Jump to content

ཕག་གྲུ་ཁྲི་སྐོར་

ཡོང་ཁུངས་Wikipedia

ཐོག་མར་འབྲི་གུང་དང་ཕག་མོ་གྲུ་པ་གཉིས་སྡེ་དགོན་གཅིག་གི་ཁོངས་སུ་གཏོགས་པས་སྤྱིའི་དཔོན་སྒོམ་པ་ཤག་རིན་གྱིས་བྱས། དེ་རྗེས་ཉེ་གནས་ལྡན་མ་སྒོམ་བརྩོན་ནས་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསོལ་དཔོན་མཁན་པོ་རིན་རྒྱལ་བར་ཁྲི་དཔོན་རིམ་པར་བྱུང་། དེ་རྗེས་ཉེ་གནས་རྡོ་རྗེ་དཔལ་བ་མདོ་ཁམས་ནས་བོད་དུ་སླེབས་ཏེ་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསོལ་ཇ་བ་བྱས། གོང་མའི་མདུན་དུ་ཞུ་ཐབས་མཁས་པར་ཕག་གྲུ་ཁྲི་སྐོར་མི་རབས་ནས་མི་རབས་བར་འབྲི་གུང་པར་གཏན་འཇགས་སུ་དབང་བའི་བཀའ་ཤོག་དང་དམ་ཁ་བཅས་ཐོབ། རབ་བྱུང་བཞི་པའི་ཤིང་སྟག(༡༢༥༤)ལོ་ནས་ལོ་བཅུ་གསུམ་རིང་ཁྲི་དཔོན་བྱས་པའི་རིང་ལ། སྣེ་གདོང་། ཧ་ལ་སྒང་། སྣ་མོ། ཟངས་རི་ཕོ་བྲང་སྒང་། ཚོང་འདུས་བྲག་ཁ། ཐང་པོ་ཆེ་གླིང་སྨད། འཕྱོས་གཞིས་ཀ མོན་མཁར་བཀྲ་ཤིས་གདོང་། རྒྱལ་ཐང་། ལྕགས་རྩེ་གྲི་ཁུ། མཆོད་རྟེན་གླིང་། ཆད་དཀར་བཅས་གཞིས་ཀ་བཅུ་གཉིས་བརྩིགས། དེ་ནས་དེའི་ནུ་བོ་གཞོན་ནུ་རྒྱལ་མཚན། བྱང་གཞོན། གཞོན་ནུ་རྒྱལ་མཚན་གྱི་ཚ་བོ་གཞོན་ནུ་ཡོན་ཏན། དེ་རྗེས་ཏི་ཤྲི་གྲགས་པ་འོད་ཟེར་གྱིས་གོང་མའི་དྲུང་དུ་ཞུ་གྲོགས་བྱས་ཏེ་རིན་པོ་ཆེ་གཅུང་རྒྱ་བོ་ལ་ཁྲི་དཔོན་གྱི་འཇའ་ས་བྱུང་། ཁོང་གཤེགས་ནས་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གཅེན་པོ་རྒྱལ་མཚན་དཔལ་གྱིས་ཁྲི་དཔོན་བྱས། དེ་ནས་གྲགས་པ་བཟང་པོ། གཞོན་ནུ་རྒྱལ་མཚན་གྱི་བུ་རྒྱལ་མཚན་སྐྱབས་ཀྱི་བར་བྱུང་། དེ་རྗེས་ཏཱ་སིའི་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་གྱི་གོ་གནས་བཟུང་བ་ཡིན། ཞིབ་པར《ལྷོ་རོང་ཆོས་འབྱུང》དང་སྟག་ཚང་པ་དཔལ་འབྱོར་བཟང་པོས་བསྒྲིགས་པའི་《རྒྱ་བོད་ཡིག་ཚང》 སྤྱན་སྔ་བསོད་ནམ་རྒྱལ་མཚན་གྱིས་མཛད་པའི་《ཆོས་འབྱུང་མིག་འབྱེད་འོད་སྟོང》བཅས་ལ་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།