ཕྱི་ལ་འཁྱམ་པའི་ཟིན་ཐོ

ཡོང་ཁུངས་Wikipedia

ཟིན་ཐོ་འདི་ཟི་ལིང་ནས་འགོ་འཛུགས་རྒྱུ་ཡིན། དེ་དུས་ ༡༩༨༩ ལོའི་སྡོང་ལོ་སེར་བོ་རྣམས་རླུང་གིས་འཁུར་ནས། ས་གཞིར་ཐལ་འཚུབ་དང་མཉམ་དུ་དགུན་རྒྱ་སྟག་འདྲ་བོ་སླེབས་བཞིན་པའི་སྒང་རེད། ངའི་རོགས་པ་གཉིས་དུས་བཅད་ལྟར་ཟི་ལིང་དུ་མ་སླེབས་པས་ང་ཟི་ལིང་དུ་འདུག་དགོས་བྱུང་། ལམ་ཁའི་མགྲོན་ཁང་ཞིག་ཏུ་བསྡད་ན་ཡུལ་ནས་རྗེས་འདེབས་པའི་ལག་ཏུ་ཐེབ་སྲིད་པས་ཁུག་གྱོག་གི་མགྲོན་ཁང་ཞིག་ཏུ་འགྲོ་རྒྱུར་ཐག་གཅོད་བྱུང་། ངའི་ངོ་ཤེས་ཨ་འབྱུང་གི་ཕོ་གསར་ཞིག་ཡོད་པ་ཁོང་དང་ཕྲད། ཁུག་ཀྱོག་གི་མགྲོན་ཁང་ཞིག་བཙལ་རོགས་ཞེས་མངགས་པ་ལྟར་ཁོང་གིས་ཁུག་ཀྱོག་ཅིག་ནས་མགྲོན་ཁང་ཞིག་རག་འདུག གོང་ཚད་ཞག་རེ་ལ་སྒོར་༡༥རེད། ངེད་གཉིས་ཁང་མིག་གཅིག་གི་ནང་དུ་བསྡད། མགྲོན་ཁང་བདག་པོ་ཡོང་ནས་སྨད་ཚོང་མ་དགོས་སམ། གོང་ཁེ་བོ་ཡོད། ཉེན་རྟོག་པས་མི་འཛིན། སྙིང་རྗེ་བོ་ཡོད། ལོ་ཆུང་ཆུང་ཡིན། ཁ་ཆེ་ཡིན་སོགས་ཁྱད་ཆོས་མང་པོ་ཞིག་བརྗོད་སོང་། ངའི་རོགས་པས་དགོས་མདོག་བསྟན་སོང་། དེ་ནས་བལྟ་གི་འགྲོ་ཟེར། སོང་ནས་བལྟ་དུས། ངོ་ནས་ལོ་ཆུང་ཞིག་རེད། ཕར་བལྟས་ཚོད་ཀྱིས་ལོ་ཚད་ ༡༨ ལ་སླེབས་འེ་ཡོད་བསམ་བསམ་ཞིག་འདུག ཁང་མིག་ཆུང་ཆུང་ཞིག་ན། གདན་ཁྲི་ཆེན་པོ་ཞིག་རྒྱབ་ནས་དེའི་སྟེང་དུ་བསྡད་འདུག མགྲོན་བདག་གིས་བསྟན་ཙམ་བྱས་ནས་སྒོ་རྒྱབ་སོང་། དེ་ནས་མགྲོན་བདག་གིས་གོང་ཚད་གཏམ་པའི་མགོ་བཙུགས། སྨན་ཚོང་མའི་གོང་ཚད་སྒོར ༡༠༠་དང་། མགྲོན་བདག་གི་གོང་ཚད་སྒོར་ ༢༠ ཡིན་ཟེར། ངའི་རོགས་པ་ཕོ་གསར་དེས་ཁྱོད་ལ་འཁྲིག་པ་སྤྱོད་ཀྱི་མེད་པས་རིན་གོང་སྤྲོད་དོན་ཅི་རེད་ཟེར། ཁོང་གིས་ངས་ཁྱོད་ལ་ངོ་སྤྲོད་བྱས་པ་དང་། ཉེན་རྟོག་པའི་ལག་ཏུ་མ་ཐེབས་པའི་འགན་ལེན་བྱེད་དགོས་པས་ལས་གླ་ལོས་དགོས་ཟེར། འོན་ཀྱང་ངའི་རོགས་པས་རིན་གོང་དེ་སྟེར་འདོད་མ་སྐྱེས་པས། ཕྱིར་ཡོང་ནས་རང་གི་ཉལ་ཁང་ནས་ཉལ། ཕྱི་ཉིན་ཉིན་གུང་ངེད་གཉིས་སོང་ནས་མེ་འཁོར་འབབ་ཚིགས་སུ་ངའི་ལམ་གྲོགས་གཉིས་ལ་བསྒུགས། ཕྱི་དྲོ་བར་དུ་བསྒུགས་པས་ད་བཟོད་ངའི་རོགས་པ་གཉིས་མེ་འཁོར་འབབ་ཚིགས་སུ་སླེབས། ང་ནི་ཁོང་ཁྲོ་ཟ་ཐག་འདྲ་ཆོད་ནས་ཁོ་གཉིས་ལ་ཁ་རྡུང་འདི་ལྟར་བཏང་། ངེད་ཚོ་ཐག་རིང་རྒྱ་གར་ལ་འགྲོ་རྒྱུ་ཟེར་བཞིན་ཡོད་པ་རེད། ལམ་ཁ་ན་བར་ཆད་འདྲ་མིན་ཡོད་པ་རེད། འོན་ཀྱང་ད་ལྟ་ནས་ཁ་ཆད་ལྟར་བྱེད་མ་ཐུབ་ན་རྗེས་སུ་དཀའ་ཁེག་ཕྲད་དུས་ཇི་ལྟར་བྱེད་ཅེས་བཤད་པ་ཡིན། འོན་ཀྱང་ངའི་གྲོགས་བློ་བཟང་བསྟན་འཛིན་ནི་ལོ་ཚད་ང་དང་གཅིག་པ་ཡིན་ན་ཡང་། ཁོག་རྒྱ་ང་ལས་ཡངས་པས་ཁོང་གིས་ལམ་ཁར་ལམ་གྲོན་ཚགས་མ་ཚགས་ཞིག་གི་རྐྱེན་བྱས་ནས་ཅུང་ཟད་རྗེས་ལུས་ཐེབས་སོང་ཟེར་ནས་ངའི་ཁོང་ཁྲོ་འཇགས་བཅུགས། བློ་བཟང་བསྟན་འཛིན་ནི་ཁོག་རྒྱ་ཆེ་བར་མ་ཟད་། རྒྱ་སྐད་རྒྱ་ཡིག་ཀྱང་ཆུ་བཞུར་བཞུར་ཡིན་པས་ལམ་བར་དུ་གལ་ཆེ་ཤོས་དེ་རེད། རོགས་པ་གཞན་དགེ་འདུན་བསྟན་འཛིན་རེད། ཁོང་ནི་ཅུང་ཆུང་བ་དང་ཁ་གྲགས་རྒྱུར་ཡང་མི་དགའ། ཁོག་ན་གསེར་ཡོད་དམ་རྡོ་ཡོད་ལས་སླ་བོར་ཤེས་མི་ཐུབ། ངེད་གསུམ་གྱིས་ངའི་ཟི་ལིང་གི་གྲོགས་པོ་དེར་བདེ་མོ་བསྟན་ནས་མེ་འཁོར་དུ་བསྡད། མེ་འཁོར་འགྲོ་བའི་འགོ་བཙུགས། མེ་འཁོར་ནང་གི་རྒྱང་བསྒྲགས་ལས་སྒྲ་དབྱངས་སྙན་མོ་ཞིག་དང་ལྷན་དུ། རྒྱ་མོ་ཞིག་གིས་རྒྱ་སྐད་ཐོག་༼སྐུ་མགྲོན་རྣམས་པ། ད་ཁྱེད་རང་ཕ་ཡུལ་དང་། ནང་མི་ཁ་བྲལ་ནས་ཕྱི་ལ་འགྲོ་བཞིན་པའི་ལམ་ཁར། རྐྱེན་ངན་བར་ཆད་མེད་པར། རང་གི་དམིགས་ཡུལ་དུ་བདེ་བླག་ངང་སླེབས་པ་དང་། བསམ་དོན་བཞིན་འགྲུབ་པའི་སྨོན་འདུན་ཞུ༽ ཅེས་པའི་སྒྲ་དེས་རང་ཡུལ་ལ་སེམས་ཁྲེང་བའི་ཚོར་བ་སྦྱིན། གནམ་མཁར་ཟི་ལིང་མཁར་ནི་མེ་འཁོར་གྱི་སྒེའུ་ཁུང་ནས་རྒྱབ་ཕྱོགས་སུ་མེ་འཁོར་གྱི་དུ་བ་དང་མཉམ་དུ་ཡལ། ནམ་གུང་ཆུ་ཚོད་ ༡༢ ཙམ་ལ་མཚོ་སྔོན་པོའི་བྱང་ངོས་སུ་སླེབས་པ་ཤེས་ཐུབ། མི་མང་ཆེ་བ་གཉིད་དུ་ཡུར་འདུག ང་གཉིད་ཁུག་རྒྱུ་རྩ་ནས་མེད་པར་གྱུར། གང་འཚམ་ཞིག་ནས་སྒྲིག་ཆས་གྱོན་པའི་གསར་བུ་བཅུ་གསུམ་ཙམ་ང་ཚོའི་འཁོར་སྒམ་ནང་དུ་སླེབས། མི་གཅིག་གིས་གཉིད་དུ་ཡུར་བའི་མི་རེ་རེའི་ཁུག་མ་བསྔོགས་པའི་འགོ་བཙུགས། དེ་ནས་ངས་དེ་ཚོ་རྐུ་མ་ཡིན་པར་ཤེས། ངའི་རོགས་པ་གཉིས་ཀ་གཉིད་དུ་ཡུར་འདུག ཁོང་གཉིས་ཀ་ངའི་ཐད་ཀར་མདུན་ཅོག་གི་ཕར་ངོས་ནས་བསྡད་ཡོད་པ་རེད། ངས་ལམ་སེང་བློ་བཟང་གི་རྐང་པའི་སྟེང་དུ་རྡོག་ཐོ་ཞིག་བཞུས་པས་ཁོང་གཉིས་ལས་སད། ཤབ་ཤུབ་ངང་ནས་གྲི་ཡར་ལ་བཏོན། འདི་ནས་མགོ་སྐོར་གཡུག་ས་མི་འགྲོ་ཅེས་བཤད་པ་ཡིན། ངེད་གཉིས་ཀས་གྲི་བཏོན་ནས་གྲ་སྒྲིག་བྱས་བསྡད་པ་ཡིན། སྐབས་དག་དག་དེར་ཁོང་ཚོ་མི་ཁ་ཤས་འཁོར་སྒམ་རྗེས་མའི་ནང་དུ་སོང་། མི་གཅིག་ངའི་རྐུབ་སྟེགས་ཀྱི་འགྲམ་དེར་བསྡད་ནས་དུ་བ་འཐེན་པའི་འགོ་བཙུགས། ངས་ཤུགས་ཆེན་པོས་སྒོ་ནས་ཧབ་སྦྲིད་ཞིག་བྱས་པས་རྐུ་མ་ཞེད་འདྲོགས་ཞིག་དང་ལྷན་དུ་ལག་གི་ཐ་མག་ས་ལ་ལྷུང་། ངས་གད་མོ་དགོད་ཞོར་དུ་གྲི་མགོ་འཕུར་ཙམ་བྱས་ནས་ཁོ་ཚོར་མཐོང་དུ་བཅུགས། དེ་ནས་ངེད་ཚོ་ཡོད་ཕྱོགས་སུ་རྩ་ནས་མ་སླེབས། རྐུ་མ་དེ་ཚོས་ལོ་ལོན་ཕལ་ཆེར་བཅོམ། སྙིང་རྗེ་བ་ཞིག་ལ་ཁ་ཆེ་རྒད་པོ་ལོ་ཚད་དྲུག་ཅུ་བརྒལ་བ་ཞིག་གི་ལག་ནས་སྒོར་མང་པོ་ཞིག་བཅོམ། རྗེས་ནས་ཁོང་གཉིད་སད་ནས་སྒོར་ལྔ་བརྒྱ་ཡོད་ཟེར་ནས་ངུ་ཤར་བརྒྱབ། ཁོང་གིས་བཤད་པ་ལྟར་ན་དེ་ནི་ཁོང་གིས་ལོ་གཅིག་གི་ཡོངས་འབབ་ཡིན་ཟེར། ཁོ་སོང་ནས་མེ་འཁོར་འབབ་ནང་གི་ཉེན་རྟོག་པ་ལ་གཏུག་བཞིན་འདུག འོན་ཀྱང་དེ་ལ་ཕན་འབྲས་ཞིག་ག་ལ་ཡོད། ངས་དངོས་སུ་མཐོང་ཡོད། མེ་འཁོར་ཉེན་རྟོག་པ་དེ་དང་རྐུ་མ་གཅིག་སྔར་ངེད་ཚོའི་འཁོར་སྒམ་ན་སྐད་ཆ་བཤད་ནས་མཉམ་དུ་འགྲོ་བཞིན་པ། གཞན་བོད་དུ་ཡོང་བཞིན་པའི་རྒྱ་ནག་གི་ཕོ་གསར་རུ་ཁག་ཅིག་འདུག དེ་ཚོ་ཁ་ཤས་ལ་ཡང་རྐུ་མ་དེ་ཚོའི་ཁུག་མ་རྔོག་བཞིན་འདུག འོན་ཀྱང་དེ་ཚོས་གཅིག་གཅིག་ལ་རོགས་པ་རྩ་ནས་བྱས་མ་སོང་། རྐུ་མ་རྣམས་སོང་ཤུལ་ནས་ཁོང་ཚོས་རྐུ་ལ་ཤོར་བའི་རོགས་པ་དེ་གཉིས་ལས་སད་ནས་ཁྱོད་ལ་རྐུ་མ་ཤོར་སོང་ཟེར། རྒྱ་རིགས་ཕོ་གསར་དེས། ངའི་ཁུག་མ་ན་ཟུར་ལྔ་མ་གཏོགས་མེད་པས་རྐང་བཙུགས་ནས་རྐུ་བཅུགས་པ་ཡིན་ཟེར། དེ་ནས་ཁོང་ཚོ་གད་མོ་ཤོར་བཞིན་འདུག ཕྱི་ཉིན་ནམ་ལངས་པ་དང་། རྒྱང་བལྟ་བྱས། ཉིན་གང་བོར་ས་མིང་མི་ཤེས་པའི་འབྲོག་སྡེ་དང་། མང་ཆེ་ཤོས་སྟོང་རྐྱང་རེད། ས་སྟོང་ལུང་བ་བྱང་སྟོང་ན་འབྲོང་དང་སྒོ་བ། རྐྱང་སོགས་ཁྱུ་དང་ཁྱུ་བྱས་ནས་རྩེད་མོ་ལ་གཡང་བཞིན་པ་མཐོང་། འོན་ཀྱང་ས་ཆ་ལ་ལ་ན་རས་གུར་་ཕུབ་པའི་མཐའ་ན་རི་དྭགས་བསད་པའི་ཕུང་བོ་རི་ལྟར་བརྩིགས་ཡོད་པ་མཐོང་རྒྱུ་ཡོད། འདི་དག་ནི་རི་དྭགས་ཀྱི་རང་དབང་དང་བདེ་སྐྱིད་འཕྲོག་པའི་གཤེད་མ་ལོས་ཡིན། རི་དྭགས་སྣ་བ་ཡིན་ནམ་སྒོ་བ་ཡིན། ཁྱུ་ཞིག་གི་གཅིག་ལ་མེ་མདའ་རྒྱབ་ན་གཞན་པ་ཚོ་བྲོས་ནས་སྐོར་བ་ཞིག་བྱས་ནས་སླར་སྔ་མ་གསོད་ས་དེ་སླེབས་ཡོང་། དེ་ལྟར་མུ་མཐུད་དུ་གསོད་བཞིན་པ་ཡང་མཐོང་རྒྱུ་ཡོད། བྱང་ཐང་དེ་བརྒྱུད་ནས་ཉིན་གུང་རྒྱབ་ལ་ན་གོར་མོར་སླེབས། དེ་ནས་ན་གོར་མོ་ལ་མགྲོན་ཁང་དུ་སྡོད་དགོས་ཀྱི་འདུག ཉིན་དེར་རླངས་འཁོར་རེག་མ་སོང་། ངས་ལ་ཡུལ་ནས་ལས་ཁུངས་ཞིག་གི་ལས་ཤོག་གསུམ་ཁྱེར་ཡོང་ཡོད། དེའི་སྟེང་དུ་ལས་ཁུངས་དེའི་ལས་ཐམ་མ་གཏོགས་མེད། མགྲོན་ཁང་དུ་བློ་བཟང་གིས་དེའི་སྟེང་དུ་རྒྱ་ཡིག་བྲིས་ནས། ངེད་ཚོ་ལྷ་སར་ཧྲི་ཞིས༼སྦྱོང་བརྡར་༽ལ་འགྲོ་བཞིན་ཡོད་པའི་ངོ་སྦྱོར་ལྟ་བུ་བཟོས། དེ་ནས་ཞིང་ལྗོངས་ལྔའི་ཉེན་རྟོག་ལས་ཁུངས་ཀྱི་ནང་དུ་སོང་ནས་ངེད་ཚོ་འདིར་འབྱོར་ཡོད། སང་ཉིན་ལྷ་སར་འགྲོ་རྒྱུ་ཅེས་བཤད། ཉེན་རྟོགས་པ་དྲུག་བདུན་ཙམ་ཞིག་འདུག གཅིག་གིས་འདིར་ཁས་ཤོག་ཟེར་ནས་དེས་ཡི་གེ་ཀློགཙམ་ཡང་མ་བྱས་པར་གད་མོ་བགད་ཙམ་བྱས་ནས་དེའི་སྟེང་དུ་ཐམ་ག་ཞིག་རྒྱབ་སོང་། དེ་ནས་ང་ཚོ་དགའ་ཐག་ཆོད་ནས་ཕྱིར་སྲང་ལམ་ལ་འཁྱམ་པ་རེད། ཐོག་མར་ང་ལ་ངའི་རོགས་པ་གཉིས་ཀྱིས་ཁེང་ལེན་ཁྱུག་རྒྱག་༼ཅོག་ཙེ་སྦོ་ལོ༽རྒྱུ་འེ་ཡིན་ཟེར། ང་སྔོན་ཆད་རྩེད་མོ་དེའི་དོན་དུ་དགེ་བསྐོས་ལ་ཚར་གཅིག་ཐུག་མྱོང་བས། རྩེ་མོ་དེ་མི་རྩེ་རྒྱུའི་མནའ་བསྐྱལ་མྱོང་། བློ་བཟང་གིས་ད་ཁྱོད་མི་རྩེ་ན་ངེད་གཉིས་རྩེ་རྒྱུ་ཟེར། རོགས་པ་སྤུ་སེར་སྐྱེས་ཡོད་པའི་ཡུར་གུར་བ་འདྲ་བོ་དེ་ཚོ་རེད། རྒྱ་ཕྲུག་དང་། ཁ་ཆེ་མང་པོ་སླེབས། ཁོང་ཚོ་འཁྲུགས་པོ་རྩེས། ངེད་ཀྱི་རོགས་པ་བློ་བཟང་ཁེང་ལེན་ཁྱུག་རྩེ་ན་ད་གཟུགས་པོ་ཁོ་རང་ལ་ཡངས་ཤ་དོད་པོ། རྣམ་འགྱུར་རྦད་དེ་ལོག་ཀ་རེད། འོན་ཀྱང་བར་སྐབས་ཞིག་ནས་རྒྱ་དང་ཡུ་གུར་བའི་བར་དུ་འཁྲུགས་འཛིང་ཤོར་བའི་འགོ་བཙུགས། ཡུ་གུར་བས་རྒྱ་རྒན་དེ་ཚོ་ལ་ངན་རེ་ངན་ཚད་ལབ་པར་མ་ཟད། ངེད་ཚོ་ལ་འཁོར་ནས་འདི་ཚོ་ལ་རྩ་ནས་མགོ་སྒུར་མི་རུང་། ངེད་ཚོ་གཅིག་པ་རེད་འདྲ་བོ་མང་པོ་ཞིག་ལབ་བཞིན་འདུག