ཕག་མོ་གྲུ་པས་རིག་མ་བསྟེན་མིན་ལ་དཔྱད་པ་
འབྲི་སྟག་འབྲུག་གསུམ་སོགས་བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡབ་ཆེན། བདེ་གཤེགས་ཕག་མོ་གྲུ་པ་དེ་ཉིད་ཀྱིས་རིག་མ་བསྟེན་མིན་ཐད་ལ། རྡོ་རྗེ་རྒྱལ་པོ་རང་ཉིད་ཀྱི་རྩམ་ཆོས་ཀྱི་མཛད་བྱང་དང་། དེ་དང་བར་ཐག་ཉེ་བ་མཐུན་མང་གི་རྣམ་ཐར་སོགས་རགས་རིམ་ཙམ་ལ་གཞི་བཅོལ་ནས་ཅུང་ཟད་གླེང་ཡོད།
བརྡ་ཆད། རྡོ་རྗེ་རྒྱལ་པོ། གསང་ཡུམ། ཙཱ་རིའི་ཐོད་པ་སྨུག་ཆུང་།
ཐོག་མར་འབྲི་གུང་རིན་ཆེན་དཔལ་དེ་ཉིད་དབུས་སུ་བྱོན་ཚེ་ལམ་བར་དུ་དྭགས་པོ་བསོད་ནམས་རིན་ཆེན་ལ་ལོ་ངོ་བདུན་བསྟེན་ཞིང་། དཔལ་ཕག་མོ་གྲུབ་པའི་གསང་ཡུམ་ཡང་ཡིན་ཟེར་བ་བུད་མེད་ཅིག་འཕྲད་པ་དེ་ནི་དོགས་སློང་བྱ་ཡུལ་གཅིག་ཏུ་གྱུར་པ་རེད། <<རྣམ་ཐར་རྡོ་རྗེ་འབར་བ་>>ལས། གནས་པོ་རྡོ་པའི་སར་བྱོན། ། དེ་ན་རྣལ་འབྱོར་མ་ཐོ་ཅོ་བྱེད་པ་ཆོས་རྗེ་སྒམ་པོ་པ་ལ་ལོ་བདུན་བསྟེན། རྗེ་ཕག་མོ་གྲུ་པའི་ཕྱག་རྒྱ་མོ་ཡིན་ཟེར་བ་ཞིག་འདུག་པ་དེ་ལ་ཡང་དད་གུས་ཆེན་པོ་བྱུང་། ལམ་དེར་མི་གཅིག་དང་ཕྲད་ནས་ག་ནས་འོངས་བྱས་པས། ཕག་མོ་གྲུ་ནས་འོངས་ཟེར་བས་དེ་ལ་ཕྱག་འཚལ། དེར་ཁོ་ན་རེ། གྲོང་ནས་འོངས་པ་ཡིན་དགོན་པ་ནས་མ་འོངས་ཟེར་ཡང་གྲོང་དང་དགོན་པའི་ཁྱད་པར་མ་ཤེས། {1}ཞེས་པའོ། ། རྣལ་འབྱོར་མ་ཐོ་ཅོ་ཅན་དེ་ལ་རིན་ཆེན་དཔལ་གྱིས་དད་གུས་ཆེན་པོ་བྱུང་ཟེར་དོན་ནི། རིན་ཆེན་དཔལ་ཁོ་རང་དད་གཞན་ཧ་ཅང་ཆེ་བས། ཕག་གྲུའི་གསང་ཡུམ་ཡིན་མིན་མ་ཤེས་ཀྱང་སྐབས་དེ་དུས་གསང་ཡུམ་ཡིན་ཟེར་བ་དེ་ལ་བསྟེན་ནས་དད་གུས་བྱས་པར་མངོན་ཏེ། མི་ཞིག་གིས་ང་ཕག་མོ་གྲུ་ནས་འོང་ཟེར་ཚེ་དེ་