Jump to content

ཕོ་བྲང་པོ་ཏ་ལ།

ཡོང་ཁུངས་Wikipedia
པོ་ཏ་ལ།
ཕོ་བྲང་།, ཡུལ་སྐོར་བའི་གནས།, ནང་པའི་ལྷ་ཁང་།, གནས་བྱིན་ཆེན།
ཁོངས་གཏོགས།བོད་ཀྱི་འཛམ་གླིང་རིག་དངོས་ཤུལ་བཞག རྩོམ་སྒྲིག
ཐོག་མར་བྱུང་དུས།637 རྩོམ་སྒྲིག
Has useགཞུང་འབྲེལ་བཞུགས་གནས། རྩོམ་སྒྲིག
རང་སྐད་མིང་།རི་བོ་གྲུ་འཛིན་ཕོ་བྲང་པོ་ཏ་ལ། རྩོམ་སྒྲིག
རྒྱལ་ཁབ།བོད། རྩོམ་སྒྲིག
སྲིད་འཛིན་ས་ཁུལ།ཁྲིན་ཀོན་ཆུས། རྩོམ་སྒྲིག
གནས་ཡུལ་གནས་ཐིག༢༩°༣༩′༢༨″N ༩༡°༧′༡″E རྩོམ་སྒྲིག
Catalog code107 རྩོམ་སྒྲིག
Significant eventUNESCO World Heritage Site record modification རྩོམ་སྒྲིག
Architectural styleརྫོང་ རྩོམ་སྒྲིག
Heritage designationMajor Historical and Cultural Site Protected at the National Level, part of UNESCO World Heritage Site རྩོམ་སྒྲིག
གཞུང་འབྲེལ་དྲྭ་ཚིགས།https://www.potalapalace.cn/ རྩོམ་སྒྲིག
World Heritage criteria(i), (iv), (vi) རྩོམ་སྒྲིག
Category for the view of the itemCategory:Views of Lhasa from Potala Palace རྩོམ་སྒྲིག
Nature of statementoccupied territory རྩོམ་སྒྲིག
Map


ཕོ་བྲང་པོ་ཏ་ལ་ (ལེགས་སྦྱར་སྐད།: Potala Palace) ནི་བོད་ཀྱི་རྒྱལ་ས་ལྷ་སའི་དམར་པོ་རིའི་སྟེང་དུ་ཆགས་པའི་འཛམ་གླིང་ན་ཆེས་གྲགས་ཆེ་བའི་གནའ་བོའི་ཕོ་བྲང་དང་། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མཚོན་རྟགས་བླ་ན་མེད་པ་ཞིག་ཡིན། འདི་ནི་བོད་རྒྱལ་སོ་གསུམ་པ་བཙན་པོ་་སྲོང་བཙན་སྒམ་པོས་ཐོག་མར་བཞེངས་ཤིང་། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་རྒྱ་བསྐྱེད་གནང་སྟེ་ད་ལྟའི་བཟོ་བཀོད་འདི་ཉིད་གྲུབ། སྤྱི་ལོ་ ༡༩༩༤ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ (UNESCO) གྱིས་འཛམ་གླིང་གི་ཤུལ་བཞག་རིག་དངོས་སུ་ངོས་འཛིན་བྱས།

༡ མཚན་གྱི་བྱུང་ཚུལ་དང་རྣམ་གྲངས།

[མ་ངོས་ཞུ་དག]