ངས་ཕར་བལྟས་ནས་ཡག་རྟགས་མི་འདུག རྒྱ་ཕྲུག་ཚོ་ཁུ་སུམ་སུམ་མང་རུ་མང་རུ་འདུ་ཡོང་གི་འདུག ངས་རོགས་པ་གཉིས་ལ། འོ་ད་ལམ་སེང་ངེད་ཚོ་ཐོན་ན་རེད་ཟེར་ནས་ངེད་ཚོ་ཕྱིར་ཕྱིར་ལོག ན་གོར་མོ་ནི་བྱེས་ཐང་རེད། རྩྭ་དང་རྩི་ཕུང་དེ་ཚོ་ཐ་ར་ཐོ་རེ། ཚོན་བུ་ཚོན་བུ་བྱས་ནས་སྐྱེས་ཡོད་ས་ཞིག་རེད། ད་དུང་ཉིན་དེར་ས་མུན་ལྟ་བུ་ཞིག་འཐིབ་འདུག རྒྱང་རིང་བོ་མཐོང་རྒྱུ་མེད་པར་མ་ཟད། ཉིན་དེར་རི་དང་ཆུ་བོ་སོགས་རྩ་ནས་མཐོང་མ་སོང་། ད་དུང་ཟི་ལིང་དང་མི་འདྲ་ས་ཞིག་ཡོད་པ་ནི། ཟི་ལིང་ལ་ལྟོས་དེ་མི་རིགས་སྣ་འདུས་འཛོམས་ས་ལྟ་བུ། གོན་རྒྱུ་ཡང་འདྲ་མིན་གོན་ཡོད་ས། མི་རྣམས་ཀྱི་གཟུགས་སྟོབས་ཀྱང་འདྲ་མི་འདྲ་ཡོད་ས། གདོང་གི་ཁ་དོག་ཀྱང་འདྲ་མི་འདྲ་ཡོད་ས་འདྲ་བོ་ཞིག་ཏུ་མཐོང་། གཅིག་བྱས་ན་མཐོང་སྣང་དེ་ངའི་སྣང་ཚུལ་ཙམ་ཡིན་རྒྱུ་རེད། གོང་གི་འཁྲུགས་རྩོད་ཀྱིས་སྣང་ཚུལ་དེས་ངེད་ལ་བསམ་བློ་མི་འདྲ་བ་ཞིག་འཁོར་བཅུགས་སོང་། ན་གོར་མོའི་ཡན་ལ་མེ་འཁོར་མེད་པས་ངེད་ཚོ་རླངས་འཁོར་ལ་སྡོད་རྒྱུ་རེད། ཕྱི་ཉིན་ཞོག་པར་རླངས་འཁོར་ལ་བསྡད། འཁོར་གླ་སྒོར་ ༤༨ ཡིན་ན་ཅིག་རེད། འོ་གཅིག་བརྗེད་འདུག ཟི་ལིང་ནས་ན་གོར་མོ་བར་གྱི་མེ་འཁོར་གླ་ཆ་སྒོར་ ༢༧ རེད། རླངས་འཁོར་དེ་ནི་ཤིན་ཏུ་མགྱོགས་པོ་ཞིག་རེད། སྔར་སྤྱི་སྤྱོད་རླངས་འཁོར་དེ་འདྲ་མགྱོགས་མོ་ཞིག་ལ་བསྡད་མ་མྱོང་། ཐོག་མར་ཚ་གློག་ཞིག་བཏང་སོང་མོད། བསྡད་ཀྱི་བསྡད་ཀྱི་གྲང་ནས་ཡོང་། མི་གཞན་པ་ཚོ་སྟེ། རྒན་པོ་ཚང་མ་ཉམས་མྱོང་ཡོད་པས་ཐོག་མ་ནས་ཀམ་པ་ལེ་དང་པགས་སློག་གིས་བཏུམས་ནས་བསྡད་འདུག ངེད་ཚོ་ཁ་ཤས་གསར་བུ་ཡིན་མདོགས་གིས་ནུབ་ཕྱོགས་སྟོད་ལྭ་དང་། དོར་མ་ཐ་རྐྱང་བཀོན་ནས་བསྡད་ཡོད་པ་རེད། ཅུང་ཟད་ནས་ངས་ཨར་བརྟན་མ་སོང་། ཁུར་ཁུག་ནས་ཀམ་པ་ལེ་བླངས་ནས་བཀོན། ཁོ་ཚོ་ཡོད་མཁན་རྣམས་ཀྱིས་རེ་རེ་བཞིན་བཀོན། ཡིད་སྐྱོ་བ་ཞིག་ལ། རྒྱ་ཡི་ཕོ་གསར་ཞིག་ལ་ཅི་ཡང་གྲ་སྒྲིག་མེད་པ་འདྲ། གྲང་ནས་ཨར་མ་བརྟན་པར་གང་འཚམ་ཞིག་ནས་ངུས་སོང་། དེ་ནས་བོད་པ་རྒད་པོ་ཞིག་གིས་གཏེ་ངན་མགོ་སྟོང་འདི་ཚོར་གྲ་སྒྲིག་ཡང་ཡང་ཡོད་པ་མ་རེད་ཟེར་ནས། ཁོ་རང་གི་མཁྲིས་ཀྱི་མི་དེ་དང་རྐུབ་སྟེགས་བརྗེས་བོ་བརྒྱབ་ནས་རུམ་ལ་བསྡུས་སོང་། འོ་དེ་ལྟར་འགྲུལ་བསྐྱེལ་རླངས་འཁོར་དེའི་ནང་ནས་གྲང་རེག་ལ་ཁ་གཏད་བཅགས་ནས་གང་འཚམ་ཡོང་བས། ལྡིང་ལ་ཡིན་ན་ཅིག་ལ་སླེབས་པ་རེད་ཟེར། རྣ་ཡི་ནང་དུ་སྒྲ་གཏིང་རིང་ཞིག་ནས་གྲགས་པ་ལྟ་བའི་ཚོར་སྣང་དུ་གྱུར། མགོ་ཡོམ་འཁོར་བ་ལྟ་བུ་བྱེད། ཁ་ཤས་སྐྱུག་པ་སྐྱུག་གི་འདུག བོད་པ་རྒད་པོ་ཞིག་གིས་རས་སྔོན་པོ་ཞིག་ལ་མེ་བགོས་ནས་དུ་བ་དེ་མི་རེ་རེའི་སྣ་ལ་བདུག རྒད་པོ་ཉམས་མྱོང་ཅན་རེད་ཡ། མགོ་སེང་སེ་བཞག་ནས་དྲན་པ་གསལ་བོ་ཆགས། ཡ་ཡ་དྲ་ཞབས་པ་སེང་གེ་བཤད་པ་ལྟར་མུ་འགོད་བྱེད་ན་མུ་འགོད་བྱེད། འདིའི་སྔ་མར་མཐུད་ནས་འའོགྲོ དེ་ལྟར་རླངས་འཁོར་ནང་ནས་སོང་སོང་པའི་ཕྱི་ཉིན་ཞོགས་པ་ཆུ་ཚོད་ལྔ་བ་མ་ཟིན་ཙམ་ལ་རླངས་འཁོར་བསྡད་སོང་། སྐད་བརྒྱབ་ནས་ལྷ་ས་སླེབས་ཚར་བ་རེད། ཚང་མ་མར་བོབས་ཟེར། མར་བབས་ནས་བལྟས་པས་མི་མང་པོ་ཞིག་གསལ་ལ་མ་གསལ་བའི་མུ་ནག་ནང་ན་མ་ནི་འདོན་བཞིན་འགྲོ་གྱི་འདུག འོ་འོ་ལྷ་ས་ན་འདི་འདྲའི་སྔ་བོ་ནས་མི་མང་པོ་ཕྱི་སྐོར་ནང་སྐོར་ལ་སོང་ནས་སྒྲིབ་སྦྱོང་བྱེད་ཀྱི་འདུག ཡིན་ན་ཡང་མུན་ནག་ནང་དུ་ས་ཕྱོགས་གང་ཡིན་སོགས་རྩ་ནས་ཤེས་ཀྱི་མི་འདུག ངེད་ཚོ་རོགས་པ་གསུམ་ཐད་ཀ་དེ་ནས་ཇ་ཁང་ཞིག་འདུག དེའི་ནང་དུ་སོང་བ་ཡིན། ངའི་རོགས་པ་བློ་བཟང་ནས་ཕ་ཡུལ་ལ་ཡོད་དུས་ལྷ་སའི་སྐད་འདྲ་བོ་ཞིག་བརྒྱབ་ནས་ཁོང་གིས་ལྷ་སའི་སྐད་ཤེས་རབ་བཤད། འོན་ཀྱང་ལྷ་སར་སླེབས་པ་དང་གོ་བརྡ་འཕྲོད་ཀྱི་མི་འདུག དེ་ལས་རྒྱ་སྐད་ཀྱི་ཁ་བརྡ་བྱེད་པའི་འགོ་བཙུགས། ངེད་ཚོས་ནུབ་བྱང་མི་རིགས་སློབ་གྲྭའི་སློབ་མ་ཡིན་རབས་དང་། ངེད་ཚོ་སློབ་མཐར་ཕྱིན་ནས་ལྷ་སར་སྦྱོང་བརྡར་ལོ་གཅིག་རིང་ཡོང་རབས་སོགས། སྒྲུང་གི་འགོ་བཙུགས། ཞབས་ཞུ་མ་མཛེས་མ་ཞིག་འདུག དེས་ཧོ་ཕིན་༼མེ་སྐོ༽ནང་དུ་མེ་གང་བླུག་ནས་མདུན་དུ་བཞག དེ་ནས་ངེད་ཚོད་སྐད་ཆ་བཤད་ཞོར་དང་ཇ་འཐུང་ཞོར་བྱས། ཇ་དེ་འདྲ་མི་ཚེ་ནང་འཐུང་མ་མྱོང་བ་སྟེ། བློ་བཟང་གིས་བཤད་ན་ལྷ་སའི་དཀྲུགས་ཇ་ཟེར་བ་དེ་རེད་ཟེར། ཇ་མདོག་ནི་ཆ་ར་ཆུ་རིག་ཡིན་ལ། ཁ་ན་མར་ཞགས་ལྟ་བུ་ཞིག་འདུག ངས་འདི་གཏན་ན་འཐུང་མི་འདོད་ཅེས་བཤད་པས། ཡང་བརྗེས་པོ་བརྒྱབ་ནས་ཇ་མངར་མོ་ཞིག་བླུག དེ་ཡང་སྔར་འཐུང་མྱོང་མི་འདུག་མོད། ཡིན་ན་ཡང་མུ་མཐུད་དུ་འཐུང་། ཞབས་ཞུ་མའི་གདོང་ལ་ལྟོས་ནས་འཐུང་། ཞབས་ཞུ་མ་དེ་དྲི་བ་རྫོགས་རྒྱུ་གང་ཡང་མི་འདུག སྐོར་བ་འགྲོ་མཁན་རྣམས་ནི་ཇ་ཁང་ནང་ཡོང་ནས་ཇ་རེ་འཐུང་རྗེས་བུད་འགྲོ ངེད་ཚོ་མུ་མཐུད་དུ་བསྡད། ཇ་མགྲོན་མང་པོ་བརྗེས་བོ་བརྒྱབ་ན་ཡང་ངེད་ཚོ་ད་དུང་ཉི་མ་ཤར་ཤར་བར་དུ་སྐད་ཆ་བཤད་ཅིང་ཇ་འཐུང་། གཅིན་པ་ཚར་གཅིག་གཉིས་ཞིག་བཏང་ནས་ཇ་འཐུང་། དེ་ནི་ལྷ་སའི་མི་ལ་སྐད་ཆ་བཤད་པའི་ཐོག་མ་རེད་ལ། ལྷ་སའི་ཇ་འཐུང་བའི་ཐོག་མ་ཡང་རེད། ཉི་མ་ལྷོད་ལ་བབས་ནས་རྩིས་རྒྱག་སྐབས་ཇ་ ༤༦ འཐུང་འདུག་ཟེར། སྒོར་ ༤༦ ཇ་རིན་ལ་བབས། དེ་ནས་ངེད་ཚོ་མགྲོན་ཁང་བཙལ་དུ་སོང་། གངས་ལྗོངས་མགྲོན་ཁང་ཟེར་བ་ཞིག་གི་ནང་དུ་གཏན་འཁེལ། དེ་ནི་གཙུག་ལག་ཁང་གི་མདུན་ཕྱོགས་ནས་གཡས་ཕྱོགས་སར་དཀྱོགས་ན་འདུག ཁང་པའི་ཕྱི་ལོག་ནས་བལྟས་ན་ཚང་མ་ལྷ་སའི་རྩིག་པ་བརྒྱག་སྟངས་རེད། སྒེའུ་ཁུང་མང་བ་དང་ཆུང་བ། རྩིག་པ་ཁ་ཐུག་ཡིན་པ། དཀར་རག་བཅུགས་ཡོད་པ། ནང་ལ་སོང་ན་ཁང་པ་ར་སྐོར་གྱི་ཕྱོགས་བཞིར་ལ་བསྐོར་བ་བྱས་ནས་བརྒྱབ་འདུག ཁྱམ་ར་ཡང་ཡོད་པ་སུམ་ཐོག་ཅན་ཞིག་རེད། ངེད་ཚོ་ནི་སུམ་ཐོག་གི་ཁང་མིག་གཅིག་བླངས་ནས་བསྡད། དེ་ནས་ངེད་ཚོ་ལྷ་སའི་ཇོ་བོ་ལ་མཇར་ཁར་བཅར། མི་མང་པོས་ཞོགས་པ་ནས་གཙུག་ལག་ཁང་མདུན་ཐང་དུ་ཕྱག་འཚལ་བཞིན་པར་མ་ཟད། རང་རང་གིས་གང་ཤེས་ཀྱི་གསོལ་འདེབས་དབྱངས་སུ་གྱེར། ངེད་ཚོས་ཀྱང་ཕྱག་གསུམ་ཕྱི་ལོག་ནས་འཚལ་རྗེས་ཇོ་མཇལ་ལ་བང་བསྒྲིགས་ནས་ག་ལེར་ཇོ་ཁང་ནང་དུ་སོང་། མི་མང་པོས་རང་རང་གིས་གང་ཤེས་ཀྱིས་རྟེན་བཤད་བྱེད་བཞིན་འདུག ངེད་ཚོ་ག་ལེ་ག་ལེར་ཇོ་བོ་རིན་པོ་ཆེར་མཇལ་ཁ་ཞུས། ཡིད་ལ་སྔར་སྐྱེས་མ་མྱོང་བའི་དད་པ་ཞིག་གམ་ཚོར་བ་ཞིག་སྐྱེས། དེ་ནས་དྲན་ངོ་ནས་མི་ཡལ་བ་གཅིག་ནི་ག་བ་ཞིག་གི་སྟེང་དུ་སྐོ་དོང་ཞིག་འདུག མི་ཚོས་བཤད་ན་ཀླུ་འབུམ་དམུ་རྒོད་ཀྱིས་ཐེལ་རིལ་གཡུག་ནས་རྒྱབ་པའི་ཤུལ་རེད་ཟེར། ངེད་ཚོས་ལྷ་སྐུ་རེ་རེ་བཞིན་ཞལ་མཇལ་ཞུས་ནས་ཕྱི་ལ་ཐོན། དེ་ནས་མི་འདྲ་མི་འདྲས་ཕྱི་ལོག་ན་གསང་སྟབས་ཀྱིས་རྒྱ་གར་ལ་འགྲོ་མཁན་ཡོད་ན་ལམ་ཁྲིད་ཡིན་ཟེར་བ་དང་། ཡང་ལམ་ཁྲིད་དང་ལས་གཡོག་མི་བཙལ་མཁན་ཡིན་ཟེར་བ་མང་པོ་ཐུག དེ་འདྲའི་མི་གཅིག་ལ་སྐད་ཆ་དྲིས་པ་ཡིན། རྒྱ་གར་ལ་འགྲོ་བའི་ལམ་རྒྱུས་དྲིས་པ་ཡིན། ཁོང་གིས་གསལ་གསལ་དག་དག་བཤད་ཤེས་པ་འདུག ཁོང་གིས་གསུངས་གསལ་ལྟར་ན་ལམ་ཁ་ཡོངས་སུ་གྲགས་པ་གསུམ་ཡོད་པ་རེད་ཟེར། གཅིག་ནི་སྟོད་གངས་རི་བརྒྱུད་ནས་འགྲོ་རྒྱུ་རེད། དེ་ནི་ཤིན་ཏུ་ཐག་རིང་བས་ལམ་ཁྲིད་ཡོད་པ་མ་རེད། རང་རང་གི་ངོས་ནས་འགྲོ་དགོས། སྟོད་གངས་རི་བརྒྱུད་མཁན་ཚོ་མ་མཐའ་ཡང་ཟླ་བ་དྲུག་རེར་རྐང་ཐང་ལ་འགྲོ་བཞིན་ཡོད་པ་རེད། ལམ་ཐག་རིང་བ་དང་། གཅན་གཟན་དང་གནམ་གཤིས་ཀྱི་འཇིགས་པ་ཆེ་ན་ཡང་དམག་མིའི་ཉེན་ཁ་ཡོད་པ་མ་རེད་ཟེར། ཡང་ལམ་ཁ་གཞན་ཞིག་ནི་འགྲམ་བརྒྱུད་ནས་གཅིག་ཡོད། དེ་ནི་ལམ་ཁ་ཤིན་ཏུ་ཉེས་ཤོས་སུ་བརྩི་བཞིན་ཡོད། འོན་ཀྱང་འགྲམ་ཟེར་བའི་གྲོག་རོང་དེའི་ཕར་ངོས་ཚུར་ངོས་གཉིས་ནས་མཐའ་མཚམས་སྲུང་བའི་དམག་གིས་དམ་སྲུང་བྱས་ཡོད་པས་ཐར་ཤིན་ཏུ་དཀའ། ལམ་ཁ་གསུམ་པ་དེ་ཤར་གོང་པོ་བརྒྱུད་ནས་འགྲོ་བཞིན་ཡོད་པ་རེད། ཉིན་ཉེར་བརྒྱད་ཀྱི་ནེ་པ་ལའི་བོད་གཞུང་གནས་ལེན་ཁང་དུ་སླེབས་ཐུབ་ཀྱི་རེད། གངས་ཤུད་ཀྱི་འཇིགས་པ་ཅུང་ཟད་ཡོད་པ་མ་གཏོགས་དམག་གི་འཇིགས་པ་དང་། ལམ་ཐག་གི་འཇིགས་པ་ལམ་ཁ་གཞན་གཉིས་ལས་ཅུང་ཆུང་བས། ཁོང་ཚོས་དེ་ནས་ལམ་ཁ་ཁྲིད་ཀྱི་ཡོད་ཟེར། གལ་ཏེ་དེ་ལ་གཏན་འཁེལ་ན་ལམ་ཁ་ཁྲིད་གླ་སྒོར་ཆིག་སྟོང་རེ་ཡིན་ཟེར། འོན་ཀྱང་ངེད་ཚོས་དེར་ཐག་མ་བཅད་པར་རྒྱུས་ལོན་ཙམ་བྱས་ནས་བཞག མགྲོན་ཁང་དུ་སོང་ནས་གྲོས་བྱས། ངེད་ཚོ་རྐང་ཐང་ལ་འགྲོ་རྒྱུ་ཉུང་འཕྲི་བྱེད་རྒྱུའི་ཕྱོགས་ལ་གཏན་འབེབས་བྱུང་། འགྲམ་བརྒྱུད་ནས་འགྲོ་རྒྱུའི་ཕྱོགས་ལ་གཏན་འཁེལ། འགྲམ་བརྒྱུད་ནས་འགྲོ་བ་ལ་དང་པོ་ཐུང་ཤིན་ཀྲིན་༼རྒྱལ་མཚམས་ལམ་ཡིག༽དགོས་པ་འདུག དེ་ནས་བློ་བཟང་གི་ངོ་ཤེས་རྙིང་པ་ཞིག་སྟེ་དཔའ་རས་ཤོག་ཀྱི་ཚོང་པ་ཞིག་ཡོད་པ་རེད། དེ་དང་ཐུག་ཕྲད་ལ་སོང་། ཁོང་ནི་མི་རྒྱག་པ་ཡིན་མདོགས་ཁ་བོ། སྐད་ཆ་བཤད་དུ་མང་པོ་མི་བཤད་མཁན་ཞིག་འདུག དེས་འཁྱུགས་ཙམ་གྱི་ཐུག་ཕྲད་སྐབས་སུ། ཐོག་མར་ལྷ་ས་ནས་གནས་མཇལ་ལ་སོང་། ཡིད་ཚིམ་པ་ཞིག་སོང་། དེ་ནས་ངེད་ཀྱིས་ཁྱོད་ཚོ་ལ་ལམ་ཡིག་དང་ཆ་ཚང་གྲ་སྒྲིག་བྱེད་ཟེར་སོང་། དེ་ནས་ངེད་ཚོ་དགའ་སྤྲོའི་བྲོ་འཁྲབ་བཞིན་གནས་མཇལ་ལ་སོང་། ཐོག་མར་འབྲས་སྤུངས་ལ་ཕྱིན་པ་ཡིན། དཔལ་ལྡན་འབྲས་སྤུངས་དགོན་པ་ནི་རྒྱབ་དགེ་འཕེལ་རི་ལ་རྟེན་ནས་ཆགས་ཡོད་པ་དང་། མདུན་ན་ཐང་དེ་ཚོ་གོ་རིམ་ཡོད་པའི་ཐོག་ནས་ཇེ་དམའ་ཇེ་དམའ་སོང་ཡོད་པ་རེད། དེར་ཀུ་ཤུའི་སྡོང་བོ་མང་པོ་བཏབ་ཡོད་ལ། ཉི་མའི་དྲོད་འཁོལ་ཀྱང་འདུག འོན་ཀྱང་དགོན་འདབས་ལ་སོང་བ་ན་རས་གུར་མང་པོ་ཡོད་པ་དེའི་ནང་དམག་མི་ཉིས་བརྒྱ་བརྒལ་བ་འདུག དེར་སོང་མི་ཚོས་བཤད་ན་བདུན་ཕྲག་གཅིག་གི་སྔོན་དུ་ལྷ་སར་དམག་མིས་འཁྲུག་པོ་ཞེ་བོ་བྱས་པ་རེད་ཟེར། དེ་ནི་སྐྱབས་མགོན་རིན་པོ་ཆེ་ལ་ནོ་ཝལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་སྐབས་དེ་རེད་འདུག ངེད་ཚོ་དགོན་པའི་ཉེ་འདབས་སུ་སླེབས་པ་ན། དམག་མིས་བཀག་ནས་ཆོག་མཆན་ཡི་གེ་ཁས་ཤོག་ཟེར། སྔར་གྱི་ངའི་ལས་ཤོག་དེ་བསྟན་པས་ཁོང་ཚོས་བདེ་བླགས་ངང་བཏང་སོང་། ཡི་གེ་དེའི་སྟེང་དུ་ཞིང་ལྗོངས་ལྔའི་ཉེན་རྟོགས་ལས་ཁུངས་ཀྱི་ཐམ་ཀ་ཡོད་པས་དམག་མིས་ངེད་ཚོ་ལ་སྐད་ཆ་གང་ཡང་དྲིས་མ་སོང་། འབྲས་སྤུངས་ནས་ལྷ་ཁང་ཁ་ཤས་ནང་དུ་རྟེན་མཇལ་བྱེད་ཐུབ་སོང་། མང་ཆེ་བའི་སྒོ་མ་ཕྱེས། དེ་ནས་སྔར་གྱི་ཁམས་ཚན་ནམ་ལྷ་ཁང་མང་པོ་ཞིག་གི་བཤིག་རོ་འདུག དེ་ནས་གནས་ཆུང་གྲྭ་ཚང་ཕྱོགས་བརྒྱུད་ནས་ལྷ་སར་ཕྱིར་ལོག གཉིས་པ། དེ་རེད། ངེད་ཚོ་ལྷ་སར་སླེབས་པ་དང་གནས་མཇལ་ལ་གཟན་ཤབས་བགྱོན་ནས་སོང་བ་རེད། འོན་ཀྱང་འབྲས་སྤུངས་གི་སྣང་ཚུལ་དེས་ཅུང་ཟད་བློ་མི་བདེ་བར་བཟོས། དེ་ནས་སྔར་ལྟར་རྒྱ་ལྭ་གྱོན། འོ་ངའི་རྒྱ་ལ་བཟོ་སྟངས་དེ་ངས་བཤད་ཡོད་པ་མ་རེད། ངེད་ཚོ་ཚང་མའི་རྒྱ་ལྭ་དེ་འདྲ་བོ་འདྲ་རྐྱང་ཡོད་པ་རེད། དེ་ཡང་བློ་བཟང་གིས་བཟོ་བ་དང་མཉམ་པོར་ཐག་བཅད། སྟོད་ལྭ་ཤིས་ཀྲོང་༼ནུབ་ཕྱོགས་ལྭ་བ༽རེད། དོར་མ་ཡང་སྐབས་དེ་དུས་ལྰ་པ་ཁུའུ ༼དོར་མ་དུང་ཆེན་ཁ༽ཡི་དུས་ཚིགས་ཡལ་ཟིན་ནས། ཀྲུ་ཐུང་ཁུའུ༼རྐང་ཤག་ཁ་ཅུང་ཟད་པུས་མོའི་མཚམས་ལ་ཆེ་ཙམ༽བཟོས་འདུག སྟོད་སྨད་གཉིས་ཀ་ཁ་དོག་ནག་པོ་ནག་རྐྱང་རེད། སྟོད་ལྭ་འོག་ཏུ་ཚི་ལེན་དཀར་པོ་རེད། ཁོང་གཉིས་ཀའི་མགོ་ལ་ལི་མོ་ནག་པོ་གྱོན། ངའི་མགོ་ལ་ཞྭ་མོ་སྒ་འབུར་ལྗང་སེར་ཅན་ཞིག རྗེས་སུ་གྲོགས་པོ་ཚོས་བཤད་ན་ངེའི་བཟོ་ལྟ་དེ་ཏོས་ཀྲང་ཞིག་གི་བཟོ་བལྟ་ཡོད་གི་ཟེར། གང་ལྟར་རྒྱ་ཆས་འདི་ལྟར་སྤྲས་ནས་པོ་ཏ་ལ་དང་ནོར་བུ་གླིང་གར་གནས་མཇལ་ལ་སོང་། ཉིན་དེར་གཟའ་ཉི་མ་རེད། སྐབས་དེ་དུས་གཟའ་ཉི་མ་མ་གཏོགས་པོ་ཏ་ལའི་ནང་དུ་གནས་མཇལ་ལ་གཏོང་གི་མེད་ཟེར། ངེད་ཚོ་མཇལ་བ་རྣམས་དང་ལྷན་དུ་པོ་ཏ་ལའི་སྐས་འཛེགས་རེ་རེ་བཞིན་བརྒལ་ནས་རྩེ་ལ་སླེབས། ཁང་ཐོག་ནས་ངས་རྒྱང་བལྟ་བྱས། ལྷ་སའི་ཡུལ་ལྗོངས་རྒྱང་རིང་བར་དུ་པང་ལ་བླངས་པ་ལྟར་གསལ་བོ་མཐོང་ཐུབ། དེ་ནས་ལྷ་ཁང་རེ་རེ་བཞིན་གནས་མཇལ་ལ་སོང་། དོ་སྣང་ཆེ་ཤོས་ཞིག་ནི་༧ གོང་ས་མཆོག་གི་བཞུགས་ཁྲི་ལ་མཇལ་ཁ་ཞུ་དུས་རེད། བཞུགས་ཁྲི་སྟེང་དུ་ས་རྡུལ་ལྟ་བུ་ཞིག་ཀྱང་ཆགས་འདུག ར་བ་ཞིག་གིས་བསྐོར་ནས་ཉེ་འགྲམ་རང་དུ་བཅར་མི་ཐུབ་པ་བཟོས་འདུག ངའི་མིག་ཆུ་ཁོག་པའི་ནང་དུ་བཞུར་བའི་མགོ་བཙུགས། ང་ཆུང་ཆུང་སྐབས་ནས་མི་ཆུ་གཏོང་རྒྱུར་ངོ་ཚ་མཁན་ཞིག་ཡིན། འོན་ཀྱང་ཉིན་དེར་ཐལ་རྡུལ་ཁྲོད་ཀྱི་བཞུགས་ཁྲི་དེ་མཐོང་བས། དད་པ་དང་། གདུང་བ། སྐྱོ་བ། རེ་སྨོན། ཞེ་སྡང་སོགས་འགྲན་པ་ལྟར་བྱས་ནས་ངའི་མིག་ཆུ་ཁོག་པའི་ནང་དུ་བཞུར། དེ་ནས་ངེད་ཚོ་རིམ་བཞིན་མཇལ་ནས་པོ་ཏ་ལའི་གཡས་ངོས་ནས་ཐོན། སྐབས་དེར་པོ་ཏ་ལའི་གཡོན་ངོས་ནས་བཟོ་པ་མང་པོ་ཞིག་མཐོང་རྒྱུ་འདུག མི་ཚོས་བཤད་ན་པོ་ཏ་ལ་ཞིག་གསོ་བྱེད་བཞིན་པ་རེད་ཟེར། ངེད་ཚོ་ནོར་བུ་གླིང་ཁར་སོང་། ནོར་བུ་གླིང་ཁའི་ནང་སྐོར་ན་སྨྱིག་མ་མང་པོ་སྐྱེས་འདུག ཚོམ་བུ་ཚོམ་བུ་བྱས་ནས་སྐྱེས་འདུག ད་དུང་ལོ་མ་ཚང་མ་མ་ལྷུང་བར་ལྗང་ཏིག་ཏིག་རེད། སྐབས་དེའི་ལྷ་སའི་གནམ་གཤིས་ནི་ཟི་ལིང་གི་གནམ་གཤིས་ལས་དྲོ། ད་དུང་ནོར་བུ་གླིང་ཁར་ཉ་གསོས་མ་དང་། དོམ་ཡིན་ན་དྲེད་མོ་ཡིན་ན་ནག་པོ་ཁ་ཤས་ཀྱང་ཡོད། ནོར་བུ་གླིང་ཁ་ནི་སྤྲོ་མདོག་ཁ་བོ་བྱས་ཡོད་པའི་ཚོར་སྣང་སླེབས། ངའི་སེམས་ལ་༧གོང་ས་མཆོག་སླར་ཆིབས་བསྒྱུར་བསྐྱང་ན་དགུན་ཁའི་དུས་སུ་པོ་ཏ་ལ་ལས་ནོར་བུ་གླིང་ཁར་བཞུགས་ན་སྤྲོ་བོ་ཡོད་ས་རེད་དྲན། དེ་ནས་སེ་རར་སོང་། འབྲས་སྤུངས་དང་མ་འདྲ་བ་ཞིག་ཡོད་པ་ནི་དམག་གིས་དམ་སྲུང་ཞེ་དྲག་མེད་པའི་བཟོ་འདྲ་འདུག གྲྭ་བ་ཚོ་ཕྱི་ལོག་ན་རྩེ་བཞིན་ཡང་ཡང་མཐོང་རྒྱུ་ཡོད། ད་དུང་བན་ཕྲུག་ཚོས་ཆོས་འདོན་པའི་སྒྲ་ཡང་སྣ་ལམ་དུ་རྒྱུད་འོང་། པོ་ཏ་ལའི་རྒྱབ་ངོས་སུ་གླིང་ཀ་ཞིག་འདུག དེའི་ནང་དུ་ལྕང་མ་མང་ལ། ཆུ་འཁྱིལ་ཡང་འདུག དབྱར་ཀའི་དུས་ཡིན་ན་དཔེ་མི་སྲིད་པའི་སྐྱིད་པོ་ཡོད་ས་རེད། ངེད་ཚོ་དེ་ནས་རྩེད་མོ་རྩེ་ཞིང་དཔར་མང་པོ་བརྒྱབ་པ་ཡིན། དེ་ནས་པོ་ཏ་ལའི་གཡོན་ངོས་བརྒྱུད་ནས་མགྲོན་ཁང་དུ་ལོག་པའི་ལམ་ཁར། ཟས་རིགས་ཚོང་ར་ཞིག་ལ་ཕྲད། དཀོན་མཆོག་མཁྱེན། རུལ་དྲི་དང་ཉ་དྲིའི་ས་གཞི་རྒྱང་ཡོད་པ་རེད། ཤ་རིགས་འདྲ་མིན། བྱ་ཏེ་གསོན་པོ་གསོད་པ། ཉ་རིགས་འདྲ་མིན་གསོད་པ། སྦལ་བ་དང་སྦྲུལ་གསོད་བཞིན་པ། ཁྲག་བཞུར་བའི་རྣམ་པ་དེ་ལྟ་བུ་ངས་ཟི་ལིང་ནས་ཀྱང་སྔར་མཐོང་མ་མྱོང་ན། པོ་ཏ་ལའི་ཉེ་འགྲམ་ནས་དེ་ལྟར་བཤས་ཁང་དང་ཚོང་ར་དེ་འཛུགས་པ་ཡ་མཚན། ངེད་ཚོ་ལྟ་བུའི་ནར་མ་སོང་པའི་ལོ་གཞོན་ཚོ་ལ་ཡང་དེ་འདྲ་སེམས་ལ་དྲན་ཐུབ་ན། ལྷ་ས་ཧྲི་ཀྲང་སོགས་མི་ཤེས་བྱ་ཡོན་ཏན་ཡོད་པ།་སྤྱི་ཚོགས་ཀྱི་མིང་རྒྱང་རིང་པ་ཚོར་མི་མང་སྤྱི་ཚོགས་ཀྱི་བསམ་ཚུལ་དང་། དད་འདུན། འཕྲོད་རྟེན་ལ་འགལ་ལེན་དེ་འདྲ་ཞིག་བྱེད་རྒྱུ་ཡིད་ལ་མ་དྲན་པ་གང་ཡིན་ནམ་ཞེས་ཀྱང་སྙམ། དེ་ནས་མགྲོན་ཁང་དུ་ལོག་ནས་ངལ་གསོས། ཕྱི་ཉིན་དགའ་ལྡན་དགོན་པར་གནས་མཇལ་ལ་སོང་། པན་ཁྲེ་༼སྤྱི་སྤྱོད་རླངས་འཁོར༽ནང་ནས་འགྲོ་དགོས། ལྷ་སའི་གཙང་པོ་ལ་ཟམ་པ་ཞིག་བཙུགས་ཡོད་པ་དེའི་སྟེང་ནས་སོང་ན་ཧ་ཅང་ཐག་རིང་པོ་མ་རེད། རི་བརྒྱུད་ཞིག་གི་ངོས་ལ་འཛེགས་ནས་ལམ་ཀྱ་མ་ཀྱོག་ཕར་དཀྱོགས་ཚུར་དཀྱོགས་བྱས་ནས་དགའ་ལྡན་དུ་སླེབས། འོ་ཡ། ད་ཡིན་ན་ཁང་པའི་གཤིགས་རོ་ནི་སེངྒེའི་མ་མཁལ་ལྟར་ག་ས་ག་ལ་ཁེངས་འདུག ཚོན་རྩི་བཏང་བའི་ལྷ་ཁང་ཁ་ཤས་ལས་མི་འདུག ངས་ཤེས་ངོ་མ་ཞིག་ལ་གསེར་གདོང་ཁང་ཡིན་ན་ཅིག་འདུག ཚོན་རྩི་དམར་ནག་བཏང་ཡོད་པ་མཐོང་། དེ་ཚོ་ནང་ན་མཇལ་སའི་ལྷ་ཁང་མང་པོ་མེད་པས་ལྷ་ཡང་མང་པོ་མི་འདུག དེ་ནས་ཁམས་ཚན་ཞིག་འདུག ཀླུ་འབུམ་ཁམས་ཚན་རེད་ཟེར། དེའི་སྐབས་སུ་ཁང་པ་ཆེ་ཤོས་དེ་རེད་འདུག ངེད་ཚོ་ཕྱི་སྐོར་ལ་སོང་། ཕྱི་སྐོར་ལ་སོང་ན་སྐྱིད་མདོགས་ཁ་བོ་ཞིག་འདུག དེ་ནས་ཕྱི་སྐོར་གྲུབ་པ་དང་མར་རླངས་འཁོར་ཡོད་སར་ཡོང། ངེད་ཚོ་ཅུང་ཟད་སྔོན་མའི་གྲས་རེད་འདུག་པས་རླངས་འཁོར་ཕྱིར་འཁོར་བར་ད་དུང་ཅུང་ཟད་སྔ་དྲག་འདུག དེ་ནས་དམག་སྒར་གྱི་རས་གུར་མང་པོ་ཡོད་པའི་གཅིག་གི་ནང་དུ་མཛུལ་བ་ཡིན། དམག་མི་ཚང་མ་ལོ་ཆུང་རྐྱང་རྐྱང་རེད། ཟི་ཁྲོན་ནས་ཡོང་བ་ཡིན་ཟེར། ཁོ་ཚོས་ངེད་ཚོར་ནི་རྒྱ་རྐྱང་རྐྱང་ཡིན་པར་ཡིད་ཆེས་འདུག ངེད་ཚོ་ལ་ཆུ་ཁོལ་དང་འབྲས་སྤྲད། འབྲས་དང་མཉམ་པོ་དེ་ཚོ་ལ་ཚོད་མ་སྔོན་པོ་ཡང་ཟ་རྒྱུ་འདུག ངེད་ཚོས་ཀྱང་སྣང་དོག་མེད་པར་ཡར་མར་ཁ་བརྡ་བྱེད་ཞོར་དུ་འབྲས་ཟས། ཁོང་ཚོས་ཟེར་ན་དེ་ནས་ཁོ་ཚོས་ལས་འགན་ནི་དགའ་ལྡན་དགོན་པའི་གྲྭ་བ་ཚོ་ལྷ་སར་འགྲོ་རྒྱུ་འགོག་དགོས་པ་དེ་རེད་ཟེར། དེ་ནས་ངེད་ཚོའི་རླངས་འཁོར་གྱིས་འགྲོ་རན་པའི་བརྡ་བརྒྱབ། ངེད་ཚོ་རླངས་འཁོར་ནང་དུ་བུད། རླངས་འཁོར་བསྡོམས་པས་ལྔ་ཡོད་པ་རེད། རླངས་འཁོར་རེ་རེའི་ནང་དུ་མི་ ༤༢ རེ་རེད། མང་ཆེ་བ་བོད་པ་རེད། ངེད་ཚོ་ཕྱིར་ལམ་ལ་ཆས་ནས་རི་རྐེད་དུ་སླེབས་པ་ན། རླངས་འཁོར་ཡོངས་སུ་རྫོགས་པ་བཀག་སོང་། ཐག་མི་རིང་བའི་སར་དམག་མི་ ༣༢ རྒྱུགས་ཤར་ལྷོད་ནས་མར་འགྲོ་བཞིན་པ་མཐོང་། དེའི་སྔོན་དེར་གྲྭ་ཆུང་ཞིག་དང་། ཕྱུ་བ་དམར་པོ་གྱོན་པའི་ལོ་གཞོན་ཞིག་བྲོས་ནས་འགྲོ་བཞིན་པ་བཟུང་ནས་ཚང་མས་རུབ་རྒྱབ་ནས་ཉེས་རྡུང་བཏང་། དམག་མིས་རུབ་བརྒྱབ་ནས་ཉེས་རྡུང་གཏོང་བཞིན་པ་དེའི་ངང་ཚུལ་དེས་ནི། སྔར་ཕ་ཡུལ་ནས་ཞྭ་མོ་ཅན་གྱི་མི་རྣམས་ལ་ཚོགས་ཐོགས་ནས་དམར་སྲུང་དམག་གིས་རྡུང་བཞིན་པ་དེའི་རྣམ་པ་ཡིད་ལ་ལྷང་ངེར་དྲན་བཅུགས། དེ་ནས་ཁོང་གཉིས་ཐག་པས་ལག་པ་རྒྱབ་ནས་བཀྱིགས་ཏེ། དགའ་ལྡན་དགོན་པའི་ཕྱོགས་སུ་ཁྲིད་ནས་ཕྱིན། ངེད་ཚོ་རླངས་འཁོར་ནང་གི་གནས་མཇལ་བ་རྣམས་ནི་སྐྱིད་པོ་མེད་པ་ཆགས་ནས་ཕྱིར་ལྷ་སའི་ཕྱོགས་སུ་ག་ལེར་འོང་། གསུམ་པ། དེ་ནས་ངེད་ཚོ་མགྲོན་ཁང་དུ་ཡོད་དུས་དཔའ་རིས་ནས་ཡིན་པའི་ཚོང་པ་དེས་སྐད་བཏང་སོང་། དེ་རིང་དགོང་མོ་ཆུ་ཚོད་བཅུ་བའི་ཐོག་ཁོ་ཚང་ལ་ཟ་མ་ཟ་རུ་ཤོག