Jump to content

པྲ་ཚ་སྔགས་རམས་པ་སྐུ་ཕྲེང་རིམ་བྱོན་

ཡོང་ཁུངས་Wikipedia

པྲ་ཚ་སྔགས་རམས་པ་སྐུ་ཕྲེང་དང་བོ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་ནི། ཁ་གྱའི་གཉན་ལྗོངས་ཕྱུག་མོའི་མར་ཁུའི་རྫ་རིའི་རི་ཤོད་ཁམས་བསང་གོང་མའི་བྲ་ཚ་གོང་མ་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས་ཤིང་། རྒན་གྱའི་པཎྜི་ཏས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་རབ་ཏུ་བྱུང་བ་དང་ཁ་གྱའི་སྒར་རྙིང་དགོན་དགེ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཚོགས་ཞུགས་གནང་། སློབ་གཉེར་གནང་ཞིང་ཕྱིས་སུ་དབུས་སུ་བྱོན་ཏེ་གནས་བྱིན་ཅན་གང་མང་ནས་སྒྲུབ་པ་ཉམས་ལེན་བྱས། ལྷ་ལྡན་ཇོ་བོའི་མདུན་ནས་སྲིན་ལག་མར་མེ་སྡོང་བུར་ཕུལ་བ་སོགས་མཛད་པ་སྣ་ཚོགས་བསྟན། དེ་ནས་འབྲས་སྒོ་མང་གྲྭ་ཚང་དུ་ཚོགས་ཞུགས་གནང་ཞིང་འབྲས་ཀླུ་འབུམ་ཁམས་ཚན་ནས་བཞུགས་ཏེ་མཁས་ཤིང་གྲུབ་པའི་དབང་ཕྱུག་བསེ་ངག་དབང་བཀྲ་ཤིས་པ་བླ་མ་བསྟེན་ཏེ་དབུས་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཐོས་བསམ་རྡོ་རུས་སུ་མཛད་ཅིང་རྗེ་དེ་ཉིད་ལས་བཀའ་ཆོས་མང་དུ་གསན། ཐུགས་སྲས་ངག་དབང་བཀྲ་ཤིས་པ་དང་རྒན་གྱའི་པཎྜི་ཏ་སོགས་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཐད་ནས་བསྟེན་ཅིང་གཞུང་ལུགས་འབུམ་ཕྲག་མང་བོ་ཐུགས་སུ་ཆུད་པ་བྱས་ཏེ་ཕྱིར་རང་དགོན་དུ་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་སྐུ་ཚེ་གང་བོར་ཆོས་འཆད་ཉན་གཙོ་བོར་མཛད། ༼འཁྲུངས་འདས་ལོ་ཚིགས་མི་གསལ།༽

    པྲ་ཚ་སྐུ་ཕྲེང་གཉིས་པ་བློ་བཟང་དཔལ་འཛིན་མཆོག་ནི། ༡༧༣༣ལོར་ཀླུ་ཆབ་སྔོན་མོ་གཡས་སུ་འཁྱིལ་བའི་འགྲམ་ངོགས་ཟམ་ཚ་འབྲོག་བྱ་བར་སྐུ་འཁྲུངས། བསེ་ཁྲི་ཆེན་ངག་དབང་བཀྲ་ཤིས་མཆོག་གིས་པྲ་རྒྱུད་ཚོ་བས་གསོལ་བ་དང་རེ་བསྐུལ་ནན་ཆེན་བཏབ་པའི་ངོར་ཐུགས་བརྟག་བཅད་ཅིང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཆོས་གྲྭར་ཞུགས། ཁོང་ཉིད་ལས་དབང་བཀའ་མང་དུ་གསན་པ་དང་། གཞུང་ལུགས་རྒྱ་མཚོའི་མངའ་བདག་ཐར་མི་ཆི་དཔོན་སློབ་བློ་བཟང་དོན་གྲུབ་སོགས་བཤེས་གཉེན་མཚན་ཉིད་དང་ལྡན་པ་མང་དུ་བསྟེན་ནས་པྲ་ཚ་དཔལ་འཛིན་ཚང་ཞེས་པའི་མཁས་པའི་གྲགས་སྙན་རྒྱས། བསེ་སྐུ་ཕྲེང་གཉིས་པ་ཁ་གྱའི་སྒར་རྙིང་དགོན་དུ་གདན་དྲངས་ཏེ་འཆད་ཉན་བསྐྱར་འཛུགས་གནང་སྟེ་དགོན་པའི་ཁྲི་རབས་གསུམ་པའི་འགན་བཞེས་ཤིང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྐུ་ཚེ་རྣམ་དཀར་ཆོས་ཀྱི་བྱ་བས་འདས།

