Jump to content

ཕན་པར་བསམས་པ་

ཡོང་ཁུངས་Wikipedia

ཕན་པར་བསམས་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྒྲུབ་པར་བསམ་པའི་བློ་དང་སེམས་པ་ལ་གོ་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ནང་གསེས་གལ་ཆེ་བ་ཞིག་ཡིན། འདི་ནི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་བསལ་ནས་བདེ་བ་ཐམས་ཅད་སྒྲུབ་པར་བསམ་པའི་སེམས་པ་སྟེ། བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཀྱི་རྣམ་པ་སྣ་ཚོགས་སུ་བཀྲམ་པ་ཞིག་ཡིན།

ནང་དོན།

[རྩོམ་སྒྲིག]

བྱམས་པའི་སེམས་ཀྱིས་ཕན་པར་བསམ་པ། "བྱམས་པའི་སེམས་ཀྱིས་སེམས་ཅན་ལ་བདེ་བ་དང་ལྡན་འདོད་ཀྱི་ཕན་པར་བསམ་པ་ཙམ་གྱིས་ཀྱང་རིན་པོ་ཆེ་སྣ་བདུན་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པ་ལས་ཁྱད་པར་དུ་འཕགས་པར་འགྱུར་"[]ཞེས་གསུངས། འགྲོ་བ་ཐམས་ཅད་བསྐྱབ་པའི་ཆེད་དུ་བསམ་པ། "འགྲོ་བ་ཐམས་ཅད་བསྐྱབ་པའི་ཆེད་དུ་བདག་སངས་རྒྱས་སུ་གྱུར་ཅིག་སྙམ་པའི་ཕན་པར་བསམས་པ་ཙམ་གྱིས་ཀྱང་བྱེ་བ་ཁྲག་ཁྲིག་གི་སངས་རྒྱས་ཀྱི་ཞིང་ན་མཆོད་པ་ཇི་སྙེད་ཡོད་པས་སངས་རྒྱས་མཆོད་པ་ལས་བསོད་ནམས་ཁྱད་པར་འཕགས་པ་"[]ཞེས་གསུངས།

ཕན་ཡོན།

[རྩོམ་སྒྲིག]

སངས་རྒྱས་མཆོད་པ་ལས་ཁྱད་འཕགས་པ། ཕན་པར་བསམ་པའི་ཕན་ཡོན་ནི་ཤིན་ཏུ་ཆེ་བ་སྟེ། "སེམས་ཅན་ཐམས་ཅད་ཀྱི་ཁེ་དོན་ལ་བསམ་པ་ཙམ་གྱིས་ཀྱང་སངས་རྒྱས་ལ་མཆོད་པ་ཕུལ་བ་ལས་ཆེས་ཕན་ཡོན་ཆེ་ན། གལ་སྲིད་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་བདེ་བ་ལ་དམ་བཅས་བརྩོན་འགྲུས་སྤེལ་ནས་སྤྱོད་པ་སྤྱད་ན་ཇི་ཙམ་ཕན་ཡོན་ཆེ་བ་སྨོས་ཀྱང་ཅི་དགོས།"ཞེས་གསུངས། ཏིང་ངེ་འཛིན་རྒྱལ་པོ་ལས། "བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །"ཞེས་གསུངས། དཔས་བྱིན་གྱིས་ཞུས་པ་ལས། "གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་སོ། །"ཞེས་གསུངས།

སྨོན་པ་དང་འཇུག་པ་གཉིས།

[རྩོམ་སྒྲིག]

སྨོན་པའི་ཕན་པར་བསམ་པ་"སྔ་མ་ལྷག་པའི་བསམ་པས་སྨོན་པ་ཙམ་ལས་སྒྲུབ་པ་དང་བྲལ་"[]ཞེས་གསུངས་ཏེ། འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་པ་ཙམ་ཡིན། འཇུག་པའི་ཕན་པར་བསམ་པ་ཕྱི་མ་སྦྱོར་བས་གཞན་དོན་ལ་དངོས་སུ་བརྩོན་པ་སྟེ། "ནམ་མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་བདེ་དོན་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་སྦྱིན་སོགས་ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་བརྩོན་པ།"[] ཞེས་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།