དེ་ནས་ངེད་ཚོས་ལམ་ཡིག་སྐོར་ལ་སྐད་ཆ་བཤད་ཀྱི་ཡིན་ཟེར། ངེད་ཚོས་ངོས་ནས་ཀྱང་གྲ་སྒྲིག་བྱས། དེའི་སྐབས་སུ་ངེད་ཚོ་ལ་མར་གསར་བ་རྒྱ་མ་ཁ་ཤས་ཡོད། དེ་ཁས་ནས་ཆུ་ཚོད་བཅུ་བའི་སྟེང་ངེད་ཚོ་ཁོ་རང་གི་ནང་དུ་སོང་། ཁོ་ལ་ལྷ་ས་ནས་ཡིན་པའི་ཚོང་རོགས་གཅིག་འདུག ལོ་ཉི་ཤུ་ཉེར་གྲངས་ཡིན་པ། སྙིང་རྗེ་བོ་ཡོད་པ། གཟུགས་བཞི་ཡག་པ་དེ་འདྲའི་བུ་མོ་ཞིག་འདུག ཁོས་དེ་ངོ་སྤྲོད་བྱས་ནས་མོ་རང་གིས་ངེད་ཚོ་ལ་ཐུང་ཤིན་ཀྲིན་ཐབས་ཤེས་བྱེད་ཀྱི་རེད་ཟེར། ངེད་ཚོས་མོ་ལ་གུས་ཚུལ་གྱི་རྣམ་འགྱུར་བསྟན། མོས་ཀྱང་ངེད་ཚོ་ལ་རྣམ་འགྱུར་བསྟན། དེ་ནས་ངེད་ཚོས་མོ་ལ་ལག་རྟགས་ཅུང་ཟད་དེ་སྤྲད་། འོན་ཀྱང་མོ་རང་གིས་ལེན་གི་མིན་ཟེར་ནས་ཕར་ཚུར་ཨུ་ཚུགས་ཅུང་ཙམ་བྱས། མོས་མོ་རང་གོས་བཏགས་རིང་པོ་ཞིག་བསྐུར་ནས་འདི་༧ གོང་ས་མཆོག་ལ་ཕུལ་ནས་མོ་རང་གི་ནང་མི་ལ་སྐྱབས་འཇུག་ཞུ་ཐུབ་པ་བྱས་ཟེར། ངེད་ཚོ་འོ་ལོས་ཡིན་ངེད་ཚོ་ཐར་སོང་ན་དེ་ལ་ལོས་ཡིན་ཟེར་ནས་ཁས་བླངས། ཁོ་ཚང་གིས་ཤ་བཙོས། མོ་མོ་བཟོས། གནས་ལེན་ཟབ་རྒྱས་རེད་འདུག་དེའི་དགོང་མོ། དགོང་ཟས་ཟོས་ཚར་བ་དང་མོ་རང་ཐུང་ཤིན་ཀྲིན་ལེན་གི་འགྲོ་གི་ཡིན། ཁྱོད་ཚོ་འདིར་ཁ་བརྡ་བྱས་ནས་སྒུག་སྡོད་ཟེར། དེ་ནས་ངེད་ཚོས་བུ་མོ་དེའི་ཨ་མ་ལོ་ལོན་དེར་འཛུམ་ཙམ་འཛུམ་ཙམ་བྱས་ནས་བསྡད། མོ་རང་གི་ལྷ་སའི་སྐད་བཤད་པ་ངེད་ཚོས་མ་གོ མོ་རང་གིས་རྒྱ་སྐད་མི་ཤེས། ངེད་ཚོས་བཤད་པ་མོ་རང་གིས་མི་གོ དེ་ནས་དཔའ་རིས་པ་དེ་དང་སྐད་ཆ་ལྷོད་པ་ཡིན་མོད། ཁོ་རང་ལ་ཡང་སྐད་ཆ་འདྲ་མིན་བཤད་རྒྱུ་ཡོདམཁན་ཞིག་མ་རེད། དེ་ནས་ཁོས་ཟེར་ན་སངས་ཉིན་ངེས་པར་དུ་གནང་ཉིན་ལྷ་ས་ནས་ཐོན་དགོས། མོ་ཀྲ་ཧྥིན་ཐན་༼རླངས་འཁོར་ཆུང་བ་༽ཞིག་གྲ་སྒྲིག་བྱས་ཡོད་ཟེར། འགྲམ་བར་དུ་སྒོར་ བརྒྱད་ཅུ་རེ་སྤྲད་ན་འགྲིག ཁྱོད་ཚོ་མཉམ་པོར་ཚོང་པ་ཁ་ཤས་ཡོད། ཁོ་ཚོ་མོ་ཀྲའི་མདུན་ནས་སྡོད་དགོས་ཀྱི་རེད། ཁྱོད་ཚོ་རྗེས་ཀྱི་སྐུབ་སྟེགས་ཟིན་དགོས་ཟེར། ད་དུང་འགྲམ་ལ་སླེབས་པ་དང་རྔ་བའི་ཚོང་པ་ཞིག་གི་མིང་སྤྲད་ནས་འདི་རྩད་གཅོད་རོགས། དེ་མིན་གཞན་ལ་འབྲེལ་བ་མ་བྱེད་ཟེར། ང་ཚོས་ངོས་ནས་ལེགས་སོ་ཟེར་རྐྱང་བྱས་པ་རེད། ཆུ་ཚོད་བཅུ་གཉིས་ཙམ་ལ་བུ་མོ་དེ་ཕྱིར་སླེབས། ཐུང་ཞིན་ཀྲིན་ནི་ཤོག་བུ་རི་མོ་གསལ་ལ་མ་གསལ་བ་ཡོད་པ་ཞིག་གི་སྟེང་དུ་ཡི་གེ་གང་ཡང་མ་བྲིས་པར། སྟོང་པའི་སྟེང་དུ་ཐེལ་ཙེ་རྒྱབ་ནས་ཁས་ཡོང་འདུག མོ་རང་གིས་བཤད་དོན་འདིའི་སྟེང་དུ་རྒྱ་ཡིག་གིས་ངོ་སྦྱོར་ཕྲིས། མི་ལྔ་ལས་ལྷག་འབྲི་མི་རུང་ཟེར། དེ་ནས་ངེད་ཚོས་ཐུགས་རྗེ་ཆེ་ཞེས་ཞུ་ཞོར་དུ་སླར་མགྲོན་ཁང་དུ་ལོག ངེད་ཚོ་ཡུལ་ནས་ཡོང་དུ་རྩམ་པ་དང་ཆུ་ར་མར་བཅས་དཀྲིགས་ནས་ལམ་བྲོ་གྲ་སྒྲིག་བྱས་པ་ཁུག་མ་ཆེན་པོ་གསུམ་ཙམ་ཡོད། ངེད་ཚོ་ལ་ལམ་གྲོ་མང་པོ་མི་དགོས་པ་ཤེས་ནས་ཁུག་མ་གཉིས་གཞན་ལ་སྤྲོད་ཀྱི་ཐག་གཅོད་བྱུང་། སང་ཉིན་དེར་ངེད་ཚོ་ལྷ་སའི་པ་སྐོར་ལ་འཆམ། བྱ་ཁྱུང་ནས་ཡིན་པའི་གྲྭ་ཕྲུག་འགའ་དང་ཕྲད། ངེད་ཚོས་ལྷ་ས་ནས་མང་པོ་འདུག་རྒྱུ་ན་ངེད་ཚོ་ལ་རྩམ་པ་དང་ཆུ་ར་མང་པོ་ཡོད་དགོས་སམ་ཞེས་པས། ཁོང་ཚོས་དགོས་ཟེར། དེ་ནས་ཁོང་ཚོ་ཁྲིད་ཡོང་ནས་རྩམ་པ་ཏ་ཁུག་གཉིས་ཁོ་ཚོ་ལ་སྤྲད། ཉིན་དེར་པ་སྐོར་ནང་གི་ཟ་ཁང་ཁ་ཤས་ཀྱི་ཟ་མའི་བྲོ་བ་བལྟ་རུ་སོང་། ཐུག་པ་དེ་ཚོ་ལ་ཚལ་རིགས་ཉུང་དྲག་པའི་སྣང་བ་སྟེར། དེ་ནས་པ་སྐོར་རྒྱབ་ལོག་ན་ཁ་ཆེའི་ལྷ་ཁང་ཆེན་པོ་ཞིག་ཡོད་པ་མཐོང་། པ་སྐོར་མཐའ་ཡོངས་སུ་རྫོགས་པར་ཚོང་ཆུང་ཆུང་ཟིན་མཁན་དང་། སློང་མོ་བ། གྲོང་ཆོག་པ། ཁེངས་ནས་བསྡད་འདུག ད་དུང་མདུན་ཕྱོགས་གཡས་འགྲམ་ན་ཁང་པ་ཞིག་ཡོད་པ་དེའི་ནང་གི་བར་ཁྱམ་ཆེན་པོ་ཞིག་རེད་ལ་དམག་མི་མང་པོ་ཞིག་གིས་སྐད་རྒྱག་བཞིན་ལུས་རྩལ་སྦྱོང་བརྡར་བྱེད་ཀྱི་ཡོད་པ་མཐོང་ཐུབ། གཙུག་ལག་ཁང་གི་གཡོན་འགྲམ་ན་བསང་ཁུངས་ཞིག་ཡོད་པ་དེ་ལ་རྩམ་པའི་བསང་ཞིག་ཕུལ་བ་ཡིན་དགོང་དྲོ། དེའི་འོག་ཆེན་པོ་སྐུ་འབུམ་གྱི་མཆོད་རྟེན་སྒོ་བཞི་འོག་དང་མཚུངས། འོན་ཀྱང་མི་འདྲ་ས་ཞིག་ནི་བསང་ཁུང་དེར་སྒོ་ཆུང་ཆུང་ཞིག་མ་གཏོགས་མེད་པས་ནང་དུ་ཤིན་ཏུ་དྲོ་བོ་ཡོད་ས་རེད། སྤྲང་བོ་མང་པོ་ནང་དུ་ཉལ་ས་བཟོས་འདུག ཡ་མཚན་པ་ཞིག་ལ་དེར་ཉལ་བཞིན་པའི་སྤྲང་བོ་ཚང་མ་ལོ་ཆུང་བྱིས་པ་རྐྱང་རེད་འདུག དེ་ནས་ཕོ་གསར་ཞིག་དང་ཕྲད། ཁོ་རང་ཐེ་བོ་ནས་རེད་འདུག ངེད་ཚོས་ཁ་བརྡ་བྱེད་བཞིན་བྱེད་བཞིན། ཁོས་ཁོ་རང་རྒྱ་གར་ལ་འགྲོ་བཞིན་པས་ལམ་གྲོགས་དགོས་ཟེར། འོན་ཀྱང་ངེད་ཚོས་ཁོ་ལ་རོགས་པ་བྱེད་མ་ནུས། རྒྱུ་མཚན་ནི་ཡིད་མ་ཆེས་པ་རེད། གལ་ཏེ་དེ་དུས་ཡིད་ཆེས་ཡོད་ན་ཁོ་ཡང་ངེད་ཚོས་ཐུང་ཤིན་ཀྲིན་ནང་དུ་བྲིས་ན་འགྲིག་པ་ཞིག་རེད། དེ་ནས་ངེད་ཚོ་ཁ་ཁ་སོང་། ངེད་ཚོ་མགྲོན་ཁང་དུ་སླེབས་ནས་མགྲོན་བདག་ལ་རྩིས་རྒྱབ་ནས་སངས་ཞོགས་ཆུ་ཚོད་བཞི་བར་ཐོན་ཆོག་པ་ཞེས་བཤད། མགྲོན་བདག་ནི་ངོ་ནས་ཁ་ཡངས། འཛུམ་སྟོན་པར་དགའ་བར་མ་ཟད་། ངེད་ཚོ་ལ་དུས་རྒྱུན་ཆུ་ཁོལ་བསྐྱལ་བ་དེ་འདྲ་ཡག་པོ་ཞིག་རེད་འདུག རྗེས་མ་ཡང་བསྐྱར་མགྲོན་ཁང་དུ་ཤོག་འ་ཟེར། རེད་ཡ། ག་དུས་ཞིག་ལ་མགྲོན་ཁང་དེར་སླར་ཡང་སྡོད་ཐུབ་ཀྱི་རེད། ཕྱི་ཉིན་ཞོགས་པ་ཆུ་ཚོད་བཞི་བ་ཙམ་ལ་ཁ་ཆད་བྱས་པ་ལྟར་གྱི་ལམ་ཁར་སོང་པ་ན་ཧྥིན་ཐན་དཀར་པོ་ཞིག་སྒུག་ནས་འདུག ངེད་ཚོ་རྒྱབ་ཕྱོགས་ཀྱི་རྐུབ་སྟེགས་ལ་སོང་ནས་བསྡད། སྒུག་ཡུན་རིང་མ་དགོས་པར་ཚོང་པ་ཡིན་ཟེར་མཁན་དེ་ཚོ་སླེབས་སོང་། མི་བཞི་ཙམ་འདུག རླངས་འཁོར་འགྲོ་བའི་འགོ་ཚུགས། ཡར་འབྲོག་གཡུ་མཚོ་ལ་མ་སླེབས་པར་དུ་ངེད་ཚོ་ལ་གྲགས་འགུལ་གང་ཡང་མི་འདུག ཡར་འབྲོག་གཡུ་མཚོ་ནི་ཟོག་གི་ལོང་ཀ་ལྟར་ཤར་མོ་འཁྱོག་ནས་ཡོད་པའི་མཚོ་ཞིག་རེད། དེའི་ཁར་སླེབས་པ་དང་ཁ་ལོ་བས་བསྭོ་བསྭོ་བསྭོ་ཟེར་ནས་གླུ་དབྱངས་ཡིན་ནམ། འདོན་པ་ཡིན་ཆ་མ་འཚལ་བ་ཞིག་གིས་མགོ་ཚུགས་ནས་ངག་ལ་གྱེར། ངའི་བསམ་པ་ལ་ད་ཡིན་ན་བོན་པོའི་འདོན་པ་ཞིག་ཡིན་རྒྱུ་རེད་བསམ། འོན་ཀྱང་རྗེས་སུ་ཤེས་པ་ལྟར་ན་དེ་ནི་ལྷ་མོའི་རྣམ་ཐར་རེད་འདུག ཁ་ལོ་བ་དེས་གླུ་ལེན་ཞོར་དང་སྐད་ཆ་བཤད་ཞོར་རྫོགས་རྒྱུ་གང་ཡང་མི་འདུག ཚོང་པ་ཡིན་ཟེར་མཁན་དེ་ཚོར་ཁ་གྲགས་རྒྱུ་གང་ཡང་མི་འདུག བློ་བཟང་གིས་རྒྱ་གཞས་སྐབས་དེར་དར་སོ་ཆེ་བ་ཁ་ཤས་ཁས་ཡོད་པ་རེད། དེ་ཚོ་མོ་ཀྲའི་ནང་གྲགས་བཅུགས་པས་ད་དུང་སྒྲ་སྙན་རྡུང་ལེན་ཁ་ཤས་ཁས་ཡོད་པ་དེ་ཚོ་ཡང་གྲགས་བཅུགས། དེ་ལྟར་བྱས་ནས་ལམ་རིང་བོ་གླུ་ཡིས་བཅད་ནས་རྒྱང་རྩེ་ལ་སླེབས། ཐག་རིང་ནས་དཔལ་འཁོར་མཆོད་རྟེན་མཇལ་ཐུབ། འོན་ཀྱང་ས་བབས་ནས་གནས་མཇལ་ལ་མ་སོང་། དེའི་སྟེགས་ན་རྡོ་བས་བརྩིགས་པའི་མདའ་ར་གཤིག་རོ་འདུག དེ་ཚོ་ནི་སྔོན་ཆད་དབྱིན་ཇི་དང་བོད་པའི་བར་དུ་དམག་འཁྲུགས་བརྒྱབ་པའི་ས་གནས་རེད་ཟེར་ནས་ཁ་ལོ་བས་གནས་བཤད་བྱས། དེ་ནས་རིམ་ཕར་སོང་སོང་བས་གཞི་ཀ་རྩེ་ལ་སླེབས། ངེད་ཚོའི་རླངས་འཁོར་རླངས་འཁོར་འགོག་སའི་སླེ་ར་ཞིག་ཏུ་བཀག ངེད་ཚོ་ལ་མགྲོན་ཁང་བླངས། དེ་དུས་ཕྱི་དྲོའི་ཆུ་ཚོ་གསུམ་པ་ཙམ་རེད། ངེད་ཚོ་བཀྲ་ཤིས་ལྷུན་པོ་གནས་མཇལ་ལ་སོང་། རྟེན་འབྲེལ་ཡག་པོ་ཞིག་ལ་ཚོགས་ཆེན་ལ་དགེ་འདུན་པ་རྣམས་ཚོགས་ཞིང་ཕྱག་སྡེ་རྣམས་ཀྱིས་ཚོགས་ལ་ཇ་འགྲེམ་བྱེད་རྒྱུ་ལྟ་གོན་གྱི་འདུ་ཁང་གི་སྒོ་འགྲམ་ན་དམིགས་བརྩེ་མ་སྒོ་དབྱངས་གྱེར་བ་དང་ཕྲད། བཞི་བ།

