ཕུར་བུ་ལྕོག
མཚན་རྒྱས་པར་ཕུར་ལྕོག་རིགས་གསུམ་བྱང་ཆུབ་གླིང་ཞེས་ཞུ། རྭ་ཁ་བྲག་ནས་ཕྲེད་ལམ་བརྒྱུད་སྤྱི་ལེ་གཉིས་གསུམ་ཙམ་རི་རྒྱབ་ཏུ་སོང་ན་རི་ཁྲོད་དེར་སླེབས། ཕུར་ལྕོག་ཅེས་པ་ནི། ཞང་འགྲོ་མགོན་གཡུ་བྲག་གིས་བྲག་ཕུར་བུའི་དབྱིབས་ཅན་གྱི་སྟེང་དུ་ཕོ་བྲང་ཟུར་ལྕོག་བཏབ་པས་མཚན་དེ་ལྟར་ཐོགས། དེ་ནས་སྤྱི་ལོ་༡༧༠༦ཙམ་ལ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོར་མ་ཅིག་ལབ་སྒྲོན་གྱི་སྲས་ཐོས་སྨོན་བསམ་གྲུབ་ཀྱིས་ཕུ་དོག་ཅིང་མདའ་བདེ་བའི་ཡུལ་དོག་བདེ་ཅེས་པར་མཁར་བཏབ་ན་བཟང་ཞེས་ལུང་བསྟན་པ་ལྟར་གནས་དེར་ཕེབས་སྐབས་དེར་མཆོད་རྟེན་དཀར་ཆུང་གིས་གཙོས་མཆོད་རྟེན་ཁ་ཤས་དང་། རིགས་གསུམ་ལྷ་ཁང་གི་ཤུལ་ཙམ་ལ་སྒྲུབ་གནས་བཏབ། སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་སེ་ར་རྩེ་དང་། རྭ་ཁ་བྲག ཕུར་བུ་ལྕོག་བཅས་བསྐྱངས་གནང་བ་ལ། རྗེས་སུ་ཕུར་བུ་ལྕོག་ངག་དབང་བྱམས་པ་ལ་གཏད་པས་གནས་མིང་བླ་མར་ཐོགས་ཏེ་ཕུར་ལྕོག་ངག་དབང་བྱམས་པ་ཞེས་པ་དེ་ལྟར་བྱུང་། གནས་དེར་ལོ་ལྟར་ལམ་རིམ་གསུངས། ཐོག་མར་འདུ་ཁང་ཀ་བ་བཞི་ནས་རིམ་བཞིན་རྒྱ་སྐྱེད་གནང་བ་དང་། ཕོ་ལྷ་མི་དབང་དུས་ཆོས་རྭའི་འདུ་ཁང་ཆེན་མོ་སོགས་རྒྱས་བསྐྲུན་གནང་། ཐོག་མར་དགེ་འདུན་བརྒྱད་གྲྭ་གཅིག་ནས་རིམ་བཞིན་བརྒྱད་བཅུ་ཙམ་བར་འཕེལ། སྔོན་འདུ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་སྒྲུབ་ཁང་དུས་བཞེངས་གནང་བའི་འཇིགས་བྱེད་དང་། སྒྲོལ་དཀར་སོགས་ཀྱི་སྐུ་བརྙན། རིགས་གསུམ་ལྷ་ཁང་ནང་རིགས་གསུམ་མགོན་པོའི་སྐུ་བརྙན་བཞེངས་གནང་ནས་རབ་གནས་མཛད་སྐབས་ཡིག་དྲུག་གི་རང་བྱོན་དུ་གཟིགས་སྣང་བྱུང་བ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ། ད་ལྟ་གསར་བཞེངས་གནང་བའི་རི་ཁྲོད་ནང་སྔོན་གྱི་སྐུ་བརྙན་ཁག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ཡང་དེ་དང་ཉེར་བར་དུས་རབས་བཅུ་བདུན་ཙམ་དུ་སེར་སྨད་མཁན་པོ་སྤང་ལུང་བློ་བཟང་ཐུགས་རྗེས་ཕྱག་བཏབ་གནང་བའི་སྤང་ལུང་རི་ཁྲོད་ཀྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།