ལ་ཕྱག་ཀྱང་འཚལ་བ་རེད། སྐབས་དེ་དུས་རིན་ཆེན་དཔལ་གྱིས་དད་གུས་བྱས་པ་ལ་བསྟེན་ནས་ཕག་མོ་གྲུ་པའི་གསང་ཡུམ་ཡིན་པས་ངེས་པ་ནི་རྩ་བ་ནས་མེད། ལྷག་ཏུ་ཕྱིན་སུ་བུ་མོ་དེ་ལ་ཐོ་ཅོ་ཅན་དང་ཕྱག་རྒྱ་མོ་ཡིན་ཟེར་བ་ཞེས་པས་ཐ་སྙད་དེ་དག་རྣམ་ཐར་ནང་ལས་བྱུང་བ་ལ་བརྟག་ན། དེ་ཉིད་ཕག་མོ་གྲུབ་པའི་གསང་ཡུམ་མ་ཡིན་པར་མངོན། གལ་སྲིད་ཕག་མོ་གྲུ་པའི་གསང་ཡུམ་ཡིན་ངེས་ན། སྐབས་དེ་དུས་བླ་མ་རིན་པོ་ཆེའི་གསང་ཡུམ་དང་ཕྲད་བཤད་རྒྱུ་གཏན་ཁེལ་བ་རེད། ཐོ་ཅོ་ཅན་ཟེར་བ་དེ་ནི་སྤྱོད་པ་ཤིན་ཏུ་རྩིང་པོས་དོན་ཡིན་ཏེ། '’ཚིག་མཛོད་དག་ལས། མ་རྟོགས་ཐོ་ཅོ་ཅན་གྱི་གྲུབ་རྫུ་འཆལ་པོ་མང་བའི་དུས་ལྟ་བུ་ཟེར། དེ་ནི་དོན་ལ་མོ་རང་གིས་ཐོ་ཅོ་བྱས་ནས་རང་ཉིད་ལ་མི་གཞན་གྱིས་དོ་སྣང་བྱ་བས་ཆེད་དུ་ང་ཕག་མོ་གྲུ་པའི་གསང་ཡུམ་ཡིན་ཞེས་བསྒྲགས་པར་མངོན་ཏེ། དཔེར་ན་ཉེ་དུས་སུ་བུ་མོ་དགའ་ཡིས་ང་རང་མཁྱེན་རྩེ་རིན་པོ་ཆེས། རྒྱལ་བ་ཀརྨ་པ་ཐུགས་མཉེད་པས་ཆེད་དུ་ངོ་སྤྲོད་བྱས་བྱུང་ཟེར་བ་ལྟར་ཡིན་པ་ཟུར་ལྟས་ལེབ་མཐོང་རེད། རྣམ་ཐར་རྡོ་རྗེ་འབར་བའི་ནང་དུ་ངོ་སྣང་མེད་པར་བཀོད་དོན་ནི། རིན་ཆེན་དཔལ་ཕེབས་སྐབས་བྱ་བ་བཟང་ངན་དང་མི་སྣ་བཟང་ངན་གང་འདྲ་ཞིག་ཕྲད་ཀྱང་ཡོད་ཚད་ངོ་སྣང་མེད་པར་བཀོད་ཡོད་པ་ལ་བསྟེན་ནས་བྱུང་བ་ཡིན་པ་ལས་དེ་ཉིད་ཕག་མོ་གྲུ་པའི་ཕྱ་རྒྱ་མ་ཡིན་པ་ལ་བརྟེན་ནས་ཐོ་ཅོ་ཅན་ཞེས་འབོད་པ་ཅི་ཞིག་ཡིན། དེར་མ་ཟད་དང་པོ་བུ་མོ་ཐོ་ཅོ་ཅན་ཟེར་བ་དེ་དང་། ཕྱིས་སུ་ལྷ་སྒྲུང་ལས་བྱུང་བའི་བུ་མོ་ལོ་བཅོ་ལྔ་ཅན་ཟེར་བ་དེ་གཉིས་བརྗོད་བྱ་ཐ་དད་ཡིན་པར་མངོན་ཏེ། དང་པོ་དེ་ནི་ལོ་བདུན་དྭགས་པོའི་སྐུ་འདུན་དུ་བཞུགས་ནས། ཕྱིས་སུ་དཔལ་ཕག་མོ་གྲུ་པའི་རིག་མ་ཡིན་ཟེར་བ་དེ་ནི་འབྲི་གུང་རིན་ཆེན་དཔལ་གདན་ས་ཕེབས་ཚར་དུས་ལོ་བཅོ་ལྔ་ཡིན་པ་ཞིག་མེད་པ་གཏན་ཁེལ་ཡིན་ཏེ། དཔེར་ན། རྣལ་འབྱོར་མ་ཐོ་ཅོ་ཅན་དེ་ལོ་ན་བརྒྱད་དུས་སུ་དྭགས་པོ་བླ་མ་བསྟེན་ཡོད་པས་དབང་དུ་བྱས་ན། མོ་རང་དྭགས་པོའི་སྐུ་འདུན་ལས་བྲལ་ཚེ་ལོ་བཅོ་ལྔ་སླེབས་ཚར་བ་རེད། འབྲི་གུང་རིན་ཆེན་དཔལ་གདན་ས་རུ་བྱོན་དུས། རྡོ་རྗེ་རྒྱལ་པོ་མཐའ་རྩར་བཞུགས་ནས་ལོ་ངོ་བཅུ་གཅིག་ཙམ་དུ་ཕྱིན་ཡོད། ཐོ་ཅོ་ཅན་ཟེར་བ་དེ་ཉིད་རིན་ཆེན་དཔལ་དང་མཇལ་སྐབས་མ་མཐའ་མོ་ལོ་ཉེར་གསུམ་སླེབས་ཡོད་པ་དཔོག་ཐུབ། དོགས་སློང་གཉིས་པ་‘’སྒྲུང་ཞིག་བཤད་ན་འདི་ལྟར་ཏེ། གཟིམ་སྤྱིལ་དུ་བུད་མེད་ཀྱི་སྐད་ཐོས་པས་སྟག་ལུང་པ་ལྟ་ཡོང་བས་བྱ་འཇོལ་མོ་ཞིག་འཕུར་བ་མཐོང་ནས་བླ་མ་ལ་ཞུས་པས། མཁའ་འགྲོ་མ་ཚོགས་པ་ཡིན། ཁྱད་པར་དུ་ཕག་མོ་གྲུ་ན་བུ་མོ་ལོ་བཅོ་ལྔ་ལོན་པ་ཞིག་ཡོད། དེ་རྡོ་རྗེ་ཕག་མོའི་སྤྲུལ་པ་ཡིན་པས་ཁྱོད་རང་གི་ཕྱག་རྒྱ་མ་བསྟེན་ན་ཕུང་པོ་འཇའ་ལུས་སུ་འགྱུར་པ་ཡིན་ཞེས་གསུངས་སྐད། དེ་ནི་མཐུན་མིན་རྣམ་མཐར་བཅུ་གཉིས་ལས་བྱུང་བས་ཐ་སྙད་དགའ་ཞིག་དང་འཁྲུལ་ནས། སློབ་མ་རྣམས་ཀྱིས་དཔལ་ཕག་མོ་གྲུ་པས་མི་མིན་གྱི་མཁའ་འགྲོ་མ་འགའ་དང་འགའ་ལ་ཆོས་གསུངས་བ་རེད་ཅེས་ཆེ་བསྟོད་སྒོ་ནས་བཤད་ཁུལ་བྱས་ཀྱང་། སྟབས་མ་ལེགས་པ་ཞིག་ལ། བླ་མ་སྟོད་མ་ཤེས་ནས། གཏམ་འཆལ་དེ་ཡིས་དཔལ་ཕག་མོ་གྲུ་པ་ལ་ཞྭ་མོ་གནམ་ཙམ་ཞིག་བཀོན་པ་རེད། བླ་མའི་ཆེ་བ་བཤད་མ་ཤེས་པས་ཅོལ་གཏམ་ཡིག་ཐོག་ཏུ་བཀོད་པ་དེ་རྣམས། ཕག་གྲུ་དང་། སྟག་ལུང་ཐང་པ། གླིང་རས