དེ་ནས་གྲྭ་ཕྲུག་ཚོས་དམིགས་བརྩེ་མའི་སྒོ་དབྱངས་དེ་གང་འཚམ་སྐྱོར་རྗེས་སྒོ་ཆེན་ནང་ནས་བློ་བུར་དུ་ཕྱེས། ཕྱག་སྡེ་རྣམས་ཚོགས་སུ་ཇ་འདྲེན་ལ་འུར་གྱིས་རྒྱུགས། ངེད་ཚོ་མཇལ་བ་རྣམས་ཀྱང་དེའི་རྗེས་སུ་མངགས། བཀྲ་ཤིས་ལྷུན་པོའི་འདུ་ཁང་གི་ནང་ནི་ནག་ཁུང་ལྟ་བུ་རེད། འོན་ཀྱང་ཅུང་ཟད་མཐོང་ཐུབ། ས་འམ་རྡོ་ལས་བརྩིགས་པའི་གྲལ་ཁྲི་དེ་ཚོ་ཤིན་ཏུ་མཐོ་བར་མ་ཟད། སྒོའི་ཕྱོགས་སུ་གཤར་ནས་མེད་པར། ཁ་ཤས་གཡས་སུ་བསྐོར་ཡོད་ལ། ཁ་ཤས་གཡོན་དུའང་ཡོད། དཀྲུགས་ནས་བཟོས་འདུག ངེད་ཚོ་མཇལ་བ་གྲས་ནས་ལངས་ནས་སོང་ན། དགེ་འདུན་པ་བཞུགས་ཡོད་པའི་དབུ་དང་མཉམ་པོར་སླེབས་མ་ཐུབ་ཙམ་རེད། མཇལ་བ་རྣམ་གྲལ་བར་ནས་གཡས་དཀྱོག་གཡོན་དཀྱོག་མང་པོ་བྱས་ནས་སོང་ན། ད་བཟོད་གྲལ་འགོ་ལ་སླེབས་ཐུབ། མཇལ་ཁ་ཞུས་རྗེས་པན་ཆེན་སྐུ་ཕྲེང་བཅུ་བས་བཞེངས་པའི་སྐུ་གདུང་ཤར་བཀྲ་ཤིས་རྣམ་རྒྱལ་ལ་མཇལ་ཁ་ཞུ་བར་སོང་། ལྷ་ཁང་དེར་ཅུང་ཟད་གསལ་པོ་འདུག དེ་ནས་ཡུན་རིང་མ་བསྡད། གང་ཡིན་ཟེར་ན་འཕྱི་བོ་ཆགས་ནས་སྒོ་ཆེན་རྒྱག་གི་རེད་ཟེར། དེ་ནས་ངེད་ཚོ་ཤར་རྒྱག་ཁྲོམ་རར་སོང་། ཤ་ཁྲོམ་རར་སླེབས་སོང་། ལུག་ཤ་ཤ་ཁོག་མང་པོ་བསིལ་སྐམ་བྱས་ཞིང་། སྦུབ་སྦུབ་བྱས་ནས་ཚོང་གི་འདུག ངས་ལུག་ཤ་ཁོག་སྨད་ཅུང་ཟད་ཚོན་པོ་ཞིག་བཅད་ནས་གོང་ཚད་དྲིས། ཤ་ཚོང་གིས་སྒོར་༡༥ རེད་ཟེར། དེ་འདྲའི་ལུག་ཤ་གོང་ཁེ་བོ། ཤ་ཁོག་ཁོག་སྨན་ཡོངས་རྫོགས་ལ་སྒོར་བཅོ་ལྔ་རེད། ང་ཚོས་ཉོས་ནས་མགྲོན་ཁང་གི་ར་སྐོར་དུ་ཡོང་ནས། མགྲོན་ཁང་བདག་པོ་ལ་ཧ་ཡང་ཞིག་གཡར། ལྷས་རའི་ནང་དུ་རྡོ་ཐབ་བཙུགས་ནས་ཤ་བཙོས། ཤ་ཚོས་བ་དང་ང་ཚོའི་རོགས་པ་ཚོང་བ་ཚང་མ་དེར་སླེབས་ནས་རང་རང་གི་བྲོ་ཤ་མར་བླངས། ཚང་མ་ལ་བྲོ་ཤ་ཡག་ཐག་ཆོད་འདུག འོན་ཀྱང་ཁོང་ཚོ་ལ་ཤ་ཁུ་དགོས་ཟེར། ངེད་ཚོས་ཀྱང་ཁོང་ཚོ་དང་མཉམ་དུ་ཤ་ཟ་ཞོར་དང་ཤ་ཁུ་འཐུང་ཞོར། ད་དུང་མི་གཅིག་ལ་གོ་རེ་ཡང་འདུག དེ་ནས་ང་ཚོས་ཚོང་བ་ཚོ་དང་ལྷན་དུ་ཁ་བརྡ་བྱེད་པའི་འགོ་བཙུགས། དེའི་ནང་ན་བླ་བྲང་གི་འཇིགས་མེད་ཟེར་བའི་ཚོང་བ་ཞིག་ཀྱང་འདུག ངེད་ཚོས་ཁ་བརྡ་བྱེད་ཀྱིན་གཅིག་གཅིག་ལ་མཐུན་པོ་འདྲ་བོ་ཆགས་སོང་། དེ་ནས་ངེད་ཚོ་གསུམ་གློག་བརྙན་ལ་བལྟ་རུ་འགྲོ་རྒྱུ་བྱས། འོན་ཀྱང་ཚོང་བ་ཚོ་མི་འགྲོ་ཟེར། ངེད་ཚོ་གློག་བརྙན་ཁང་དུ་སོང་། དེར་རྒྱ་གར་གྱི་ལྟད་མོ་རྙིང་བ་ནོ་རེ་ཟེར་བ་དེ་བསྟོན་བཞིན་འདུག ངེད་ཚོ་ལ་གློག་བརྙན་དེ་ནི་རྒྱ་གར་གྱི་ལྟད་མོའི་ཐོག་མ་རེད། གློག་བརྙན་ཚར་བ་དང་ཕྱིར་མགྲོན་ཁང་དུ་ཡོང་ནས་གཉིད་དུ་ཡུར། ཕྱི་ཉིན་ནམ་མ་གསལ་གོང་ངེད་ཚོ་ལམ་ལ་ཆས། བཀྲ་ཤིས་ལྷུན་པོ་བརྒལ་ནས་བཟུང་། བོད་ཀྱི་ས་ཡིན་ན་ཡང་ཁ་ཤས་ན་དམར་བོར་རྡེ་བསེགས་དང་འདྲེ་བ། ཡང་ན་སྐྱ་བོ་སྐྱ་ཐང་ཐང་། འོ་ཡ། ད་ཡིན་ན་རི་ལུང་ཀུན་ཏུ་སྤང་ལྗོངས་གང་ཡང་མཐོང་རྒྱུ་མེད་པ་སོང་གི་སོང་གི་སེམས་པ་སྐྱོ་བ་དེ་འདྲ་རེད། གང་འཚམ་ཞིག་ནས་ཏིང་རི་ལ་སླེབས་པ་རེད་ཟེར། ཆུ་བོ་ཞིག་དང་ཐག་ཉེ་སར་དམག་གིས་སྲུང་ནས་འདུག ཚང་མའི་ཐུང་ཞིན་ཀྲིན་ལ་བརྟག་དཔྱད་གཏོང་གི་འདུག ངེད་ཚོ་རླངས་འཁོར་ནས་མར་མ་བབས་པར་དམག་མི་ཚོ་ཚུར་བརྟག་དཔྱད་ལ་ཡོང་བར་སྒུག འོན་ཀྱང་གནམ་གཤིས་གྲང་བའི་རྐྱེན་ནམ། དམག་མི་ཚོས་ཆེ་བ་སྟོན་གྱི་ཡོད་མ་ཤེས་མོད། ཁོ་ཚོའི་ནང་ལ་ཐོ་བཤར་བྱེད་པར་ཡོང་དགོས་ཟེར་ནས་འབོད་སྒྲ་བཏང་། དེ་ནས་ངེད་ཚོ་སོང་ནས་ཐུང་ཤིན་ཀྲིན་བསྟན་ཙམ་བྱས་ན་འགྲིག་གི་འདུག རེ་རེ་བཞིན་ཐོ་བརྒྱབ་ནས་ཟླ་གཅིག་གཉིས་ལས་ལྷག་བསྡད་མི་ཆོག་ཟེར། ངེད་ཚོས་ཀྱང་ལེགས་སོ་ཟེར་ནས་ཡོང་། དེ་ནས་མུ་མཐུད་དུ་ནུབ་ཕྱོགས་སུ་བསྐྱོད། གང་འཚམ་སོང་རྗེས་གངས་རི་དང་གཡའ་རི་མཐོང་བའི་མགོ་བཙུགས། སྐད་གྲགས་ཅན་གྱི་གངས་རི་རེ་རེ་བཞིན་ཁ་ལོ་བས་འགྲེལ་བཤད་བརྒྱབ། གངས་མཐོན་མཐིང་སོགས། མདུན་གྱི་དེ་དང་དེ་ཕར་རྒྱབ་གྱི་སོགས་རེ་རེ་བཞིན། འོན་ཀྱང་ངའི་སེམས་ལ་ནི་ཅང་ངེས་མ་སོང་། ད་དུང་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཕ་ཡུལ་དང་སྒོམ་རྒྱབ་སའི་གནས་སོགས་མཛུབ་མོ་ཀེར་ནས་བསྟན། གངས་རི་རེ་རེ་མཐོང་བ་དང་། ཉག་ག་རེ་རེའི་ཁར་བུད་ན་ཁ་ལོ་བས་བསྭོ་བསྭོ་ཟེར་ནས་ཀི་འདེབས་པར་མ་ཟད། མགོ་ཞྭ་མོ་ཕུད་ནས་གུས་ཞབས་བྱེད། འོན་ཀྱང་ངེད་ཚོ་གསུམ་གྱི་དེའི་སྐོར་གང་ཡང་མི་ཤེས་པས་དེ་འདྲའི་དད་གུས་རང་བྱས་མེད། གཅིག་བྱས་ན་ལོ་ཚད་ལ་ཡང་རག་ལས་པས་དེ་འདྲ་ཤེས་ཀྱི་མེད་པ་འམ་ཚོར་བ་དེ་འདྲ་སླེབས་ཀྱི་མེད་ཚོད། གཅིག་བྱས་ན་ངེད་ཚོ་རིག་གནས་གསར་བརྗེའི་སྐབས་སུ་སྐྱེ་བའི་ཕྲུག་གུ་ཡིན་པས་དེའི་བགས་ཆགས་ཡོད་ན་ཡང་ཐང་། དེ་ལྟར་སོང་སོང་པའི་མར་དམྱལ་ལམ་སྒང་གི་ཉག་ཀ་དེའི་ཁར་སླེབས། དེ་ནས་བལྟས་ན་བལ་ཡུལ་ཐང་མཐོང་བར་མ་ཟད། འགྲམ་གྱི་ལུང་གཞུང་ཡོངས་སུ་བང་ལ་བླངས་པ་ལྟར་མཐོང་། ཕར་དཀྱོགས་ཚུར་དཀྱོགས་བྱས་ནས་དམྱལ་ལམ་ལ་སླེབས། དམྱལ་ལམ་ནི་ངོ་ནས་དམྱལ་ལམ་ལྟ་བུ་རེད། བྲག་རྐེད་ནས་རླངས་འཁོར་སོང་ན་འོག་ཏུ་བྱ་རྒོད་འཕུར་གྱི་ཡོད་པ་མཐོང་བས་ལུང་ཞབས་གསལ་བོ་མཐོང་མི་ཐུབ། འོ་ཡ། ད་ཡིན་ན་དམྱལ་ལམ་འགག་སྒོའི་ལམ་སྲུང་དམག་མི་དང་ཕྲད། འོན་ཀྱང་དེའི་ཉིན་མོར་ཟླ་བཅུ་ཚེས་གཅིག་སྟེ། ཀྲུང་གོ་རྒྱལ་ཁབ་གྱི་རྒྱལ་སྟོན་དུས་ཆེན་ཉིན་དང་འཁེལ་འདུག་པས། དམག་མི་ཚང་མ་ར་བཟི་ནས་སྒེའུ་ཁུང་ལས་མར་མ་བབས་པར་ཟམ་པ་ཐོག་ནས་ཁྱོད་ཚོ་སོང་། མགྱོགས་སུ་སོང་། ངེད་ཚོ་ཏ་སི་རྩེད་དགོས་ཟེར་ནས་འུར་རྒྱག་བཞིན་འདུག ངེད་ཚོ་ནི་ཤར་སེ་སོང་། རི་རྐེད་བརྒྱུད་ནས་ཕར་དཀྱོག་ཚུར་དཀྱོགས་ཀྱིས་འགྲམ་ལ་སླེབས། འོན་ཀྱང་གང་ཏུ་འགྲོ་མིན་ལ་གཏད་སོ་གང་ཡང་མེད་པ་ལྟ་བུ་ཆགས། རྒྱུ་མཚན་ནི་ས་ཆ་མེད་རྒྱུས་མེད་ཡིན་པའི་སྟེང་དུ། དམག་མི་ཤིན་ཏུ་མང་པོ་འདུག ངེད་ཚོས་འཇིགས་མེད་ཟེར་བའི་ཚོང་པ་དེ་ལ་དྲིས་པ། རྔ་བ་ནས་ཡིན་པའི་ཚོང་བ་དེ་གང་ན་ཡོད། ཁོས་ཟེར་ན་རྔ་བའི་ཚོང་བ་དེ་དེང་སང་འགྲམ་ན་ཡོད་པ་མ་རེད། འོན་ཀྱང་ཁྱོད་ཚོའི་བཟོ་བལྟ་བལྟས་ན་རྒྱ་གར་ལ་འགྲོ་མཁན་འདྲ་བོ་འདུག ངས་ཁྱོད་ཚོ་ལ་རོགས་པ་བྱེད། སྔོན་ཆད་ངས་རྒྱ་གར་ལ་འགྲོ་མཁན་ལ་རོགས་པ་རྩ་ནས་བྱས་མྱོང་མེད། འོན་ཀྱང་ཁོང་གིས་རོགས་པ་ཞིག་བྱེད་འདོད་ཟེར། ང་ཚོས་ཀྱང་ཡ་ཡ། དེ་ན་སྔོན་ལ་ངེད་ཚོ་ལ་མགྲོན་ཁང་ཞིག་དགོས་ཟེར་ནས་དང་པོ་མགྲོན་ཁང་ཞིག་ཏུ་བསྡད། དེ་ནི་ཤིང་རྐྱང་རྐྱང་གི་ལས་པའི་ཁང་པ་ཞིག ངེད་ཚོ་ཉིས་ཐོག་ལ་བསྡད། ཁང་པའི་ནང་གི་ཆེ་ཆུང་ཚང་མ་འགྲམ་ས་ཆ་དེ་རང་ལྟར་དོག་དོག་དེ་འདྲ་རེད། ངེད་ཚོ་འཇིགས་མེད་ཀྱིས་མངགས་པ་ལྟར་ཡར་མར་མང་པོ་མ་སོང་མོད། དེའི་དགོང་མོར་ཉེན་རྟོག་པ་གཉིས་མགྲོན་ཁང་དུ་སླེབས་ནས་དྲི་བ་བཏང་། ངེད་ཚོས་ས་འཚམ་ལ་ཡོང་དགོས་པའི་རྒྱུ་རྐྱེན་འདི་ལྟར་བཤད། ངེད་ཚོ་ཚོང་གཡོག་དེ་འདྲ་ཡིན། ང་ཚོ་སྦྱིན་བདག་གི་སྒོར་མོ་མང་པོ་ཞིག་ཚོང་ཤག་གི་ལག་ཏུ་ཤོར་ཡོད་པས་དེ་ལེན་ཏུ་ཡོངས་པ་ཡིན་ཟེར་ནས་བཤད། ཁོང་ཚོས་ག་དུས་འགྲོ་མིན་དྲིས། ངེད་ཚོས་ཚོང་ཤག་དེ་ད་ལྟ་བལ་ཡུལ་ཏུ་ཚོང་ལེན་ཏུ་ཕྱིན་ཚར་འདུག ཕྱིར་སླེབས་པ་དང་ངེད་ཚོ་འགྲོ་གི་ཡིན། འོན་ཀྱང་ག་དུས་སླེབས་མིན་མི་ཤེས་པས། ཟླ་གཅིག་གི་ནང་ཚུན་དུ་སླེབས་པའི་རེ་བ་ཡོད་ཟེར་ནས་བཤད། འོན་ཀྱང་ཁོང་ཚོས་ཁྱོད་ཚོ་རྒྱུན་རིང་པོ་སྒྭག་དགོས་ན་ཙན་ཀྲུའུ་ཀྲིན༼ས་མཚམས་སྡོད་པའི་ཆོག་མཆན༽ལེན་དགོས་ཟེར། ངེད་ཚོས་ཀྱང་ལེགས་སོ་ཟེར་བ་ཡིན། དེ་ནས་ཁོང་ཚོ་ཕྱིར་ལོག ངེད་ཚོ་གཉིད་དུ་ཡུར། ལྔ་བ།

ཕྱི་ཉིན་ཞོགས་པ་ཡར་ལངས་ནས་ཕྱི་ལ་ཉུལ་བར་སོང་། འགྲམ་ཕྲང་འགག་དོག་མོ་དེར་ཚོང་ཁང་ཁ་ཤས་ཡོད་པ་ཤེས། མ་ཟད་ཟ་ཁང་ཡང་ཁ་ཤས་འདུག འོན་ཀྱང་ཡང་མར་རྩད་གཅོད་བྱེད་པ་ཤིན་ཏུ་ནས་དཀའ་སེ་འདུག ག་ས་ག་ལ་དམག་གིས་ཁེངས་འདུག ད་དུང་རྒྱལ་མཚམས་འཕྲེང་འགག་དེར་རྒྱལ་ཁབ་གཉིས་ཀའི་དར་ཆ་ལྷབ་ལྷུབ་དུ་གཡོ་བའི་དཀྱིལ་ན་ཟམ་པ་ནི་ཤར་སེ་ནེ་པ་ལའི་ས་ཐོག་ཏུ་འཐེན་འདུག ཟམ་པའི་སྟེང་ན་ནེ་པ་ལའི་ས་མཚམས་ཀྱི་མི་རྣམས་ལག་ལ་ཐག་པ་དང་། སྟ་རེ་བཟུང་ནས་ཕར་ཚུར་འགྲོ་འོང་བྱེད་པ་མཐོང་ཐུབ། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ངེད་ཚོ་ཟམ་ཁ་ནས་འགྲོ་ཆོག་པའི་ལམ་ཡིག་ཆོག་མཆན་རེག་རྒྱུ་མ་རེད། དེ་བས་ན་ངེས་པར་དུ་ཕ་མ་གཉིས་ཀས་གནང་བའི་རྐང་པ་འདི་ལ་རྟེན་ནས་གཏིང་རིང་དུ་ཟུག་པའི་གཅོང་རོང་དང་། དགུང་ལ་ཟུག་པའི་རི་བོ། ཤིན་ཏུ་སྟུག་པའི་ནགས་ཚལ། མེ་མདའ་བཟུང་བའི་དམག་མི་བཅས་ཀྱི་ཁ་ལས་ཐར་དགོས། དེ་ལྟར་ཡར་མར་གྱི་གནས་ཚུལ་ཉུལ་ཞིབ་བྱས་ཤིང་། ངེད་ཚོ་གྲོས་ཁ་བསྡུར། འོན་ཀྱང་ཚོང་པ་འཇིགས་མེད་ཟེར་བ་ཁོ་ལ་རོགས་རེས་ཞུ་རྒྱུ་དེ་ལས་དགའ་བའི་ཐབས་ཤེས་ཞིག་མ་རྙེད། དེ་ནས་ངེད་ཚོ་ཁོ་དང་མཉམ་པོར་གྲོས་བསྡུར་བྱས། ཁོང་གིས་ངེད་ཚོའི་སྒོར་མོ་ཡོངས་རྫོགས་བརྗེས་དགོས་པའི་དགོངས་ཚུལ་བཏོན། སྐབས་དེར་ཁྲོམ་ར་ན་རྒྱ་སྒོར་རེ་ལ་བལ་སྒོར་བདུན་རེ་རེད། ཁོང་གིས་ངེད་ཚོ་ལ་རྒྱ་སྒོར་རེ་ལ་བལ་སྒོར་ལྔ་རེ་བྱས་ནས་བརྗེས། འོན་ཀྱང་ཁོང་གིས་ཁས་ལེན་བྱས་པ་ལྟར་ན། གལ་ཏེ་བལ་ཡུལ་གནས་ལེན་ཁང་དུ་མ་སླེབས་བར་དུ་ཁོང་གིས་འགན་ཁས་རྒྱུ་ཡིན་ཟེར། གལ་ཏེ་སྟབས་མ་ལེགས་པར་ཕྱིར་སླེབས་དགོས་བྱུང་ན་ཡང་བསྐྱར་ཁོང་གིས་ཕར་སླེབས་ཐབས་བྱེད་ཀྱི་ཡིན་ཟེར། དེ་ནས་ངེད་ཚོས་ངོས་ནས་ཀྱང་ངེས་ལེན་བྱས་ནས་རྒྱ་སྒོར་ཡོངས་སུ་རྫོགས་པ་ཁོ་བརྒྱུད་ནས་བརྗེས་པོ་རྒྱབ། འཇིགས་མེད་ནས་ནེ་པ་ལེ་ཤར་བའི་བྱི་ལི་ཞིག་ལམ་ཁྲིད་ལ་གླས་འདུག ཁོང་གིས་བཤད་ན་སྒོར་མོ་ཡོངས་སུ་རྫོགས་པ་ཁོ་རང་གིས་ཉར་ན་འགྲིག་ཟེར། གནས་ལེན་ཁང་དུ་སླེབས་པ་དང་ཡི་གེ་བྲིས་ནས་སྟེང་དུ་ས་ཡིག་འདི་རྒྱབ་ན་འདི་ནས་ལམ་ཁྲིད་ལ་ལམ་རྩིས་རྒྱབ་ཆོག་ཟེར། དེ་ཡང་ངོ་ནས་ཐབས་ཤེས་ཡག་པོ་ཞིག་རེད། གལ་ཏེ་གནས་ལེན་ཁང་ཏུ་མ་སླེབས་ན་ས་ཡིག་རྒྱག་དགོས་པ་མ་རེད། ཤར་རྒྱག་ཁོ་རང་བཙལ་ནས་ཤོག་ཟེར། དེའི་སྐབས་སུ་ལམ་ཁྲིད་ཀྱི་གླ་ཆ་ལ་རྒྱ་སྒོར་ལྔ་བརྒྱ་རེའི་རྩིས་རྒྱབ་པ་རེད། ངོ་ནས་ཁོང་གི་བཀོད་མངགས་དེ་འགན་ཆེན་པོ་དང་ལེན་བྱས་པ་རེད་བསམ། ཕྱིར་མགྲོན་ཁང་དུ་སླེབས་པ་དང་། ང་ཚོའི་མགྲོན་ཁང་གི་འོག་ན་གསར་བུ་ཞིག་འདུག