ཕག་གྲུ་རྡོ་རྗེ་རྒྱལ་པོ་
འགྲོ་མགོན་ཕག་མོ་གྲུ་པ། ཕག་གྲུ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་ཡབ་དང་དབས་ཝེ་ན་ཨ་ཐར་དང་ཡུམ་བཙན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག(༡༡༡༠)ལོར་མདོ་ཁམས་ཀྱི་ལྷོ་རྒྱུད་འབྲི་ལུང་རྨེ་ཤོད་ཀྱི་སྟག་ངོས་སབ་ཁང་དུ་སྐུ་བལྟམས། དགུང་ལོ་དགུ་པར་བྱ་ཁྱི་ལྷ་ཁང་དུ་མཁན་པོ་ལྷིང་ངེ་བ་ཚུལ་ཁྲིམས་འབར་དང་འོད་ཟེར་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་། མཚན་ལ་རྡོ་རྗེ་རྒྱལ་པོ་ཞེས་གསོལ། མདོ་ཁམས་སུ་ལོ་ཉི་ཤུ་ལྷག་ཙམ་བཞུགས་རིང་མཁས་གྲུབ་ཀྱི་བླ་མ་བཅུ་དྲུག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་ལ་གསན་བསམ་ལེགས་པར་མཛད། དགུང་ལོ་ཉེར་གཉིས་པ་ལ་དབུས་སུ་བྱོན། བཀའ་གདམས་ཀྱི་དགེ་གཤེས་མང་པོའི་དྲུང་ནས་བཀའ་གདམས་ཀྱི་ཆོས་གསན། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་ཟུལ་ཕུར་བྱ་དུལ་བ་འཛིན་པས་མཁན་པོ་དང་། དགེ་བཤེས་རྒྱ་དམར་གྱིས་ལས་སློབ། ཨར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པ་དང་། མཁན་སློབ་ལས་འདུལ་བ། གསང་སྟོན་ལས་ཕར་ཕྱིན། མྱང་བྲན་ལས་སྤྱོད་འཇུག་སོགས་གསན་པས་མཁས་པའི་རྩེ་མོར་སོན། དེ་ནས་དགུང་ལོ་ཞེ་གཅིག་པ་ལྕགས་ལུག(༡༡༥༡)ལོར་བླ་མ་ཞང་དང་མཉམ་དུ་ཆོས་མང་པོ་གསན་ཏེ་སློབ་མར་གྱུར་ནས་ལོ་གསུམ་བཞུགས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག་ཏུ་གྱུར། འོན་དུ་ཕེབས་ནས་མཚལ་སྒང་དུ་ལོ་ངོ་ལྔ་ཙམ་གྱི་བར་བཞུགས་རིང་སློབ་མ་འདུས་པ་རྣམས་ལ་དྭགས་པོའི་གདམས་པ་གཙོ་བོར་གྱུར་པའི་ཆོས་ཀྱི་རྣམ་གྲངས་མང་པོས་ཚིམས་པར་མཛད། དགེ་འདུན་གང་བཞུགས་པ་རྣམས་ལ་རྣམ་པ་ཀུན་ཏུ་དམ་པའི་ཆོས་འདུལ་བ་ལས་མི་འགལ་བའི་སྤྱོད་པ་འཛིན་དགོས་ཞེས་ནན་གྱིས་གསུངས་པ་དང་། གདམས་ངག་བཏབ་པ་རྣམས་ཐེབས་སླ་ཞིང་བསམ་གཏན་གྱི་སྒོ་མང་དུ་སྐྱེས་པས་ཕྱོགས་ཐམས་ཅད་དུ་བསྟན་པ་རྒྱ་ཆེར་འཕེལ། དེ་ཡང་རྗེ་སྒམ་པོ་བ་དེ་བཀའ་གདམས་དང་། རྗེ་བཙུན་མི་ལའི་ཕྱག་ཆེན་གྱི་ལུགས་གཉིས་ཀ་འཛིན་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྲགས་པ་བཞིན་མཚལ་སྒང་དུ་མཛད་པའི་གར་གྱི་ཉམས་དགུ་ཡང་དེ་དང་མཐུན། དེ་ནས་དགུང་ལོ་ཞེ་དགུ་པ་རབ་བྱུང་གསུམ་པའི་ས་སྟག(༡༡༥༨)ལོར་ཕག་གྲུའི་གདན་ས་ཐེལ་བཏབ་སྟེ་མཉམ་མེད་དྭགས་པོ་ལྷ་རྗེའི་གདམས་པ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བའི་རང་ལུགས་ཐུན་མོང་མིན་པ་དེ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་བྱ་བའི་གྲུབ་མཐའི་མཚན་ཐོགས། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