང་འཁྲིལ་ཏེ་སྤྱི་ལོ་༢༠༠༥ལས་དྲང་ཁྲིམས་ལས་གཡོག་བཅའ་ཁྲིམས་དང་བསྟུན་དྲང་དཔོན་ཚུ་གི་བཀབ་ནེ་གཡུ་མདོག་ཅནམ་བཞེས་སྲོལ་བྱུང་ནུག ད་རེས་རྩ་ཁྲིམས་ཅན་གྱི་གོ་གནས་འཆང་མི་མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་དང་ཆེ་མཐོའི་ཁྲིམས་འདུན་གྱི་དྲང་དཔོན་ཚུ་ཡང་བཀབ་ནེ་ལྕང་ཁ་འདི་བཞེསཔ་ཨིན། བཞེས་ལུགས་གཉིས་སྐལམ་དང་འདྲ།

རྫོང་བདག་གི་བཀབ་ནེ། ཚོས་གཞི་དམར་པོའི་བར་ལས་དཀརཔོ་ལག་གང་།རྒྱ་ཚད་མཐོ་ལྔ་དང་ལག་གང་།དཀྱུས་མཐོ་ཉེར་གཅིག་རལཔ་མེད་པ། རྫོང་ཁག་ནང་ལུ་གཞུང་གི་སྐུ་ཚབ་ངོ་མ་གཅིག་སྦེ་ཕྱག་འགན་འབག་མི་རྫོང་བདག་འདི་ཚུ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་དགོངས་གྲོལ་དང་འཁྲིལ་ཏེ་སྤྱི་ལོ་༢༠༠༦ལུ་བཀབ་ནེ་རལཔ་མེདཔ། དམརཔོའི་བར་ལས་དཀརཔོ་ལག་གང་རེ་འབད་མི་བཟོ་གནང་ནུགབཞེས་ལུགས་གཉིས་སྐལམ་དང་འདྲ།

རྫོང་རབ་ཀྱི་བཀབ་ནེའི་སྐོར། ཚོས་གཞི་དཀརཔོའི་སྦུག་ལུ་དམརཔོ་ལག་གང་། རྒྱ་ཚད་མཐོ་གསུམ་དང་ལག་གང་། དཀྱུས་རལཔ་བཅས་མཐོ་ཉེར་གཅིག ཧེ་མ་འབད་བ་ཅིན་ཆིབས་ཞོནམ་ཟེར་སྒོ་རཔ། རྩ་གཉེར། ཤ་གཉེར་ཚུ་དང་དྲུང་པ་སྐུ་ཚབ་འདི་ཚུ་མང་ཤོས་རང་འགོ་དཔོན་གྱི་ཐོབ་ལམ་རྐྱང་སྐལ་ཐོབ་མི་ཚུ་ཨིན་པས། ཨིན་རུང་སྤྱི་ལོ་༡༩༦༣ ལུ་ཁྱུང་གསེབ་རིག་འཛིན་ཐིམ་ཕུག་གཉེར་ཆེན་རབ་འབྱམས་འགོ་དང་པ་བཀལཝ་ད་མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ཞབས་ལས་བཀའ་གནང་སྟེ་བཀབ་ནེ་དཀརཔོ་རལཔ་ཡོད་མི་སྦུག་ལས་དམརཔོ་ལག་གང་དང་། མཐའམ་གཉིས་ལས་དམརཔོ་ལག་གང་རེ་འབད་མི་གསུམ་བཙུགས་ཏེ་རབ་འབྱམས་ཀྱི་བཀབ་ནེ་བཟོ་གནང་ནུག  དེ་ལས་ཚུར་རྫོང་རབ། དྲང་དཔོན་རབ་འབྱམས་དང་དྲུང་པ་ཚུ་གི་བཀབ་ནེ་སྦེ་བཀབ་སྲོལ་དར་ནུག