ཁོ་རང་ཁེར་རྐྱང་དུ་ལམ་ཁ་ནས་ཡར་མར་ལ་བལྟ་བཞིན་འདུག ང་ཚོས་ཁོ་རང་ཡང་ང་ཚོ་དང་འདྲ་བར་ལམ་ཁ་ཉུལ་ཞིབ་བྱེད་མཁན་ཞིག་ཡིན་པ་ཤེས། དེ་ནས་ངེད་ཚོས་ཐུག་ཙམ་བྱས། ཟ་མ་མཉམ་དུ་ཟོས་པ་ཙམ་ལས་གཅིག་གཅིག་ལ་གནས་ཚུལ་གསལ་བོ་ཞིག་བཤད་མ་ཕོད། ཁོ་ནི་འོད་ཟེར་རྒྱ་བོ་རེད་འདུག རྗེས་སུ་ཤེས་པ་ལྟར་ན་ཁོ་ལ་ཁྲིད་ཡོང་རྒྱུའི་ལམ་གྲོགས་གཞན་གཉིས་ཡོད་འདུག ཁོང་གི་ལམ་གྲོགས་གཉིས་ཀྱིས་མཚན་མོ་མིག་གིས་གསལ་བོ་མི་མཐོང་བས་དེའི་ཆེད་དུ་ཁོང་གིས་ལམ་ནས་དཀའ་ལས་མང་པོ་བརྒྱབ་འདུག ཁོ་ནི་དངོས་ནས་ལམ་ཁ་ནས་བློ་གཏད་ཆོག་པའི་ལམ་གྲོགས་ཞིག་ཡིན་པ་རྗེས་སུ་ཤེས། འོན་ཀྱང་ངེད་ཚོ་གཅིག་གཅིག་ལ་ལམ་གྲོགས་སུ་མ་བསྐངས་པ་རེད། དེའི་དགོང་མོ་ངེད་ཚོ་གསུམ་ལ་ཡོད་པའི་རྩམ་པ་ཕལ་ཆེ་བ་བསང་ལ་ཕུལ་བ་ཡིན། དེ་ཡང་ང་ཚོ་ལ་འགོ་སྣ་འདྲེན་མཁན་བླ་བྲང་འཇིགས་མེད་ཀྱི་ཁྱིམ་གྱི་སྒོ་འགྲམ་དེར་བསང་ཁུངས་ཆེན་པོ་ཞིག་ཡོད་པ་དེ་ནས་རེད། འོ་ད་ཡིན་ན་འཇིགས་མེད་དེ་ཨ་མདོ་རྒད་པོ་རྣལ་མ་ཞིག་རེད། ཁོ་རང་བསང་ཁྲིའི་མདུན་ལ་ཡོང་ནས་ཡར་ལངས་དེ་བསང་ལ་ཆབ་གཏོར་རྗེས། མཆོད་ཨོཾ་ཨྰ་ཧྰུཾ༔ མཆོད་བླ་མ་ཡིད་དམ། དཔའ་བོ་མཁའ་འགྲོ ཆོས་སྐྱོང་སྲུང་མ། སྲིད་པ་ཆགས་པའི་ལྷ་དགུ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། ས་འདི་ས་བདག གནས་འདིའི་གནས་བདག་སོགས་མང་པོ་ཞེ་བོ་ཞིག་སྐད་བཏང་ནས། དེ་ནས་དོན་དག་རྡོག་རྡོག་དེ་ལམ་ལ་འགྲོ་བའི་ལམ་འགྲུལ་བ་གསུམ་ལ་ཁ་འཛིན་དང་སྡོང་གྲོགས་མཛོད་ཅིག་ཟེར་བ་དེ་རེད། དེ་ནས་ཁོང་གིས་ནང་ལ་གསང་སྟབས་ཀྱིས་སོང་། ཁོང་རང་གི་ནང་ལ་རེབ་དེར་མ་གཏོགས་སོང་ཡོད་པ་མ་རེད། ཁོང་གིས་ཀྱང་ཤ་བཙོས་ནས་གནས་ལེན་གཟབ་རྒྱས་བྱས། དེ་ནས་ཁོང་གིས་ངས་བཀོན་པའི་གོ་ལྷམ་དེ་ཐག་རིང་ལ་སོང་ན་བདེ་རྒྱུ་མ་རེད། འདིར་བཞག་ཞོག ཁོང་གི་ནང་ན་རྒྱ་ནག་ནས་ཐོན་པའི་རྐང་རྩེད་སྒང་ལི་རུ་ཁག་གིས་གྱོན་རྒྱུའི་རས་ལྷམ་དཀར་བོ་རྐང་པའི་འགྲམ་ན་བུ་ག་གསུམ་ཅན་པ་ཞིག་ཡོད་པ་དེ་གོན་བཅུགས་སོང་། ངོ་ནས་ལྷམ་བདེ་བོ་ཞིག་འདུག ཐག་རིང་མོ་ཅི་འདྲ་ཞིག་ལ་འགོས་དགོས་རུང་སེམས་ཁྲལ་མེད་པའི་སྣང་བ་སྟེར། ད་དུང་ཁོང་གིས་སང་ཉིན་ནས་ཉིན་གཉིས་གསུམ་རིང་ལ་ཤུགས་རྒྱབ་ནས་རྐང་ཐང་ལ་སོང་ན་དེ་ནས་བལ་ཡུལ་དུ་བདེ་བར་འབྱོར་རྒྱུ་རེད། བྲོ་ཀ་སོགས་མང་པོ་ཁྱེར་དགོས་ཀྱི་མ་རེད་གསུངས། དེ་ནས་ཁོང་གིས་བཀོད་མངགས་ལྟར་ངེད་ཚོ་མགྲོན་ཁང་དུ་ཡོང་ནས་གཉིད་དུ་ཡུར། ཕྱི་ཉིན་ཞོགས་པ་ཆུ་ཚོ་གསུམ་བ་ཙམ་ལ་ལམ་ཁྲིད་ངེད་ཚོའི་ནང་དུ་སླེབས། འདི་ནས་བཟུང་སྐད་ཆ་ཚང་མ་ཤབ་ཤུབ་བཤད་དགོས། སྔོན་ཆད་ཆུང་བྱིས་པའི་སྐབས་སུ་ལ་ཕུག་རྐུ་མ་རྒྱག་གི་འགྲོ་སྐབས་ཀྱི་སྣང་ཚུལ་དང་གཅིག་པ་རེད། ཁོང་གིས་བལ་ཡུལ་གྱི་གོན་པ་ལུང་པ་གང་ཁུར་ནས་ཡོང་འདུག ངེད་ཚོ་ལ་འདི་དག་གོན་དགོས་ཟེར། ངེད་ཚོའི་གོན་པ་འོག་ལ་གྱོན་ནས་བལ་ཡུལ་གྱི་གོན་པ་ཐོག་ལ་གོན། ཚང་མ་དཀར་བོ་དཀར་རྐྱང་རེད། ཐོག་མར་དོར་མ་གོན། འོ་ཡ་ད་ཡིན་ན་དོར་མ་ཡ་མཚན་པ་ཞིག་ལ་རྐང་པའི་སུག་ཆག་ཁ་བསྡམ་ནས་བསྡད་འདུག་ལ། དོར་མའི་རྐེད་པའི་མཚམས་དེ་ནི་མི་གཉིས་ནང་དུ་འཛུལ་ན་ད་དུང་ཆེ་སེ་ཡོད་པ་དེ་འདྲ་ཞིག་རེད་འདུག འོན་ཀྱང་ཁ་ན་ཁ་ལུང་ཞིག་ཡོད་པ་དེས་གཅིག་འཐེན་ན་བསྡམ་ནས་བཞག་འཇོག་པ། ངའི་ཨ་ཕའི་དུ་ཁུག་དང་མཚུངས་པ་ཞིག་རེད། ཁོག་སྟོད་ལ་གོན་རྒྱུའི་སྟོད་ཐུང་དེ་ཡང་ལུག་ལུག་གི་བཟོ་འདྲ་ཞིག་ཡོད། ཞྭ་མོ་ཞིག་ཡོད་པ་ནི་ཁྲ་ཁྲ་ཡིན་པ། ད་དུང་མགོ་ཡར་ལ་འབུག་འབུག་གང་ཞིག་ལ་དེའི་རྩེ་མོ་བཅད་ཡོད་པ་བོང་བུ་ཆས་ཁུག་གི་བཟོ་འདྲ་བོ་ཞིག་རེད། ངེད་ཚོས་བལ་གོས་ཚང་མ་གྱོན་རྗེས། ལམ་ཁྲིད་ཀྱིས་བཤད་ན་ང་ནི་ནེ་པ་ལེ་དང་ཤར་པ་དང་ཤིན་ཏུ་འདྲ་བོ་འདུག་ཟེར། ལམ་ཁྲིད་དེ་ནི་ནེ་པ་ལེ་ཤར་པ་ཡིན་ཟེར། ཁོང་གིས་དབུས་སྐད་འདྲ་བོ་ཞིག་རྒྱག་གི་འདུག ཐོག་མར་སྐད་ཆ་གཅིག་གཉིས་ཞིག་གོ་གི་འདུག གཏེ་ངན་དེས་ངེད་ཚོ་ལ་རྒན་ལགས་དང་རྒན་ལགས་ཟེར་ནས་འབོད་ཀྱི་འདུག ཁོང་ནི་ཤ་རྩ་དཀར་ལ་གཟུགས་གཞི་ཆུང་བ། ཤ་སྐམ་པ་གདོང་པ་བོད་པ་དང་ཤིན་ཏུ་འདྲ་བོ་ཞིག་འདུག དེ་ནས་ངེད་ཚོ་ལམ་ལ་ཆས་པ་རེད། མགྲོན་ཁང་གི་ཕྱི་ལ་བུད་པ་དང་ངེད་ཚོ་སྟེགས་ལོག་རྒྱབ་ནས་འགྲམ་གྲོང་རྡལ་གྱི་གཡོན་ངོས་སུ་ཡོད་པའི་རྒྱ་ནག་དམག་སྒར་དེའི་ཕྱོགས་སུ་སོང་། དམག་སྒར་གྱི་འོག་ནས་ཕར་རྐང་འཇབས་ལག་འཇབས་ཀྱིས་སོང་ན་ལ་གྱེན་ལ་འཛེགས་དགོས། སོང་སོང་ནས་ཡར་ཆུ་ཚོད་གཉིས་ཙམ་རི་ངོས་སུ་འཛེགས། དེ་ཡང་མར་ལ་འབབ་དགོས། ངེད་ཚོ་མར་ལ་འབབ་པའི་སྐབས་སུ་ལམ་ཁ་གསལ་བོ་ཞིག་མཐོང་མི་ཐུབ། རྒྱུ་མཚན་མུན་ནག་ཡིན་པའི་སྒང་ལ་ནགས་ཚལ་དེ་ཤིང་རིགས་འདྲ་མིན་སྐྱེས་འདུག ད་དུང་སྨྱིག་མ་ཡང་ཡོད། སྐབས་ཞིག་ནས་བློ་བཟང་གི་རྐང་པ་འབྲེད་ཐག་ཤོར་ནས་ཅིག་ལ་ཟག་སོང་། འོག་ཞིག་ནས་ཨ་ཚ་ཚ་ཟེར་བཞིན་པ་ཐོས། ངེད་ཚོ་རྐང་ལག་གཉིས་ཀ་སི་རིག་ལ་འཐམ་གི་འཐམ་གི་ཁོ་ཡོད་སར་སོང་བ་ན། ཁོང་གི་སྐེ་ཚུགས་ནང་ལ་རྩ་འགོ་ཞིག་ཡོད་པ་རྩ་ནས་བཀོག་ཚར་འདུག དེ་མིན་སྐྱོན་གང་ཡང་མེད། རྩ་མགོ་དེ་ནི་སྔར་ནས་ངའི་མིག་ལ་འགྲོ་གི་མེད། མགྲོན་ཁང་དུ་ངས་ཐབས་ཤེས་ཀྱིས་བཙུར་རྒྱུ་བྱས་མོད། ཁོའི་མོས་མཐུན་རྩ་ནས་མ་བྱས། ད་ནི་ཁོང་གི་རྩ་མགོ་དེའི་ཤུལ་ནག་སྦུག་སྦུག་དེར་ཁྲག་དང་ཆུ་སེར་ཞིག་འཁྱིལ་ཡོད་མ་མ་གཏོགས་ཅི་ཡང་མེད། དེ་ནས་ངེད་ཚོ་མུ་མཐུད་དུ་མར་བབས། ངེད་ཚོ་གཡང་གཟེར་བྲག་རི་དང་ནགས་རི་བརྒྱུད་ནས་གཅོང་རོང་གི་ཆུ་ཁར་བབས། ཆུ་བོ་དེ་བྲག་བར་ན་སྨྱོན་པ་ལྟར་དུ་འབབ། བྲག་རིའི་གསེབ་ནས་ཆུ་བོ་དེ་ལ་སྡོང་བོ་ཆེན་པོ་ཞིག ཤིན་ཏུ་ཆེན་པོ་ཞིག་འཕྲད་དུ་ཟམ་པའི་ཚུལ་དུ་འཕངས་འདུག དེའི་སྟེང་དུ་སྟ་རེ་བརྒྱབ་ནས་རྐང་པ་རེ་རེ་བཞིན་སྤོ་ས་ཡང་ཡོད། ངེད་ཚོ་དེའི་སྟེང་ནས་རྐང་འཇབ་ལག་འཇབ་ཀྱི་ཕར་ངོས་སུ་སོང་ནས་ཅུང་ཟད་ཡར་འཛེོགས་པ་དང་ངལ་གསོས། ལམ་ཁྲིད་ཀྱིས་ཟེར་ན་ད་རྒྱ་དམག་གི་ལག་ནས་ཐར་བ་རེད་ཟེར། ཤིང་སྡོང་གཅིག་ལས་གྲུབ་པའི་ཟམ་པ་དེས་རྒྱལ་ཁབ་གཉིས་ཀྱི་བར་གྱི་ཟམ་པ་དེ་ལ་འགྲན་བསྡུར་བྱེད་པ་དང་ཡང་མཚུངས། ཕལ་ཆེར་བལ་ཡུལ་གྱི་ས་གནས་ཟིན་པ་འདྲ་འདུག ངེད་ཚོ་ངལ་ཅུང་ཟད་ངལ་གསོས་རྗེས་རི་བོར་འཛེགས་པའི་འགོ་བཙུགས། ཆུ་ཚོད་བཞི་ཙམ་ལ་འཛེགས་རྗེས་ཡང་མར་འབབ་དགོས། མར་བབས་ནས་ཆུ་འགྲམ་ཞིག་ལ་སླེབས། དེ་ནས་ནང་ཇའི་ཚུལ་དུ་འབབ་ཆུ་དང་བསྲེས་ནས་རྩམ་པ་འགམ། ཡང་རི་ལ་འཛེགས་པའི་འགོ་ཚུགས་སོང་སོང་ནས་རི་རྐེད་ཅིག་བརྒྱུད་ནས་སོང་བས་ཁྱིམ་ཚང་ཞིག་ལ་འགྲོ་དགོས་ཟེར། ལམ་ཁྲིད་ཀྱིས་ངེད་ཚོ་ཚང་མ་ཁོ་དང་མཉམ་དུ་ཁྲིད། དེ་བ་ནས་འབྲས་དང་ཞོག་ཁོག་གི་ཚོས་ཞིག་བཟོས་ནས་དྲོས་ཇ་ལ་སྦྲད། དེ་ནི་ཤིན་ཏུ་ཕན་པོ་ཞིག་བྱུང་། ཟ་མ་བཟོ་མཁན་དེ་བལ་ཡུལ་གྱི་བུ་མོ་སྨན་ཤར་ཤིན་ཏུ་སྙིང་རྗེ་བོ་ཞིག་རེད། གདོང་པ་ཤིན་ཏུ་དཀར་བ་གང་ཞིག་ལ། བོད་པའི་བུ་མོ་དང་མི་འདྲ་བར་མཁུར་ཚོས་ན་དམར་ཅུང་ཟད་ཀྱང་མི་འདུག ཅུང་ཟད་ཤ་རྒྱག་པ་ཞིག་རེད། ཟ་མ་ལ་མི་རེས་བལ་སྒོར་ལྔ་བཅུ་རེ་སྤྲད་པ་ཡིན། དེ་ནས་ཡང་བསྐྱར་ལམ་ལ་ཆས། དེ་ནས་བཟུང་སྟེ་ཐག་རིང་ནས་མི་ཞིག་རིག་ན་ཡང་ལམ་ཁྲིད་ཀྱི་ཤིན་ཏུ་གཟབ་གཟབ་བྱེད། ཁོང་གིས་ཟེར་ན་རྒྱ་ཡི་དམག་ཡོད་པ་རེད་ཟེར་མོད། ངས་བསམ་ན་དེ་ཕྱོགས་ན་རྒྱ་དམག་ཡོད་ས་མི་འགྲོ་བས། ཁོང་ཚོ་ནང་ཚགས་ན་དོག་པ་ཟ་བཞིན་པའི་བཟོ་འམ། ཡང་ན་བལ་ཡུལ་གྱི་དམག་ལ་སྐྲག་གི་མེད་དམ་བསམ། དེ་ལྟར་རི་འགོ་ལ་འཛེགས་ཀི་འཛེགས་ཀི་ང་རང་ཐང་ཆད་པའི་འགོ་བཙུགས་པར་མ་ཟད་རྫ་དུག་རྒྱག་པའི་འགོ་ཚུགས། ངས་ནི་ལྷ་སའི་བར་སྐོར་ནས་རྫ་དུག་ཕོག་གི་དོག་ནས་སྣ་ཐ་ཅུང་ཟད་ཉོས་ཡོད། ངས་སྣ་ཐ་འཐེན་པའི་འགོ་བཙུགས། སྣ་ཐ་དེ་ནི་ངའི་མི་ཚེ་ནང་གི་སྣ་ཐ་འཐེན་པའི་ཐོག་མ་རེད། བློ་བཟང་ལ་སྣ་ཐ་འཐེན་རྒྱུ་ཡིན་ནམ་དྲིས་པས། ཁོང་གིས་སྣ་ཐ་བཅད་ཡོད་ཟེར། དེ་ནས་ཡང་ངེད་ཚོ་རི་ལ་འཛེགས། མཐོ་རུ་མཐོ་རུ་སོང་པས་ཤིང་ནགས་ཉུང་དུ་ཉུང་དུ་རེད། དགེ་འདུན་བསྟན་འཛིན་ནས་སྣ་ཐ་སྤྲད་དང་ཟེར། ཁོང་གིས་སྣ་ཐ་འཐེན་པ་དང་ལམ་ཁྲིད་ནས་ཀྱང་སྣ་ཐ་འཐེན། ངེད་ཚོ་ལ་སྣ་ཐ་དེ་མེད་ན་འགོ་ཡོམ་འཁོར། བློ་བཟང་ནས་ཀྱང་དམ་བཅའ་འདུས་བྱས་ཡིན་པས་འཇིག་སོང་ཟེར་ནས་སྣ་ཐ་འཐེན་པའི་འགོ་ཚུགས། དེ་ནས་ཡང་བསྐྱར་སོང་། སོང་གི་སོང་གི་ཐང་ཆད། ངས་རང་གི་རྒྱབ་ཁུག་ནང་གི་ཅ་དངོས་རེ་རེ་བཞིན་དུ་གཡུག འོན་ཀྱང་བློ་བཟང་གིས་རེ་རེ་བཞིན་དུ་སྒྲིག་ནས་ང་ལ་བཤེ་བཤེ་གཏོང་གི་གཏོང་གི་ཁོང་གི་རྒྱབ་ཁུག་ནང་ལ་བཞག དེ་ནས་ངའི་ལམ་ཁྲིད་ཀྱིས་ངའི་རྒྱབ་ཁུག་འཁུར། ཡང་སོང་གི་སོང་གི་ང་ལ་སྐྱག་པ་གཏོང་རྒྱུ་ཡོང་། ངས་སྐྱག་པ་བཏང་རྗེས་ཡང་བསྐྱར་ཤུགས་བརྒྱབ་ནས་སོང་། འོན་ཀྱང་ལམ་ཁྲིད་ཀྱིས་གད་མོ་དགོད་བཞིན་རྒན་ལགས་དང་རྒན་ལགས་ཟེར། དེ་དུས་ང་སྔོན་ལ་འགྲོ་བཞིན་ཡོད། ང་ཁ་ཕྱིར་འཁོར་ནས་བལྟ་དུས་ཁོས་ང་ལ་མཛུབ་མོ་བཙུགས་ནས་ཁྱོད་ཀྱིས་དོར་མ་གོན་མི་འདུག་ཟེར། གཅིག་བལྟས་དུ་དོར་མ་གོན་འདུག