Jump to content

ཕྱག་འཚལ་ལུགས་

ཡོང་ཁུངས་Wikipedia

ཕྱག་འཚལ་བའི་དམིགས་པ།

[རྩོམ་སྒྲིག]

དམིགས་པ་ནི། སྐྱབས་ཡུལ་དམ་པ་རྣམས་ལ། བློ་སྙིང་བྲང་གསུམ་གཏད་དེ། བདག་གི་སྒོ་གསུམ་གྱི་དབང་ཆ་ཐམས་ཅད་ཁྱེད་ཀྱི་ཕྱག་ཏུ་བཞག་པས། ཤི་ན་གསོན་ན། སྐྱིད་ན་སྡུག་ན། ལེགས་ན་ཉེས་ན། མཐོ་ན་དམའ་ན། བླ་མ་དཀོན་མཆོག་ཁྱེད་མཁྱེན་སྙམ་ལ། དེ་ཡང་། རང་གི་ལུས་གྲངས་མེད་དཔག་ཏུ་མེད་པ་སྤྲུལ། ལུས་རེར་མགོ་བོ་དཔག་ཏུ་མེད་པ་སྤྲུལ། མགོ་རེ་རེ་ལྕེ་དཔག་ཏུ་མེད་པ་སྤྲུལ་ཏེ། སྐྱབས་ཡུལ་ཡང་སའི་རྡུལ་གྲངས་དང་མཉམ་པར་མོས་ཏེ་ཕྱག་འཚལ་ན་དགེ་འགྱུར་ཆེ་བར་གསུངས་སོ།། འདོན་པ་ནི། རྗེ་ཙོང་ཁ་པས་འོལ་ཁ་ནས་བསག་སྦྱངས་མཛད་ཚེ། ལྟུང་བཤགས་གསུངས་པའི་ཕྱག་ལེན་ལྟར་འཚལ་ན། རྟེན་འབྲེལ་གྱི་གནད་ཆེའོ།།

ཕྱག་གི་མཚོན་དོན།

[རྩོམ་སྒྲིག]

ལག་གཉིས་ཐལ་མོ་སྦྱར་བས། ཐབས་ཤེས་ཟུང་འཇུག་དང་། ཐལ་མོ་སྤྱི་གཙུག་ཏུ་སྦྱར་བས། བདེ་བ་ཅན་དུ་སྐྱེས་པ། སྨིན་མཚམས་ལ་སྦྱར་བས། ལུས་ཀྱི་སྡིག་སྒྲིབ་དག མགྲིན་པར་སྦྱར་བས། ངག་གི་སྡིག་སྒྲིབ་དག སྙིང་གར་སྦྱར་བས། ཡིད་ཀྱི་སྡིག་སྒྲིབ་དག ཐལ་མོ་སོ་སོར་ཕྱེས་པས། གཟུགས་སྐུ་གཉིས་ཀྱི་འགྲོ་དོན་བྱེད་པ། པུས་མོ་སར་བཙུགས་པས། ངན་སོང་ལས་ཐར་བ། སོར་བཅུ་ས་ལ་བཙུགས་པས། ས་བཅུ་ལམ་ལྔ་བགྲོད་པ། དཔྲལ་བ་ས་ལ་གཏུགས་པས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འཐོབ། ཡན་ལག་རྐྱོང་སྐུམ་བྱས་པས། འཕྲིན་ལས་རྣམ་བཞི་འགྲུབ། རྩ་རྒྱུས་རྐྱོང་སྐུམ་བྱས་པས། ལུས་ཀྱི་རྩ་མདུད་གྲོལ། སྒལ་ཚིགས་དགྱེ་སྒུར་བྱས་པས། རླུང་དབུ་མར་ཚུད་པ། ཡར་ལྡང་བས། འཁོར་བ་ལས་འཕགས་པ་མཚོན་ནོ།།

འཚལ་ལུགས་ནོར་བའི་ཉེས་པ།

[རྩོམ་སྒྲིག]

ཕྱག་འཚལ་ལུགས་མ་ཤེས་པར། མཛུབ་མོ་བསྐུམས་པས། དུད་འགྲོ་རྨིག་རྡུམ་དུ་སྐྱེ། ལུས་ས་ལ་ཕབ་ནས་འགྱངས་ཆེ་བས། ལྟོ་འཕྱེ་སྦྲུལ་གྱི་རིགས་སུ་སྐྱེ། ལུས་སྒུར་ཙམ་སྒུར་ཙམ་བྱས་པས། དུད་འགྲོ་བྱོལ་སོང་དུ་སྐྱེ། དཔྲལ་བ་ས་ལ་མ་གཏུགས་པས། དམྱལ་བ་མགོ་འཕྱང་དུ་སྐྱེ། ལག་པ་གཡུགས་པ་དང་རྒྱབ་མདུན་ལ་བསྣོལ་བས། དམྱལ་བར་སྐྱེ་ལ། ཐར་ན་ཡང་ཉེས་པ་མེད་པར་གྱོད་ལ་སྦྱོར་བ་སོགས་སུ་འགྱུར་བས། ཕྱག་འཚལ་ལུགས་མ་ཤེས་ན། དགེ་བ་ལས་ལྡོག་ཏེ། ཉེས་པ་བསག་པའི་རྒྱུ་རུ་འགྱུར་བས། གཟབ་གཟབ་བྱེད་པ་གལ་ཆེའོ།།

ཕྱག་འཚལ་བའི་ཕན་ཡོན།

[རྩོམ་སྒྲིག]

དམ་ཆོས་པད་དཀར་ལས།

མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར།།

ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ།།

ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་།།

གང་གི་རིང་བསྲེལ་གནས་པ་དེ་དག་ལ།།

གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས།།

ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་།།

དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ།།

ཞེས་སོོ།།