ཕོ་བྲང་འདིར་མཚན་གྱི་རྣམ་གྲངས་མང་པོ་ཡོད་པ་སྟེ། **རྩེ་པོ་ཏ་ལ། རྩེ་ཕོ་བྲང་། ཕོ་བྲང་དམར་པོ། རི་བོ་གྲུ་འཛིན་** སོགས་སུ་གྲགས།"པོ་ཏ་ལ་" ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། དེ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་བཞུགས་གནས་རི་བོ་པོ་ཏ་ལའམ་བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་པ་དེར་གོ་བ་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་བརྩི་བ་དང་། ཁོང་གིས་གནས་འདིར་སྒྲུབ་པ་མཛད་པའི་ལོ་རྒྱུས་ཡོད་པར་བརྟེན་ཕོ་བྲང་གི་མཚན་ལའང་སྤྱན་རས་གཟིགས་ཀྱི་ཕོ་བྲང་གི་མཚན་གསོལ་བ་ཡིན། ཕོ་བྲང་འདི་ནི་ལྷ་སར་མ་འབྱོར་གོང་རྒྱང་རིང་ནས་མཇལ་ཐུབ་ལ་ཕྱོགས་གང་ནས་མཇལ་ཀྱང་བཟོ་བཀོད་ཤིན་ཏུ་ལེགས་པ་ཡོད།

༢ ལོ་རྒྱུས་ཀྱི་རིམ་པ།

[མ་ངོས་ཞུ་དག]

༢.༡ ཐོག་མའི་བཞེངས་སྐྲུན། (དུས་རབས་ ༧ པ།)

[མ་ངོས་ཞུ་དག]

སྤྱི་ལོ་ ༦༣༡ ལོར་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་བོད་གོང་བུ་གཅིག་ཏུ་བསྒྲིལ་རྗེས། མལ་གྲོ་གོང་དཀར་གྱི་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་དབུ་རུ་སྐྱིད་ཤོད་ལྷ་སར་ཕེབས། དམར་པོ་རིའི་སྟེང་དུ་ཕོ་བྲང་གཟིམས་ཁང་དཀར་པོ་བཞེངས།

  • ས་དཔྱད། དམར་པོ་རི་ལ་ལྕགས་རི་རྒྱ་ཁྱོན་དཔག་ཚད་གཅིག་ཡོད་པས་ལྕགས་པོ་རི་དང་། བར་མ་རིའང་ནང་དུ་ཚུད་ཡོད་ཅེས་གསུངས།
  • བཟོ་བཀོད། ལྕགས་རི་ཕྱི་ནང་བར་གསུམ་གྱིས་བསྐོར་བའི་དབུས་སུ་མཁར་དགུ་ཐོག་ལ་ཁང་མིག་ ༩༩༩ དང་། རྩེ་མོར་མཁར་གཅིག་བཅས་ཁྱོན་མཁར་སྟོང་ཕྲག་གཅིག་ཡོད། ལྷོ་ཕྱོགས་སུ་བཙུན་མོའི་ཕོ་བྲང་དགུ་ཐོག་བྱས་པ་ལ། རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་ཕོ་བྲང་དབར་ལྕགས་ཐག་གི་ཟམ་པས་སྦྲེལ་ཡོད།
  • ཉམས་རྒུད། ཕྱིས་སུ་ཆོས་རྒྱལ་མང་སྲོང་མང་བཙན་དུས་རྒྱ་ནག་གི་དམག་གིས་མེར་བསྲེགས་པ་དང་། ཁྲི་སྲོང་ལྡེ་བཙན་སྐབས་ཐོག་བརྒྱབ་པ་སོགས་ཀྱིས་ཉམས་ཆག་ཆེན་པོ་བྱུང་སྟེ་ཆོས་རྒྱལ་སྒྲུབ་ཕུག་དང་འཕགས་པ་ལྷ་ཁང་ཙམ་ལས་ལྷག་མེད་པར་གྱུར།

༢.༢ དུས་རབས་ ༡༧ པའི་རྒྱ་སྐྱེད་དང་ཕོ་བྲང་དཀར་པོ།

[མ་ངོས་ཞུ་དག]

སྤྱི་ལོ་ ༡༦༤༢ ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་སྲིད་དབང་རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕྱག་ཏུ་ཕུལ། སྤྱི་ལོ་ ༡༦༤༥ ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་རྩེ་ཕོ་བྲང་དཀར་པོ་རྒྱས་བསྐྲུན་མཛད་ཅིང་། བོད་གཞུང་དགའ་ལྡན་ཕོ་བྲང་འབྲས་སྤུངས་ནས་པོ་ཏ་ལར་སྤོས།

༢.༣ ཕོ་བྲང་དམར་པོའི་བཞེངས་སྐྲུན།

[མ་ངོས་ཞུ་དག]

སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་བ་ལྔ་པ་ཆེན་པོའི་དགོངས་པ་རྫོགས་པའི་གསང་རྒྱ་བཟུང་སྟེ། སྤྱི་ལོ་ ༡༦༩༠ ལོར་ཕོ་བྲང་དམར་པོ་བཞེངས་འགོ་བརྩམས། ཐོག་མར་སྔར་གྱི་ཁང་རྙིང་ཡོངས་རྫོགས་བཤིག་པར་དགོངས་ཀྱང་། ཟན་རྟགས་བསྒྲིལ་བར་ཆོས་རྒྱལ་སྒྲུབ་ཕུག་དང་འཕགས་པ་ལྷ་ཁང་གཉིས་རང་འཇགས་བཞག་ན་ལེགས་ཚུལ་བབས་པས་དེ་ལྟར་མཛད། ཕོ་བྲང་དམར་པོ་འདི་ཉིད་ལོ་གསུམ་གྱི་ནང་ལེགས་པར་བསྒྲུབས།

༣ བཟོ་བཀོད་དང་ནང་རྟེན་གལ་ཆེ་ཁག

[མ་ངོས་ཞུ་དག]

༣.༡ ཕོ་བྲང་དམར་པོའི་ལྷ་ཁང་ཁག

[མ་ངོས་ཞུ་དག]

ཕོ་བྲང་དམར་པོ་ནི་བོད་ལུགས་ཀྱི་ཐོག་བརྩེགས་བཅུ་གསུམ་ཡོད་པའི་སྟེང་དུ་རྒྱལ་བའི་གཟིམ་ཆུང་དང་ལྷ་ཁང་མང་པོ་ཡོད།

  • ཆོས་རྒྱལ་སྒྲུབ་ཕུག: ལྷ་ཁང་རྙིང་ཤོས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་དངོས་བཞུགས་མྱོང་བའི་གནས་ཡིན། ནང་དུ་ཆོས་རྒྱལ་ཡབ་ཡུམ་དང་། བློན་པོ་མགར་སྟོང་བཙན། ཐོན་མི་སམ་བྷོ་ཊ་སོགས་ཀྱི་སྐུ་བརྙན་བཞུགས།
  • འཕགས་པ་ལྷ་ཁང་: པོ་ཏ་ལའི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་བཞུགས། འདི་ནི་ཙན་དན་ལས་གྲུབ་པའི་བྱིན་ཅན་གྱི་རྟེན་རྩ་ཆེ་ཤོས་ཤིག་ཡིན།
  • ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས: ཕོ་བྲང་དམར་པོའི་འདུ་ཁང་ཆེན་མོ་སྟེ་རྒྱལ་བ་རིམ་བྱོན་གྱི་ཆོས་སྲིད་མཛད་སྒོ་ཁག་གནང་སའི་ལྟེ་བ་ཡིན།

༣.༢ རྒྱལ་བ་རིམ་བྱོན་གྱི་གསེར་སྡོང་ཁག

[མ་ངོས་ཞུ་དག]

ཕོ་བྲང་པོ་ཏ་ལར་རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་པའི་བར་གྱི་གདུང་རྟེན་གསེར་སྡོང་བརྒྱད་བཞུགས་ཡོད།