འོན་ཀྱང་སྐྱག་པ་བཏང་རྗེས་རང་གི་དོར་མ་གོན་ནས། ནེ་པ་ལའི་དོར་མ་དེ་ཁ་ལུང་མདུད་རྒྱུ་བརྗེད་འདུག་པས་ནེ་པ་ལའི་རྐང་སྣམ་དེ་བརྒྱུད་པའི་ཁུག་ལ་ལྷུང་ནས་རྟ་ལ་སྒྲོག་རྒྱབ་པ་བཞིན་རེད། དེ་ལྟ་ནའང་གོམ་པ་སྤོ་རྒྱུར་བཀག་འགོག་རྩ་ནས་མེད་པ་དེ་འདྲ་རེད། ཁོ་ཚོ་ཡ་མཚན་པ་ག་རེ་འདྲ་ཞིག་བྱུང་བ་ཡིན་ན་གང་ཤེས། རང་རང་ས་ནས་བགད་མོ་ཤོར་ནས་ས་ལ་རིལ་འདུག ང་ནི་གད་མོ་ཡང་ཡང་ཤོར་མ་སོང་། ཡང་མུ་མཐུད་ནས་སོང་། འོ་གད་མོ་ཤོར་བའི་སྟབས་ཡིན་ན་ཁོ་ཚོ་འགྲོ་བའི་ངར་ཤུགས་ཆེ་རུ་སོང་འདུག ང་རྗེས་སུ་ལྷག་སོང་། སོང་གི་སོང་གི་ང་ཐང་ཆད། ངས་བློ་བཟང་ལ་ཁལ་ལྗིད་དྲག་འདུག་པ་ཤེས་ནས་ཁོའི་རྒྱབ་ཁུག་ནང་ན་གོ་བའི་ལྷམ་ཀོག་ཆ་གཅིག་དང་། གཞན་ང་ཚོས་ཇ་འཐུང་བྱེད་སོགས་ཁ་ཤས་ཡོད་པ་ཕར་ལ་གཡུག བློ་བཟང་ནི་ང་ལ་བཤེ་བཤེ་གཏོང་ཞོར་དུ་ཡང་བསྐྱར་ཡར་ལ་བསྒྲིག་ནས་ཁུར་ཡོང་སོང་། བློ་བཟང་ནི་ལྟོས་ཀི་ལྟོས་གི་རྟ་ངར་མ་ཞིག་དང་འདྲ། ཁལ་ལྕི་མོ་དེ་འདྲ་ཞིག་ཁུར། དེའི་སྟེང་དུ་བཞེས་འཐེན་ཞིང་། ད་དུང་ལམ་འགྲམ་གྱི་གངས་གི་ངོས་སུ། རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་སྟེང་ནས། གྲོགས་པོ་ཚོ། ངར་ཤུགས་མ་ཆགས། རང་ཉིད་ཀྱི་མདུན་ན་ཡོད་པ་ནི་རང་ཉིད་ཀྱི་མདུན་ལམ་ཡིན་སོགས་བྲིས། དེ་ལྟར་ངེད་ཚོ་ཤར་ཕྱོགས་རྐྱང་ལ་ཁ་གཏད་ནས་རི་ངོས་སུ་འཛགས་འཛགས་པའི་མཐའ་སྟེ་ཕྱི་དྲོ་ཆུ་ཚོད་ལྔ་བའི་རྗེས་ནས། རི་ངོས་ནས་ཐུར་དུ་འབབ་པའི་འགོ་བཙུགས། དེ་ལྟར་ཅུང་མ་སོང་བར་ས་རིབ་ནས་མུན་པ་འཐུབ། འོན་ཀྱང་འགྲམ་ནས་ཡོང་བ་ལྟ་བུའི་ཛ་དྲག་མི་འདུག་ལ་ཞེད་དགོས་པ་ཡང་མི་འདུག རི་ངོས་ནས་འབབ་པ་དེ་ཡང་ཐོག་མར་ལས་སླ་བོ་ལྟ་བུ་ཞིག་རེད་མོད། སོང་གི་སོང་གི་དེ་ཡང་དཀའ་སེ་འདུག ངེད་ཚོ་དེ་ལྟར་ཉིན་དེར་ཆུ་ཚོད་ ༡༩ ལ་རྐང་ཐང་ལ་འགྲུལ་བཞུད་སོང་སོང་བའི་མཐར་དགོང་མོ་ཆུ་ཚོད་བཅུ་གཅིག་ཙམ་ལ་ཁྱིམ་ཚང་ཞིག་ཏུ་སླེབས། དེ་ནི་ལམ་ཁྲིད་པའི་ཉེ་སའམ་ཁོང་གི་ཁྱིམ་ཡིན་སྲིད་མོད། ཁོ་རང་གིས་གསལ་བོར་ངེད་ཚོ་ལ་མ་བཤད། ངེད་ཚོས་དེའི་དགོང་མོ་ཟོས་མ་མྱོང་བའི་ཟ་མ་རྩོན་པོ་ཞིག་ཟོས། དེ་ནི་ཕལ་ཆེར་ཀྲུའུ་ཉོག་ཡིན་པའི་བཟོ་ཞིག་འདུག ངེད་ཚོས་ཟ་མ་རྒྱག་ཚད་ཟོས་རྗེས་མལ་ལ་གཉིད། ད་དུང་གྲི་དང་མགོ་སྐོར་རང་རང་གི་སྔས་འོག་ཏུ་བཞག་ནས་གྲ་སྒྲིག་བྱས་ནས་གཉིད་དུ་ཡུར།། དྲུག་པ།

གཉིད་ལ་ཡུར་ཐེངས་གཅིག་གིས། ངེད་ཚོ་ནི་ཕྱི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་བ་བར་དུ་སད་མི་འདུག དུས་ཚོད་ལྔ་བའི་ཐོག་གནས་པོ་ཚང་གིས་གཉིད་སད་ནས་དགོང་ཟས་ཟ་དགོས་པའི་བརྡ་རེད། ངེད་ཚོའི་མདངས་དགོང་གི་གྲ་སྒྲིགས་དོག་ཟོན་བྱས་ཏེ། གྲི་དང་ལྕགས་སྐོར་སྔས་མགོའི་འོག་ཏུ་སྦས་པ་ནི་དགོད་བྲོ་བ་ཞིག་རེད། གལ་ཏེ་མདང་དགོང་མི་ཚང་དེས་མགོ་ལ་རྡོ་རྡུང་བཏང་རུང་གཉིད་མི་སད་ཁོ་ཐག་རེད། གང་ལྟར་ཁ་ངོ་ལ་ཆུ་བཤལ་རེ་བཏང་ནས་དགོང་ཟས་ལ་རོལ། དགོང་མོ་དེར་འབྲས་དང་ཞོག་ཁོག་ལས་བཟོས་པའི་ཚལ་རིགས་རེད། དགོང་ཟས་ཟ་ཞོར་དུ་ངས་ཁོང་ཚོ་ལ་སང་ཉིན་ཡང་འདི་ནས་ངལ་བསོ་རྒྱག་དགོས་པས། སང་ཉིན་ཟ་མ་ཤ་གྲ་སྒྲིག་བྱེད་དགོས་ཟེར་ནས་བཤད་པ་ཡིན། ས་ཆ་དེར་ར་ཤ་དང་བྱ་ཤ་ལས་སླ་བོའི་ཐོག་ནས་རེག་གི་ཡོད་ཚོད། སང་ཉིན་གྱི་ཟ་མ་གང་དགོས་མངགས་བཅོལ་བྱས་རྗེས་ཡང་བསྐྱར་གཉིད་དུ་ཡུར། དེའི་དགོང་མོ་ངེད་ཚོས་གྲ་སྒྲིག་དོག་ཟོན་མང་པོ་བྱས་མེད། གང་ཡིན་ཟེར་ན་ཁྱིམ་དེ་ནི་བློ་གཏད་ཆོག་པའི་བཟོ་འདྲ་འདུག དེའི་དགོང་མོ་ཡང་གཉིད་ཐེངས་གཅིག་གིས་སང་ཉིན་ཕྱི་དྲོའི་ཆུ་ཚོད་གསུམ་པར་བར་དུ་བསྐྱལ་འདུག ཆུ་ཚོད་གསུམ་པ་ཐོག་ཡར་ལངས་ནས་ཁ་ངོ་ལ་ཆུ་བཤལ་བཏང་ནས་ཟ་མ་ཟོས་རྗེས་ཁང་པའི་ཕྱི་ལ་བུད། ངོ་ནི་རི་ལུང་ལྗང་མདོག་གིས་བརྒྱན་པའི་གསེབ་ན་ཡོད་པའི་ཁྱིམ་ཚང་ཞིག་སྟེ། ཅི་འདྲའི་ས་ཆ་མཛེས་སྡུག་ལྡན་པ་ཞིག་དང་། ཅི་འདྲའི་དབེན་པའི་གནས་ལ་ཆགས་པའི་རི་གྲོང་ཞིག་རེད་ཨང་སྙམ་པ་བྱུང་། གཟུགས་པོ་ལ་ཡང་ངལ་བསོ་ཡག་པོ་ཐེབས་ཡོད་པའི་སྣང་བ་ལྟེར་བས། སང་ཉིན་ལམ་ལ་ཆས་རྒྱུའི་ཐག་གཅོད་བྱས། སང་ཞོགས་རི་རྩེར་ཉི་མ་མ་ཤར་སྔོན་ལ་ངེད་ཚོ་ལམ་ལ་ཆས། རི་ལུང་ཚང་མ་ནགས་ཚལ་གྱིས་ཁེབས་པའི་བགྲོད་ལམ་གྱག་གྱོག་བརྒྱུད་ནས་ཉིན་ཕྱེད་སོང་རྗེས། ཤིང་ནགས་མེད་པའི་རི་འབར་འབུར་དག་བརྒྱུད་ནས་འགྲོ་དགོས། རི་སྒང་ཆུང་ཆུང་དེ་འདྲའི་ངོས་སུ་བརྩན་ཁང་ཆུང་ཆུང་མང་ལ། བོད་ཀྱི་ལབ་ཙེ་དང་འདྲ་བའི་ཡུལ་ལྷ་གཞི་བདག་གསོལ་ས་ཡང་མང་པོ་འདུག ལྷ་ཁང་དེ་ཚོའི་ནང་དུ་ཤིང་སྐམ་མང་པོ་བསླང་ཡོད་པར་མ་ཟད། སེམས་ཅན་མང་པོ་བསད་ནས་ཁྲག་གིས་མཆོད་པ་ཕུལ་བའི་ཁྲག་རྗེས་ཀྱིས། བརྩན་ཁང་གི་ཕྱོགས་ཀུན་སྦག་འདུག ད་དུང་མཐའ་ལ་དྲིལ་བུའི་དྲ་བ་འཐེན་ནས་རླུང་གིས་བསྐུལ་བ་ལས་དྲིལ་སྒྲ་སྒྲོག་བཞིན་འདུག འོན་ཀྱང་འཁོར་ཡུག་ཀུན་ཏུ་ཁྲག་གིས་འཚོས་པའི་དྲིལ་སྒྲ་དེས། ཡིད་ལ་སྐྱི་གཡའ་བའི་རྣམ་རྟོག་སློང་ཞིང་ཆ་རྒྱུས་མེད་པའི་ས་ཆ་དེར་འཇིགས་སྣང་ཡང་སྐྱེས་སུ་བཅུགས། མུ་མཐུད་ནས་མདུན་དུ་བསྐྱོད། འཚམ་འཚམ་ལ་ལམ་ཁྲིད་ཀྱིས་ངེད་ཚོ་བཀག་ནས་ཡུད་ཙམ་ལ་འགུལ་བསྐྱོད་བྱེད་མ་བཅུགས་པར་བསྡད། ངས་བསམ་ན་ལམ་ཁྲིད་དེ་བལ་ཡུལ་གྱི་དམག་ལ་སྐྲག་གི་ཡོད་བཟོ་འདུག དེ་ལྟར་ཁ་ཁུ་སུམ་པོའི་ཐོག་ནས་སོང་སོང་བའི་མཐར། དགོང་མོའི་ཆུ་ཚོད་བཅུ་བ་ཙམ་ལ་རི་སྒང་ཞིག་ན་ཡོད་པའི་ཤིང་ཁང་ཆུང་ཆུང་ཞིག་སྒམ་ཆུང་དང་འདྲ་བ་ཞིག་གི་ནང་དུ། ངེད་ཚོ་མི་གསུམ་བསྡད་བཅུག ངེད་ཚོས་ཟ་མ་མངགས་རྗེས་རྐང་པ་བརྐྱངས་ས་མེད་པའི་ཁང་ཆུང་དེར་རྐང་ལག་ཀུམ་ཀུམ་བྱས་ནས་གཉིད་དུ་ཡུར། ལམ་ཁྲིད་ཀྱིས་ཟ་མ་བཟོས་ངེད་ཚོ་ལ་བརྡ་བརྒྱབ་ན་ཡང་། ངེད་ཚོ་སུ་ཡང་ཐང་ཆད་ནས་གཉིད་ལས་སད་མ་ཐུབ། སང་ཉིན་ཞོགས་པ་ནམ་མ་གསལ་སྔོན་ལ་ལམ་ཁྲིད་ཀྱིས་སྐད་བཏང་ནས་ལམ་སང་འགྲོ་དགོས་ཟེར། དེ་ནས་མར་སོང་པས་ཆུ་ཚོད་གསུམ་བཞི་ལས་འགྲོ་མ་དགོས་པར་གཞུང་ལམ་ཡོད་སར་འབྱོར། འགྲུལ་བསྐྱོད་རླངས་འཁོར༼སྦ་སི༽ལ་སྒུག་དགོས། ལམ་ཁྲིད་ཅུང་ཟད་ལྷོད་ལ་བབས་ནས་ངེད་ཚོ་ལ་ཇ་མངར་མོ་དང་མངར་ཟད་ཁ་ཤས་ཉོས་ནས་ཡོང་། ཁོང་གིས་ཇ་འཐུང་ཞོར་དུ་སྦ་སི་ནང་ནས་གཉིད་དུ་ཡུར་དགོས་པའི་མངགས་བཅོལ་བྱས། དམག་མི་སོགས་སླེབས་ན་ཁོང་གིས་སྐད་ཆ་བཤད་རྒྱུ་ཡིན་པས་ཁྱེད་ཚོ་ངེས་པར་དུ་གཉིད་དགོས་ཟེར། རྗེས་ནས་བསམ་བློ་བཏང་ན་དེ་ལོས་ཡིན། ངེད་ཚོ་ནི་བལ་ཡུལ་གྱི་མཐོང་མཆན་མེད་པར་བལ་ཡུལ་རྒྱལ་ཁབ་ནང་དུ་མཛུལ་ཡོད་པ་རེད། ཆོག་མཆན་གྱི་ཚབ་གཅིག་ཡོད་པ་ནི་བལ་ཡུལ་གྱི་ཆས་སྤྲས་ཡོད་པ་དེ་ཁོ་ན་རེད། ཤར་ཕྱོགས་ནས་ཚུར་སྦ་སི་སླེབས་སོང་། ངེད་ཚོ་སྦ་སི་ནང་དུ་མཛུལ། དེ་ནི་བལ་ཡུལ་གྱི་མི་མང་པོ་དང་མཉམ་དུ་བསྡད་པའི་ཐོག་མ་རེད། སྦ་སི་རྒྱལ་ས་ཀ་ཐ་མན་ཀྲི་ཕྱོགས་ལ་རྒྱུགས། ལམ་བར་ནས་བལ་དམག་གིས་ཐེངས་ཉི་ཤུ་ཙམ་ལ་བཀག འགོག་ཐེངས་རེ་རེ་བཞིན་བསྔོགས་བཤེར་བྱེད་པ་ནི། ནག་ཆུ་ཁ་ནས་ཀྲུང་གོའི་དམག་གིས་ཞིབ་བཤེར་བྱེད་བཞིན་པ་དེ་དང་ཨ་ན་མ་ན་རེད། མི་རེ་གཉིས་བཟུང་ཞིང་མི་རེ་གཉིས་ལ་དངུལ་གྱིས་ཆད་པ་བཅད། ངེད་ཚོས་དམག་གིས་ཅིའི་ཕྱིར་འགོག་བཞིན་པ་དང་ཅིའི་ཕྱིར་ཆད་པ་གཅོད་བཞིན་པའི་ནང་དོན་མི་གོ ངེད་ཚོ་ནི་འགོག་ཐེངས་རེ་རེ་བཞིན་སྙིང་ཁ་ནང་དུ་སླེབས་གྲབ་འདུག་རུང་། བྱས་ཡ་གང་ཡང་མེད་པར་གཉིད་ལོག་ཁུལ་བྱས་ནས་བསྡད། འོན་ཀྱང་སེམས་ནང་དུ་དྲན་པ་ནི་ཕྱག་དྲུག་མགོན་པོ་ལ་སྐྱབས་འཇུག་ཞུ་རྒྱུ་ལས་གཞན་གང་ཡང་ཐབས་ཤེས་མེད། ལམ་ཁྲིད་ནི་ངེད་ཚོའི་མདུན་ན་དམག་མི་རེ་ཡོང་ན་ལན་རྒྱག་ཆོག་ཆོག་གི་གྲ་སྒྲིག་བྱས་ནས་བསྡད་འདུག དེ་ལྟར་སྦ་སི་ལམ་རིང་བོ་བརྒྱུད་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲུ་ལ་ཆུ་ཚོད་གསུམ་པ་ཙམ་ལ་འབྱོར། དེ་ནི་༡༩༨༩ ལོའི་ཕྱི་ཟླ་བཅུ་པའི་ཚེས་བརྒྱད་ཙམ་ལ་རེད། རྒྱལ་ས་ཀ་ཐ་མན་ཀྲི་ནས་སྦ་སི་ལས་བབས་རྗེས་ལམ་ཁྲིད་ཀྱིས། ད་ནི་ལྷོད་ལྷོད་བྱས་ན་འགྲིག་གི་རེད། ངེད་ཚོ་ཟ་ཁང་ནང་ལ་འགྲོ་ཟེར། བལ་ཡུལ་གྱི་ཟ་ཁང་ཞིག་ཏུ་སོང་ནས་ཁ་ལ་ཟས། ཁ་ལ་ལམ་ཁྲིད་རང་གིས་མངགས་པ་རེད། ཟ་མ་ནི་ལྕང་མའི་བྲོ་བ་ཡོད་པའི་ཤ་ཞིག་སྟེ། མ་ཧེའི་ཤ་དང་། ཡང་ཟས་རིགས་ཁ་ཤས་ཁས་ཡོང་སོང་མོད། ཟ་འདོད་པ་ནི་གཅིག་ཀྱང་མི་འདུག ད་དུང་འབྲས་ལེབ་ལེབ་ནས་ནས་བཙུར་ཡོད་པ་སྐམ་ཞིང་རྔོས་ཡོད་པ་ཞིག་འདུག དེའི་མིང་ལ་སྦ་ཇེ་ཟེར་བཞིན་འདུག རྗེས་སུ་གྲྭ་སར་སླེབས་རྗེས་སྦ་ཇེ་ཟེར་བ་དེ་ནི་ཞོགས་པ་ཟ་རྒྱུ་ཞིག་རེད་འདུག