དྲང་རབ་ཀྱི་བཀབ་ནེའི་སྐོར། ཚོས་གཞི་དཀརཔོའི་སྦུག་ལུ་ལྕང་ཁ་ལག་གང་། རྒྱ་ཚད་མཐོ་གསུམ་དང་ལག་གང་། དཀྱུས་རལཔ་བཅས་མཐོ་ཉེར་གཅིག ཧེ་མ་རྫོང་རབ་ཚུ་དང་འདྲ་རུང་ཤུལ་ལས་སྤྱི་ལོ་༢༠༠༥་ལས་འགོ་བཙུག་སྟེ་དྲང་རབ་དང་དྲུང་པ་འདི་ཚུ་གི་བཀབ་ནེ་ཚུ་རྫོང་རབ་ཀྱི་བཀབ་ནེ་དང་རིགས་འགྲེས་ཏེ་བཀབ་ནེ་སྦུག་དང་མཐའམ་དམརཔོ་གི་ཚབ་ལུ་ལྕང་ཁ་གཡུ་མདོག་ཅནམ་བཙུག་སྟེ་ལག་ལེན་འཐབ་སྲོལ་བྱུང་ནུག བཞེས་ལུགས-གཡས་ཧོངས་ཀྱི་བཀབ་ནེའི་སོ་འདི་གོ་གི་སོ་ཁ་ལས་ལག་གང་ཙམ་ཡར་འཐུ་སྟེ་བཀབ་དགོ

རྒཔོ་གི་བཀབ་ནེ། ཚོས་གཞི་ཁ་དམར། རྒྱ་ཚད་མཐོ་བཞི། དཀྱུས་རལཔ་བཅས་མཐོ་ཉེར་གཅིག རྒཔོ་ཟེར་རྒེད་འོག་གཅིག་གི་མི་སྡེའི་འཛིན་སྐྱོང་འཐབ་མི། རྒཔོ་ཟེར་བའི་ཚིག་འདི་ཡང་སྒརཔ་ལས་འགྱུར་བ་སོང་སོངམ་ཅིག་ཨིན། བཞེས་ལུགས་-ཆིབས་ཞོནམ་དང་འདྲ། ཧེ་མ་འབད་བ་ཅིན་རྟོགས་ལྡན་སྒརཔ་ཟེར་ཞབས་དྲུང་རིན་པོ་ཆེ་གིས་བྱིན་གྱིས་བརླབས་ཏེ་གནང་བའི་སྔགས་པའི་ཆས་ ནང་ན་གོས་དང་ཕྱི་ལས་སྨད་གཡོག་དཀརཔོ། བཀབ་ནེ་ཁ་དམར། བརྡ་ལན་འབད་ནི་གི་དོན་ལས་སྐེད་པར་རྐང་དུང་བཙུགས་ཏེ་འགྱོ་སྲོལ་སྡོད་ནུག ཤུལ་ལས་རྒཔོ་ཚུ་གི་བཀབ་ནེ་ཡང་ཧེ་མ་རྟོགས་ལྡན་སྒརཔ་ཚུ་གིས་བཞེས་མི་བཀབ་ནེ་ཁ་དམར་ སྦུག་དམརཔོ་མཐའམ་གཉིས་དམརཔོ་རལཔ་ཡོད་མི་འདི་ལག་ལེན་འཐབ་ནུག།

སྤྱིར་བཏང་གི་བཀབ་ནེ། ཚོས་གཞི་དཀརཔོ། རྒྱ་ཚད་མཐོ་གསུམ་དང་ལག་གང་། དཀྱུས་རལཔ་བཅས་མཐོ་ཉེར་གཅིག བཀབ་ལུགས- ཆིབས་ཞོནམ་དང་འདྲ།   

དྲན་གསོ། ཕོ་སྐྱེས་ཚུ་གིས་མདུན་བཀལ་མར་ཕབ་མི་འདི་དང་ཨམ་སྲུ་ཚུ་གིས་རག་ཅུང་དཔུང་གཡས་གཡོན་ལས་བསྐོར་ཏེ་བཀབ་མི་གཉིས་གུས་བཀུར་ཞུ་བའི་དོན་དང་མདུན་བཀལ་ཡར་བཀལ་མི་དང་རག་ཅུང་གཉིས་བལྟབ་རྐྱབ་སྟེ་ཕྱག་ལྟག་གཡོན་པ་བཀལ་ཏེ་རལཔ་གདོང་ཁར་སྟོན་ཏེ་འགྱོ་དགོ་མི་ཚུ་ཅོག་ར་འཐདཔ་ཨིན།

"https://bo.wikipedia.org/w/index.php?title=བཀབ་ནེ&oldid=139218"ལས་སླར་རྙེད་སོང།