་གསུང་དང་མཐུན་པར་ཟླ་བ་མར་ངོར་མཚམས་ལ་བཞུགས་པ་དང་། ཟླ་བ་ཡར་ངོ་ལ་ཡང་སྔ་དྲོ་མཚམས་མཛད་པ་དང་ཕྱིར་དྲོ་ཁྲིད་དང་ཚོགས་ཆོས་གསུངས། དགེ་འདུན་རྣམས་ཀྱང་ཤིན་ཏུ་དད་པས་གཟིམ་སྤྱིལ་ནས་ཆོས་ཁྲིའི་བར་གྱི་ལམ་ཐམས་ཅད་དུ་ཞྭ་གོས་དང་དར་ཁ་ལ་སོགས་པ་འདིངས། དགེ་འདུན་དེ་རྣམས་ནས་རེ་རེ་གཉིས་གཉིས་ཙམ་མ་གཏོགས་སྒོམ་བཏབ་པ་མཐམསཅད་ལ་མྱོང་བ་ཕུན་སུམ་ཚོགས་པ་སྐྱེས་པས་ཕྱོགས་ཐམས་ཅད་དུ་ཕག་མོ་གྲུ་པའི་ཞབས་དུང་སུ་སླེབས་པ་ཁོ་ནས་ཆོག་པའ་སྙན་པས་ཁྱབ། ཡོན་བདག་གི་བསྙེན་བཀུར་དང་འབུལ་བ་གང་བྱུང་དགེ་འདུན་གྱི་སྡེའི་ཐུག་ཚུལ་ཁོ་ནར་སྨིན་གཏོང་མཛད། གདན་ས་དེར་ས་སྟག་ནས་ལྕགས་སྟག་བར་ལོ་ངོ་བཅུ་གསུམ་བཞུགས་རིང་གྲུབ་པ་ཐོབ་པའི་སྐྱེས་མཆོག་གི་སློབ་མ་མང་དུ་བྱུང་ཞིང་། གྲྭ་པ་བརྒད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་ཞེས་པ་ཡང་བྱུང་། བཀའ་བརྒྱུད་ཆོས་ལུགས་ལ་ཆེ་བཞི་དང་ཆུང་བརྒྱད་ཟེར་བའི་ཚོགས་པ་མང་པོར་གྱེས་པའི་ནང་གི་བཀའ་བརྒྱུད་ཆུང་བརྒྱད་དུ་གྲགས་པ་སྟེ། འབྲི་གུང་བཀའ་བརྒྱུད་དང་། སྟག་ལུང་བཀའ་བརྒྱུད། ཁྲོ་ཕུ་བཀའ་བརྒྱུད། ཤུག་གསེབ་བཀའ་བརྒྱུད། ཡེར་པ་བཀའ་བརྒྱུད། སྨར་བ་བཀའ་བརྒྱུད་རྣམས་ཀྱང་ཕག་གྲུ་བཀའ་བརྒྱུད་ལས་གྱེས་པ་ཤ་སྟག་ཡིན། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་གསུམ་པའི་ལྕགས་སྟག(༡༡༧༠)ལོར་སྐུ་གཤེགས། ཁོང་གི་སློབ་མའི་གཙོ་བོ། མཐར་ཐུག་གི་བུ་བཞི་སྟེ། མོས་གུས་མཐར་ཐུག་སྟག་ལུང་ཐང་པ་བཀྲ་ཤིས། རྟོགས་པའི་མཐར་ཐུག་སྣ་ཕུ་བ་གླིང་རས་པ་པདྨ་རྡོ་རྗེ། ཤེས་རབ་མཐར་ཐུག་སྤར་ཕུ་བ་བློ་གྲོས་སེང་གེ། ནུས་པའི་མཐྃར་ཐུག་མཆན་བུ་རྒྱ་རས་རྣམས་དང་། གདམས་པའི་བུ་བཞི་སྟེ། སྐལ་ལྡན་ཡེ་ཤེས་སེང་གེ། རྟོགས་ལྡན་མི་ཉག་སྒོམ་རིངས། གྲུབ་ཐོབ་ཉག་རས་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་། དེ་བཞིན་རོ་གཅིག་རྟོགས་པ་ཕྱེད་དང་བཞི། ཐུགས་ཀྱི་སྲས་བཞི། ཡི་གེ་མའི་བུ་བཞི། ཉེ་བའི་སྲས་བཞི། གཞན་ཡང་གྲུབ་པ་ཐོབ་པའི་སློབ་མ་གྲངས་ལས་འདས་པ་བྱུང་། འདི་སྐོར་གྱི་ངོ་སྤྲོད་གནད་བསྡུས་ཙམ་ཞིག《གནའ་རབས་ལོ་རྒྱུས་ཡིག་ཆའི་ཚིག་འགྲེལ》དུ་གསལ་བས་འདིར་མ་བྲིས། ཕག་མོ་གྲུ་པའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་གསུང་འབུམ་པོད་བཞི་ཡོད། ལོ་རྒྱུས་ཅུང་ཟད་རྒྱས་པ་རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི་《ལྷོ་རོང་ཆོས་འབྱུང》ཤོག་གྲངས༢༤༡དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལེ་ཚན[ན]པའི་གྲངས༣༨ནས༤༢བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།