ཟ་མ་ཟོས་རྗེས་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་ལ་བསྐྱལ། སྣེ་ལེན་ཁང་ལ་རྩིས་སྤྲོད་བྱེད་སྐབས་གནས་ལེན་ཁང་འགན་འཛིན་སླེབས་ནས། ད་ཁྱེད་ཚོ་ཐུགས་ལྷོད་ལྷོད་དང་བདེ་བོར་བཞུགས་ཆོག་གསུངས་ནས་སེམས་བསོ་བཏང་། ལམ་ཁྲིད་ཀྱིས་ངེད་ཚོའི་ལག་ནས་སྣེ་ལེན་ཁང་དུ་འབྱོར་ཟིན་པའི་འབྱོར་འཛིན་བླངས་རྗེས། ངེད་ཚོས་ཁོང་ལ་ལག་སྒྲོན་སོགས་ལམ་ཆས་ཁ་ཤས་ལག་རྟགས་སུ་སྦྲད་ནས་ཕྱིར་ལམ་ལ་ཆས་ནས་སོང་། ངེད་ཚོས་ཀྱང་སྣེ་ལེན་ཁང་དུ་འབྱོར་ཐོ་བཀོད་ནས་རང་རང་གི་གནས་ཚུལ་ངོ་སྤྲོད་བྱས་ནས་ཉལ་ཁང་དུ་ལྷོད་ཀྱིས་ངལ་བསོ་བྱས། སྣེ་ལེན་ཁང་གི་ར་སྐོར་ན་རྒྱ་གར་གྱི་གློག་བརྙན་གསར་བ་ཞིག་སྟེ། ཕུག་རོན་ལ་བསྐུར་བའི་འཕྲིན་གྱི་གཞས་དེ་གདངས་སྙན་པོའི་ཐོག་ནས་ལེན་བཞིན་འདུག བདུན་པ། བལ་ཡུལ་བོད་གཞུང་སྣེ་ལེན་ཁང་ལ་སླེབས་པ་ནས་མི་ཚང་མ་དགའ་བ་རྒྱས་བཞིན་འདུག ངེད་ཚོ་ཡང་གཅིག་པ་རེད། སྣེ་ལེན་ཁང་ནས་དེ་རིང་སླེབས་པ་དང་སང་ཉིན་རྒྱ་གར་ལ་གཏོང་རྒྱུ་དེ་འདྲ་མ་རེད། མི་བསགས་ནས་སུམ་ཅུ་བཞི་བཅུ་འབྱོར་མཚམས། ད་བཟོད་མཉམ་དུ་རྒྱ་གར་ལ་གཏོང་བཞིན་འདུག ངེད་ཚོ་ཡང་རྗེས་མ་རྣམས་ལ་སྒུག་དགོས་པས། ཕྱི་ཉིན་ནས་བལ་ཡུལ་རྒྱལ་སར་འཁྱམ་འཁྱམ་ལ་སོང་ན་འགྲིག་གི་འདུག ངེད་ཚོ་ཡང་ས་ཆ་ཆ་རྒྱུས་ཡོད་པ་དག་དང་མཉམ་དུ་ཐོག་མར་འཕགས་པ་ཤིང་ཀུན་མཆོད་རྟེན་ཡོད་སར་སོང་། འཕགས་པ་ཤིང་ཀུན་ན་ཡོད་པའི་མཆོད་རྟེན་གཡས་གཡོན་དུ་མི་རྣམས་ཀྱིས་སྤྲེའུ་དང་། ཕུག་རོན་ལ་སྦྱིན་པ་མང་པོ་གཏོང་བཞིན་འདུག་པས། སྤྲེའུ་དང་ཕུག་རོན་ནི་གྲངས་ལས་འདས་པ་རེད། སྤྲེའུ་དང་ཕུག་རོན་མི་རྣམས་ལ་མ་འདྲོགས་པར་མི་དང་མཉམ་དུ་བསྡད་འདུག་པ་དེས་སེམས་ལ་ཞི་བདེའི་སྣང་བ་སྟེར། ད་དུང་སྤྲེའུ་རྣམས་ཀྱིས་གཅིག་གིས་གཅིག་གི་རྒྱབ་ལོག་ནས་འཐམ་ནས་རྩེད་མོ་རྩེ་བ་དང་ཆགས་པ་སྤྱོད་པའི་བྱ་སྤྱོད་བྱང་ཆ་ཆེན་པོ་རེད་མོད། འོན་ཀྱང་ཐོག་མར་བལྟ་རྒྱུ་ལ་ཡང་ངོ་ཚ་ཀི་འདུག ད་དུང་སྤྲེའུ་ཁ་ཤས་ཀྱིས་མཚན་མ་ལག་ཏུ་བཟུང་སྟེ། དགོངས་དག་དེ་ཚོ་མི་བཤད་ངོ་ཚ་ནས་འབར་ཐ། གལ་ཏེ་ས་ཆ་དེར་ངེད་ཚོ་ཕ་ཡུལ་ན་ཡོད་པའི་རྒྱ་དེ་དག་ཡོད་ན་སྤྲེའུ་དང་ཕུག་རོན་དེ་དག་ཚང་མ་ཟ་རྒྱུ་རེད། འཕགས་པ་ཤིང་ཀུན་ནི་གནས་རྩ་ཆེན་ཞིག་ཡིན་པར་མི་རྣམས་ཀྱིས་གླེང་། འོན་ཀྱང་ཕ་ཡུལ་ན་ཡོད་པའི་མཆོད་རྟེན་གྱི་བཟོ་འདྲ་ཞིག་མི་འདུག་པས་ཕྱག་འཚལ་མེད། ངེད་ཚོ་ནི་མཇལ་སྐོར་བ་ཞིག་དང་མི་འདྲ་བར་བལྟ་སྐོར་བ་ཞིག་དང་འདྲ་བར། ཡར་ལ་ལངས་ནས་དཔར་རེ་བརྒྱབ། མར་ལ་ལངས་ནས་དཔར་ཞིག་རྒྱབ། འདི་ནི་ངའི་གཤིས་ཀ་དང་མི་མཐུན་ན་ཡང་། ངའི་རོགས་པ་བློ་བཟང་ནི་འདི་ལྟར་བལྟ་སྐོར་བའི་བཟོ་དོད་རྒྱུར་ཤིན་ཏུ་དགའ། ཡང་ཕྱི་ཉིན་ནས་ངེད་ཚོ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཡོད་སར་སོང་། ས་ཆ་དེར་བལ་ཡུལ་བ་རྣམས་ཀྱི་བྷོ་རྡ་ཟེར་ནས་འབོད། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྒྲུང་ནི་ངས་སྔོན་མ་ཕ་ཡུལ་ན་ཡོད་དུས་མང་པོ་གོ་མྱོང་། ངའི་རྨོ་རྨོ་ཁ་ནས་གོ་མྱོང་ལ། སློབ་གྲྭའི་དགེ་རྒན་ཁ་ནས་ཡང་གོ་མྱོང་པས་བགས་ཆགས་མཐུག་པོ་ཡོད། འོན་ཀྱང་མདུན་དུ་སོང་དུས་མཆོད་རྟེན་གྱི་དབྱིབས་ནི་བོད་ཡུལ་དུ་བཞེངས་བཞིན་པའི་མཆོད་རྟེན་བརྒྱད་པོ་གང་ཞིག་གི་དབྱིབས་རེད་མི་འདུག དེ་ནི་ཤིན་ཏུ་ཆེ་ལ་མཐོ་བའི་མཆོད་རྟེན་ཞིག་རེད། བུམ་པ་ཡན་ཆད་ན་སྤྱན་གཉིས་ཀྱང་འདུག བང་རིམ་རེ་རེ་དང་། བུམ་པ་སོགས་བོད་ཀྱི་མཆོད་རྟེན་དང་མ་འདྲ་བས། ངས་བསམ་པར་བོད་ཀྱི་མཆོད་རྟེན་དག་ནི་ཐིག་ཚད་ཆ་ཆེ་ཆུང་སོགས་མང་པོ་ཞིག་ཁུངས་གཏུགས་ནས་བཤད་རྒྱུ་ཡོད་ན་ཡང་། མཆོད་རྟེན་གང་ཞིག་ལ་དཔེ་བླངས་ནས་བཤད་པ་ཡིན་མིན་ལ་དོགས་པ་སྐྱེས། གང་ལྟར་ཡང་ངེད་ཚོས་བྱ་རུང་མཆོད་རྟེན་ཁ་ཤོར་ལ་ཕྱག་འཚལ་ཡོད་ལ་སྐོར་བ་ཡང་ཐེངས་མང་སོང་མྱོང་། མཆོད་རྟེན་མཐའ་སྐོར་ན་བོད་པའི་ཚོང་ཁང་མང་པོ་ཡོད་པར་མ་ཟད། བོད་པའི་གྲྭ་བ་དང་དགོན་པ་མང་། མ་ཟད་བོད་པའི་ཟ་ཁང་ཡང་ཤིན་ཏུ་མང་པོ་འདུག ངེད་ཚོ་ས་ཆ་དེར་དགའ་བར་གྱུར་ནས་ཉིན་རེ་བཞིན་དུ་མཆོད་རྟེན་མཐའ་སྐོར་གྱི་ཚོང་ཁང་དང་ཟ་ཁང་རེ་རེ་བཞིན་ཉུལ། ད་དུང་བལ་ཡུལ་རྒྱལ་བོའི་ཕོ་བྲང་ལ་ཡང་བལྟ་རུ་སོང་། འོན་ཀྱང་ནང་དུ་འགྲོ་མི་ཐུབ་ལ། ལྕགས་རི་མཐོ་ལ་སྒོ་ཁར་དམག་གིས་སྲུང་ནས་འདུག དེ་ལྟ་བུ་མཁར་བཙན་པོ་ཞིག་ཐོག་དང་པོར་མཐོང་པ་ཡིན་པས། དེའི་ནང་ནས་བཞུགས་མཁན་གྱི་རྒྱལ་བོ་རྒྱལ་མོ་དང་སྲས་རྣམས་ནི་སུས་ཀྱང་ཐུག་ག་ལ་ཕོད་སྙམ་པ་བྱུང་། སྣེ་ལེན་ཁང་ལ་བསྡད་པའི་རིང་ལ་རྒྱ་གར་གྱི་དགོན་པ་ཆེ་ཁག་དག་གི་དགེ་འདུན་པ་རེ་ཟུང་སླེབས་ནས། དགོན་པ་ག་གེ་མོ་ཞིག་ལ་སོང་ན་ཡག་པོ་ཡོད་ཚུལ་གྱི་ངོ་སྤྲོད་གྲྭ་བ་རྣམས་ལ་གནང་བཞིན་པར་མ་ཟད། སློབ་གྲྭ་གང་ཞིག་ལ་སོང་ ན་བཟང་རབས་ཀྱི་ངོ་སྤྲོད་ཡང་གནང་བཞིན་པ་ཉུང་ཉུང་མ་རེད། ད་དུང་ཚོང་པ་རྣམས་ཀྱིས་ཕ་ཡུལ་གཅིག་པ་ཡོད་མེད་ཟེར་ནས་སྐོར་བ་རེ་གཉིས་ཙམ་བྱེད་ཀྱི་འདུག ངེད་ཚོ་ཡང་ཕ་ཡུལ་གཅིག་པ་ཡིན་ཟེར་ནས་བླ་བྲང་གི་གཟའ་བ་གཉིས་ཀྱི་ཁྱིམ་དུ་ཁྲིད་ནས་ལན་གཅིག་མོ་མོ་སྤྲད། མོ་མོ་ཟོས་ཚར་རྗེས་དེ་ནི་རྔོན་པས་རི་དྭགས་འཛིན་པའི་ཐབས་ཤེས་ཞིག་ཡིན་པ་ཤེས། ཁོང་ཚོས་ཟེར་ནས་ཁྱེད་ཚོ་སང་ཉིན་རྒྱ་གར་ལ་འགྲོ་རྒྱུ་ཡིན་པས་ལོ་ཏུན་པུའུ་ཡི་དོར་མ་གསུམ་རེ་ཁས་རོགས་ཟེར། ངེད་ཚོས་དེ་ནི་ལྗིད་ཁོག་ཚ་བོ་གང་ཡང་མ་རེད། འགྲིག་གི་རེད་ཅེས་ལན་བཏབ། འོན་ཀྱང་ཁས་སྟངས་ཕྱོགས་ནས་མི་འདྲ་བ་ཞིག་རེད། དེ་ནི་དོར་མ་གསུམ་པོ་བརྩེགས་མ་བྱས་ནས་གོན་ནས་འགྲོ་དགོས་ཟེར། ཅིའི་ཕྱིར་ཞེ་ན། བལ་ཡུལ་དང་རྒྱ་གར་ས་མཚམས་ནས་ས་སྲུང་གིས་ཤེས་ནས་ཁྲིམས་འགལ་གྱི་ཚོང་རྫས་ཡིན་པ་ཤེས་ནས་འཇུ་བཞིན་པ་རེད་ཟེར། དེ་ནས་དོར་མ་གསུམ་པོ་སུམ་བརྩེགས་བྱས་ནས་གྱོན་པ་ན། རྐང་པ་གཉིས་ཀ་མཇེ་ཀོག་ལངས་པ་ལྟར་ལངས་ནས་མར་བཀུག་མི་ཐུབ་པ་ཆགས་འདུག འོན་ཀྱང་ཟ་མ་ནི་ཟོས་ཚར། ཁས་ནི་ལེན་ཚར་བས་དེ་ལྟར་མ་བྱས་རང་བྱས་རེད། ངེད་ཚོ་དེ་ལྟར་བྱས་ནས་ཕྱིར་གནས་ལེན་ཁང་དུ་འབྱོར། ཕྱི་དྲོ་སྣེ་ལེན་ཁང་འགན་འཛིན་གྱིས་ཁྱོད་ཚོ་འདི་ནས་སྤྱི་སྤྱོད་རླངས་འཁོར་གང་དག་དག་ཡོད་པས། སྤྱི་སྤྱོད་རླངས་འཁོར་བརྒྱུད་ནས་རྡི་ལི་གནས་ལེན་ཁང་ལ་འགྲོ་དགོས་པ་རེད་ཟེར། ང་ཚོ་དགའ་ནས་དགོང་མོ་དེར་གཉིད་ཀྱང་ཁུག་མ་ཐུབ། དགོང་དྲོ་རང་རང་གི་ལྡོག་ཁྲེས་ཁྱེར་ནས་མཉམ་དུ་རླངས་འཁོར་ཡོད་སར་སོང་། རླངས་འཁོར་དུ་བསྡད་པ་ནས་སོང་སོང་པའི་མཐར་རྒྱལ་མཚམས་ལ་སླེབས་པ་ཤེས། སྐབས་དེར་རྒྱལ་མཚམས་བརྒལ་བའི་ཁྲལ་ལྟ་བུར་མི་རེ་ནས་རྒྱ་གར་སྒོར་མོ་ལྔ་བཅུ་རེ་སྤྲོད་དགོས་པ་འདུག རྒྱལ་མཚམས་ནས་རྙོག་དྲ་ཆེ་ཤོས་དེ་ཚོང་པ་ཚོ་ཡིན་པ་འདྲ་འདུག འཇུ་བཟུང་བྱས་པ་ཡང་མང་པོ་མཐོང་གི་འདུག རྗེས་ནས་ཤེས་པ་ལྟར་ན་རྒྱ་གར་གཞུང་གིས་ཀྲུང་གོའི་ཚོང་རྫས་ནང་དུ་འོང་པར་བཀག་འགོག་བྱེད་ཀྱི་ཡོད་པ་ཤེས། དེ་ལྟར་རྒྱལ་མཚམས་བརྒལ་ནས་སོང་པ་ན་དོ་སྣང་བྱེད་བྱུང་པ་ནི་རྒྱ་གར་ན་ཡོད་པའི་བོད་པ་ཚོས་འབོད་པའི་དུག་ཤིང་ཟེར་བ་དེ་རེད། ལོ་མ་ཚང་མ་རལ་གྲི་ལྟར་གྱེན་དུ་གཟེངས་ནས་ག་ས་གར་སྐྱེས་ཡོད་པ་མཐོང་། ངའི་ཡིད་ལ་སྤྱོད་འཇུག་སྨོན་ལམ་ན་ཡོད་པའི། རལ་གྲི་ལོ་མའི་ནགས་ཚལ་ཡང་།། དཔག་བསམ་ཤིང་ཏུ་འཁྲུངས་པར་ཤོག། ཟེར་བ་དེ་ཡང་ཡང་དྲན། དེ་ལྟར་སོང་གི་སོང་གི་ས་ཕྱོགས་ལ་ཡང་མགོ་ཐོམ་པར་གྱུར། ཉི་མའི་ཤར་ཕྱོགས་གང་ཡིན་ཡང་ངོས་འཛིན་དཀའ་བའི་ཚོར་སྣང་སླེབས་ཀྱི་འདུག ད་དུང་རི་བྲག་མཐོན་པོའི་རིགས་ག་ལ་ཡོད་དེ། འབར་འབུར་གྱི་སྒང་གཞུང་གང་ཡང་མེད་པར། ཐང་བདེ་མོ་ནས་བདེ་མོ་མུ་མཐའ་བྲལ་བའི་བདེ་ཐང་རྐྱང་རྐྱང་ནས་རླངས་འཁོར་ཤར་རྒྱུགས་བྱེད། ད་དུང་ཉིན་གོང་བར་དུ་ཉི་མ་མི་མཐོང་པའི་སྤྲིན་སྨུག་ལྟ་བུའི་ཁྱབ་ནས་གར་ཡང་བལྟ་མི་འདོད། རླངས་འཁོར་གྱི་སྒེའུ་ཁུང་ལས་ཚ་རླབས་སླ་ངའི་ཁ་གཅོད་ཕྱེས་པ་ལྟར་ངོ་གདོང་བསྲེགས་པར་བྱེད། དེ་ལྟར་སོང་སོང་པའི་མཐར་རྒྱལ་ས་ལྡི་ལེ་ལ་སླེབས། གྲོང་ཁྱེར་འདིར་མིའི་འཚང་ཀ་ནི་གྲོག་ཚང་བརྡོལ་བ་ལྟ་བུ་རེད། ངེད་ཚོ་རླངས་འཁོར་བཀག་ས་ནས་རྐང་ཐང་ལ་སྣེ་ལེན་ཁང་ལ་འགྲོ་དགོས་པ་འདུག སྣེ་ལེན་ཁང་ནི་རྡི་ལེ་རྙིང་པའི་ཕྱོགས་ལ་རེད། སྣེ་ལེན་ཁང་ལ་མ་སོང་སྔོན་ལ་བླ་བྲང་གི་ཚོང་པ་དེ་ངེད་ཚོའི་རྗེས་འདེབས་བཏང་ནས་སླེབས་འདུག ཁོས་ངེད་ཚོ་ཟ་ཁང་ཞིག་གི་ནང་དུ་ཁྲིད། བྱ་ཤའི་ཁ་ཟས་ཞིག་སྤྲད། ངས་ཟ་བར་རྩིས་བྱེད་གྲབ་ཡོད་པ་ན། ངའི་གྲོགས་པོ་བློ་བཟང་གིས་ངེད་ཚོ་སེར་མོ་བས་སྡེར་མོ་ཅན་གྱི་ཤ་མི་ཟ་ཟེར། ང་ནི་ཁོང་ཁྲོ་ཟ་ནས་མེ་འབར་གྲབས་བྱས་སོང་མོད། ཁོག་ནས་མེ་འབར་རུང་ཁ་ནས་དུ་བ་མ་ཐོན་ཟེར་བའི་ངང་ཚུལ་བཟུང་ནས་ཐུར་མ་ས་ལ་བཞག དེ་ནས་ཚལ་རིགས་ཀྱི་ཟ་མ་ཞིག་ཟོས་ནས་ཟ་ཁང་གི་གསང་སྤྱོད་ནས་དོར་མ་རྣམས་བརྗེས་པོ་བརྒྱབ་ནས་ཚོང་པ་ལ་སྤྲད་རྗེས་མི་ཚོགས་ཀྱི་གསང་ལ་འཛུལ་ནས་སྣེ་ལེན་ཁང་དུ་བསྐྱོད། ཟི་ལིང་ནས་རྡི་ལི་བར་གྱི་ཟིན་ཐོ་དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས་ནས་བྲིས།། །།