༼དགུང་ལོ་གོ་བདུན་པ་༡༨༢༦ལོར་དགོན་དེ་གར་སྐུ་གཤེགས།༽

     པྲ་ཚ་སྐུ་ཕྲེང་གསུམ་པ་བློ་བཟང་ངག་དབང་དབྱངས་ལྡན་མཆོག་ནི། ༡༨༢༧ལོར་གཉན་ཆེན་སྔོ་ལྷ་གཡུ་རྩེའི་རྫ་ཞོལ་སྨན་ལུང་ཞེས་པའི་ཚ་ཙའི་ཐང་སྡེ་བར་སྐུ་འཁྲུངས། ཐུགས་སྲས་སྐུ་ཕྲེང་གསུམ་པ་བློ་བཟང་བཀྲ་ཤིས་རབ་རྒྱས་མཆོག་གིས་པྲ་ཚ་དཔལ་འཛིན་གྱི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་ཁ་གྱའི་སྒར་རྙིང་དགོན་དུ་གདན་སར་བཀོད། སྐྱབས་རྗེ་བསེ་ཚང་གསུམ་པ་མཆོག་དང་རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་བློ་བཟང་འཕྲིན་ལས་སོགས་བཤེས་གཉེན་མང་དུ་བསྟེན་ནས་མདོ་རྒྱུད་དུ་མར་ཐོས་བསམ་མཛད། སྡེ་འདིའི་ཁྲི་ཡང་མཛད་པ་སོགས་ཆོས་ཀྱི་བྱ་བས་བསྐྱངས། 
༼དགུང་གྲངས་རེ་བཞི་བ་༡༨༩༠ལོར་སྐུ་གཤེགས།༽
     པྲ་ཚ་སྐུ་ཕྲེང་བཞི་བ་བློ་བཟང་སྣང་གསལ་མཆོག་ནི།  ༡༨༩༡ལོར་སྨད་ཀྱི་མཛོད་དགེ་དུང་རིའི་རི་ཤོད་ས་སོལ་ཞེས་པའི་སྡེ་བར་སྐུ་འཁྲུངས། བསེ་ཁྲི་ཆེན་ལྔ་བ་བློ་བཟང་བཀྲ་ཤིས་རབ་རྒྱས་མཆོག་གིས་ཐུགས་བརྟག་བཅད་དེ་ཁ་གྱའི་སྒར་སར་དགེ་ལྡན་བསྟན་འཕེལ་གླིང་དུ་གདན་སར་བཀོད། བསེ་ཁྲི་ཆེན་ལྔ་བ་མཆོག་དང་ཀིརྟི་སྐུ་ཕྲེང་བརྒྱད་པ་སོགས་ཀྱི་མདུན་ནས་དབང་བཀའ་ཆོས་མང་དུ་གསན། ཨ་དགུའི་ཆོས་འཛིན་སོགས་བཤེས་གཉེན་དུ་མ་བསྟེན། དགོན་འདིའི་ཁྲི་རབས་གསུམ་པའི་འགན་བཞེས་ཏེ་བསྟན་པ་དང་འགྲོ་བའི་དོན་མཛད། དཀའ་བ་སྤྱད་དེ་སྙིང་རུས་ཆེར་བསྐྱེད་བྱས་པས་ཉམས་དང་རྟོགས་པའི་ཀློང་བརྡོལ། མོ་ལུང་རྩིས་པྲ་སོགས་ལ་ཐོགས་པ་མེད་པར་གྱུར་ཏེ་གདུལ་བྱ་མང་བོར་ཆོས་འཇིག་རྟེན་གཉིས་ཐད་ནས་བཀའ་དྲིན་གྱིས་བསྐྱངས།   