་ཁོང་ཚོ་ཡིས་ད་ལྟ་དངོས་སུ་མཐོང་བ་ཡིན་ན། ཁོང་རྣམ་པ་ངུ་ངུ་མི་ཤེས་པ། དགོད་དགོད་མི་ཤེས་པ་བྱས་ཡོད་པ་རེད། ལྷ་སྒྲུང་ལས་བྱུང་བའི་རོ་མེད་ཀྱི་ཐོད་པ་དེ་ཡི་འཁྲུལ་གཞི་ནི། <<ཕག་གྲུའི་རྣམ་ཐར་གཟི་འབར་>>ལས། ནགས་ཤོད་པའི་གནས་བརྟན་ཞིག་ཤི་ནས་རོ་དེ་དཔལ་ཕག་མོ་གྲུབ་པའི་རྐྱང་ཆུང་དུ་སྐྱོར་གསུང་། དེར་བསྐྱལ་ནས་བཞག་མ་གསུམ་ལོན་པ་དང་། ད་སོང་ལ་ལྟོས་དང་རྟགས་ཤིག་འོང་གསུངས། དེ་ནས་གླིང་རས་ཀྱིས་ཐོད་པ་དྲ་སྙམ་ནས་དཔྲལ་བན་ལས་ཚུར་དྲས་ཙམ་ན་དེར་འཇའ་བྱུང་ནས་བླ་མའི་སྤྱིལ་པོའི་བར་དུ་འཇའ་འབྲེལ་བྱུང་བར་བཤད་པ་དེ་ཡིན་པ་རེད། ལྷ་སྒྲུང་བཤད་མཁན་དེ་རྣམས་ཀྱིས་ཕོ་ཐོད་མོ་ཐོད་དུ་འཁྲུལ་བ་དང་། མོ་ཐོད་རྡོ་དང་འཁྲུལ་བ། དགེ་སློང་རྒད་མོ་ཡོད་པ་འཁྲུལ་བ་རེད། <<རྒྱན་གྱི་གཏེར་>>ལས། གདུགས་ཚོད་ལ་མ་བབ་ཕན་ཆད་དུ་ཐུགས་དམ་ལ་མཉམ་པར་གཞག་ཅིང་། གདུགས་ཚོད་ལ་བབ་པའི་དུས་སུ། སྔ་དྲོ་ནས་ཤམ་ཐབས་དང་ཆོས་གོས་གསོལ་ཞིང་། ལྷུང་བཟེད་བསྣམས་ཏེ་བསོད་སྙོམས་བཞེས་ཕྱག་བཅབ་ནས་ཆོས་གསུང་བ་དང་། སྒྲོ་འདོགས་གཅོད་པའི་གང་ཟག་རེ་རེ་ལ་སོགས་པ་ཁྲིད་ཀྱི་སྤྲོས་པ་ཆོད་པར་མཛད་ཅིང་། {2}གསུངས་སོ། ། བསྟན་པའི་རྒྱན་དུ་གྱུར་པ་ཞིག་གིས། རྒད་མོ་འཁྲིད་བཞིན་དུ་ཆོས་གོས་གྱོན་ནས་སེར་འབལ་ལེ་དེང་དུས་བླ་སྔགས་འགའ་ཞིག་ལྟར་མི་མཛད་པ་མངོན་སུམ་རེད། ཕྱིས་དུས་སུ་རྩམ་པར་སྣང་བ་བསྟན་བཅོས་བཻ་ཌཱུརྱའི་ཐེམ་སྐས་ཀྱི་འཇུག་བྱང་དུ། སློབ་མ་བཟང་པོ་བཀྲ་ཤིས་དཔལ་གྱི་དོན་དུ།། ཤཱཀྱའི་དགེ་སློང་རྡོ་རྗེ་རྒྱལ་གྱིས། ། དབེན་གནས་ཕག་མོ་གྲུར་སྦྱར་བ་རྫོགས་སོ་ཞེས་བཀོད་པ་དང་། དེ་བཞིན་བསྟན་བཅོས་རིན་པོ་ཆེ་གསེར་གྱི་སྐ་རགས་ཀྱི་འཇུག་བྱང་དུ། ཤཱཀྱའི་དགེ་སློང་རྡོ་རྗེ་རྒྱལ་པོས་སྦྱར་བ་རྫོགས་སོ་ཞེས་འཇུག་བྱང་དེ་དག་ཏུ་ཤཱཀྱའི་དགེ་སློང་ཞེས་ཕག་མོ་གྲུ་པ་ཉིད་ཀྱིས་བཀོད་པའོ། ། ཙ་རིས་ཐོད་པ་སྨུག་ཆུང་ཟེར་བ་དེ་ནི། ཕག་གྲུའི་གསང་ཡུམ་གྱི་ཐོད་པ་ཡིན་ཟེེ་བ་ནི་ཧ་མ་གོ་པ་ཞིག་ལོས་ཀྱང་ཡིན། ཙ་རིའི་ཐོད་པ་སྨུག་ཆུང་ཟེེར་དོན་བསམ་བློ་ཞིག་འཐོང་དང་། དེ་ནི་གནས་ཆེན་ཙ་རིའི་ཕོ་བྲང་གཡུ་མཚོ་ལས་བྱུང་བའི་གཏེར་རྡོ་ཞིག་ཡིན་པ་ལས་མི་ཡི་ཐོད་པ་གཅིག་རྩ་བ་ནས་མ་ཡིན་པར་སེམས། དེ་ནི་སྤྱི་ལོ་1644ནང་དུ་བྱོན་པ་ནགས་ཤོད་དཔའ་བོ་སྤུ་རིས་ཞེས་པ་དེ་ཡིས་ཙ་རིའི་ཐོད་པ་སྨུག་ཆུང་ཟེར་བ་གཏེར་རྡོ་མདོག་སྨུག་པོ་ཡིན་པ་ལ། དབྱིབས་མི་ཡི་ཐོད་པ་དང་འདྲ་བ་ཞིག་ཡོད་པ་དེ་དང་། གཏེར་ཆེན་བླ་མའི་གཏོར་མ་ཟེར་བ་གཉིས་ཙ་རི་ནས་གཏེར་དུ་བཞེས་ནས། ཕྱིས་སུ་རིག་གསར་མ་ཚེས་བར་དུ་སྤྲིན་སྨྱོན་ཚང་གི་གཏེར་སྒམ་ནང་དུ་ཡོད་པ་ལུང་པ་དེའི་ཡུལ་མི་རྒན་སུམ་ཕལ་མོ་ཆེས་མཐོང་མྱོང་ཡོད། དེར་མ་ཚད་མི་ཚང་དེ་ཚང་གི་སྦྲ་ལ་སྐོར་བ་བྱས་ན། ཙ་རི་སྐོར་བ་དང་དབྱེར་མེད་ཅེས་བཤད་ཅིང་སྦྲ་ལ་སྐོར་བ་ཡང་བྱ་སྲོལ་ཡོད། ཙ་རིའི་ཐོད་པ་སྨུག་ཆུང་ཞེས་པ་དེ་ནི་གནས་ཆེན་ཙ་རི་དང་འབྲེལ་བ་ཅན་ཞིག་ཡིན་ཡང་དེ་ནི་མི་ཡི་ཐོད་པ་ཞིག་ཅི་ལ་ཡིན་དགོས། མི་མོའི་ཐོད་པ་ཞིག་ལ་ཙཱ་རིའི་ཐོད་པ་སྨུག་ཆུང་ཡིན་ཟེར་བ་དང་། ཕག་གྲུའི་གསང་ཡུམ་གྱི་ཐོད་པ་ཡིན་ཞེས་པ་དང་། འགའ་ཞིག་ཕག་གྲུའི་གསང་ཡུམ་ཀྱི་ལུས་ཡིན་ཟེར་བ་དེ་དག་ནི་གཡག་གི་རྔ་མ་ངོམ་ནས་རྟ་ཤ་འཚོང་བ་དང་འདྲ་ཆ་བར་སྣང་ངོ་། །