  1. གསེར་སྡོང་འཛམ་གླིང་རྒྱན་གཅིག: རྒྱལ་བ་ལྔ་པ་ཆེན་པོའི་གདུང་རྟེན། (༡༦༩༢ ལོར་བཞེངས།)
  2. གསེར་སྡོང་བཀྲ་ཤིས་འོད་འབར: རྒྱལ་བ་སྐུ་ཕྲེང་བདུན་པའི་གདུང་རྟེན།
  3. གསེར་སྡོང་དགེ་ལེགས་གཟི་འབར: རྒྱལ་བ་སྐུ་ཕྲེང་བརྒྱད་པའི་གདུང་རྟེན།
  4. གསེར་སྡོང་ལུང་རྟོགས་རྒྱ་མཚོའི་གདུང་རྟེན: རྒྱལ་བ་དགུ་པའི་གདུང་རྟེན།
  5. གསེར་སྡོང་ཁམས་གསུམ་རྒྱན་མཆོག: རྒྱལ་བ་བཅུ་པའི་གདུང་རྟེན།
  6. གསེར་སྡོང་ཕན་བདེ་འོད་འབར: རྒྱལ་བ་བཅུ་གཅིག་པའི་གདུང་རྟེན།
  7. གསེར་སྡོང་ཚེ་སྦྱིན་འོད་འབར: རྒྱལ་བ་བཅུ་གཉིས་པའི་གདུང་རྟེན།
  8. གསེར་སྡོང་དགེ་ལེགས་འདོད་འཇོ: རྒྱལ་བ་བཅུ་གསུམ་པའི་གདུང་རྟེན། (༡༩༣༤ ལོར་བཞེངས།)

༤ རྣམ་རྒྱལ་གྲྭ་ཚང་།

[མ་ངོས་ཞུ་དག]

རྣམ་རྒྱལ་གྲྭ་ཚང་ནི་ཐོག་མར་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་གསར་འཛུགས་གནང་ཞིང་། རྒྱལ་བའི་སྐུ་འཁོར་གྲྭ་ཚང་ངམ་སྐུ་ཞབས་གྲྭ་ཚང་ཞེས་ཞུ། སྔོན་དགེ་འདུན་ཞལ་གྲངས་ ༡༧༠ ཙམ་གྱིས་རི་བོ་དགེ་ལྡན་པའི་སྔགས་ཆོག་གཙོ་བོར་མཛད་པའི་ཐོག རྙིང་མ་དང་ས་སྐྱའི་ཕྱག་བཞེད་ཀྱང་མཛད་པ་ཡིན།

༥ ཞོལ་གྱི་བཀོད་པ།

[མ་ངོས་ཞུ་དག]

པོ་ཏ་ལའི་མདུན་གཤམ་གྱི་ས་ཆར་ **ཞོལ་** ཞེས་ཟེར། འདིར་ཞོལ་ལྕགས་རིའི་ཕྱི་ནང་གཉིས་ཡོད་ཅིང་སྔོན་གྱི་སྡེ་པ་གཞུང་གི་ལས་ཁུངས་ཁག་ཆགས་ཡོད་པ་ནི། དམག་སྤྱི་ཁང་དང་། པར་ཁང་། འབྲུ་ཁང་། འདོད་དཔལ་ (བཟོ་གྲྭ)། ཞོལ་པ་ལས་ཁུངས་ (ཁྲིམས་ཁང་) སོགས་ཡིན།

༦ གལ་གནད་དང་སྲུང་སྐྱོབ།

[མ་ངོས་ཞུ་དག]

ཕོ་བྲང་པོ་ཏ་ལ་ནི་བོད་མི་རིགས་ཀྱི་རླབས་ཆེ་བའི་གནའ་རབས་འཛུགས་སྐྲུན་ཡིན་ལ་བོད་ཀྱི་ནང་བསྟན་ཆོས་ལུགས་ཆབ་སྲིད་དཔལ་འབྱོར་རིག་གནས་སྒྱུ་རྩལ་འཛུགས་སྐྲུན་གང་ཅིའི་ཐད་ཀྱི་ཉིང་བཅུད་ལྟ་བུ་ཡིན། ༡༩༩༤ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཚན་དུ་ཚུད་པ་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།

[མ་ངོས་ཞུ་དག]
  • སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》
  • བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང་།》
  • སུམ་པ་ཡེ་ཤེས་དཔལ་འབྱོར། 《སུམ་པོ་ཆོས་འབྱུང་།》