༼དགུང་གྲངས་ལྔ་བཅུ་བ་༡༩༣༧ལོར་ཀ་ཅུའི་རྒྱ་གྲོང་ཀོའུ་ཀྱ་ཀོའི་སྐུ་གཤེགས།༽

  པྲ་ཚ་སྐུ་ཕྲེང་ལྔ་བ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན་མཆོག་ནི། ༡༩༤༠ལོར་ཀ་ཅུའི་ས་ཁུལ་མན་ལོའུ་ཞེས་བྱ་བའི་སྡེ་བར་སྐུ་འཁྲུངས། འཇམ་མགོན་བསྟན་པའི་མཛེས་རྒྱན་བསེ་ཁྲི་ཆེན་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་གིས་ཟན་རིལ་སྒྲིལ་ཏེ་གཏེར་ལུང་དགོན་པའི་བསེ་བླ་བྲང་དུ་ཐུགས་བརྟག་བཅད།  ས་གླང་ལོར་ཁ་གྱའི་སྒར་སར་དགེ་ལྡན་བསྟན་འཕེལ་གླིང་གི་གདན་སར་བཀོད། སྐྱབས་མཆོག་བསེ་དྲུག་པ་མཆོག་ལས་དགེ་ཚུལ་སློང་གི་སྡོམ་པ་གོ་རིམ་བཞིན་དུ་མནོས་ཤིང་དབང་ལུང་ཆོས་བཀའ་མང་དུ་གསན། གདན་ས་འདི་གའི་བཤེས་གཉེན་ཨ་ཁྱུང་བཀྲ་ཤིས་རྒྱ་མཚོ་མཆོག་མཚན་ཉིད་དགེ་རྒན་དུ་བསྐོས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་བཙུན་བློ་གསལ་རྒྱ་མཚོ་ཚང་ལས་གཞུང་ལུགས་ཟབ་ཆོས་མང་དུ་གསན། རིག་གསར་དང་བཀས་བཀོལ་སྐབས་སུ་དཀའ་ངལ་དང་རྐྱེན་ཅི་ལ་ཐུགས་ནའང་ཐུགས་སྟོབས་ཆེན་པོས་རང་གི་ཁས་བླངས་པའི་སྡོམ་དམ་ཚིག་མིག་འབྲས་བཞིན་དུ་བསྲུངས་ཤིང་བསླབ་ཁྲིམས་གཙང་མའི་ངོས་གཉོམ་ཆུང་ཚུལ་མཐུན་ངང་སྐུ་ཚེ་གང་བོར་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་སློབ་གསོའི་ཕྱོགས། མི་རིགས་མཐུན་སྒྲིལ་ཕྱོགས་ལ་ཕྱག་ལས་ཆེན་པོ་གནང་ཞིང་ས་གནས་འདི་གའི་སློབ་གྲྭའི་སློབ་གཙོར་བཞུགས་ཏེ་ས་གནས་སློབ་གསོའི་ཕྱོགས་ལ་ནུས་པ་མཐོར་འདེགས་དང་། སློབ་གསོ་གཙིགས་འཛིན་གྱི་རྨང་གཞི་བརྟན་པོར་ཆགས་སུ་བཅུག་པ་དང་སློབ་གྲྭ་རྒྱ་བསྐྱེད་ཅིང་དགེ་རྒན་གྱི་དཔུང་སྡེ་འཛུགས་བསྐྲུན་བྱས། སློབ་མའི་སྤུས་ཚད་དང་སློབ་སྦྱོང་གི་གྲུབ་འབྲས་ལོ་རེའི་སློབ་རྒྱུགས་ཀྱི་འབྲས་རྟགས་ཀྱང་གཟེངས་སུ་ཐོན་པའི་སློབ་གསོའི་ཕྱོགས་ཀྱི་ཕྱག་ལས་མང་དུ་གནང་ཞིང་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་སྤྱི་ལོ་༢༠༡༧ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉིན་དགེ་ལྡན་བསྟན་འཕེལ་གླིང་གི་པྲ་ཚའི་བླ་བྲང་དུ་སྐུ་ཞི་བར་གཤེགས། 
 པྲ་ཚ་སྔགས་རམས་པ་སྐུ་ཕྲེང་ལྔ་བའི་ཡང་སྲིད་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་འཛིན་འཕྲིན་ལས་ནི། ཁ་གྱ་སྟོད་ཡུལ་ཚོ་ཡུལ་ཤུལ་ཁུག་སྡེ་བའི་ཡབ་བན་དེ་ཚེ་རིང་དང་ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ། ༢༠༡༨ལོའི་ཧོར་ཟླ་དང་བོའི་ཚེས་ཉེར་བཞིའི་ཉིན་སྐུ་འཁྲུངས་ཤིང་། མིང་ལ་ཡུམ་སྐྱབས་ཚེ་རིང་དུ་བཏགས། སྤྱི་ལོ་༢༠༢༡རབ་གནས་མེ་གླང་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན། མཁས་ཤིང་གྲུབ་པའི་དབང་ཕྱུག་འཇམ་དབྱངས་བླ་མ་༧བསེ་ཁྲི་ཆེན་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་གིས་འཁྲུལ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་ཟན་རིལ་བསྒྲིལ་ཏེ་ཐུགས་བརྟག་བཅད་པ་དང་། སྡེ་མིང་དང་ཡབ་ཡུམ་གྱི་མཚན། སྤྲུལ་བའི་སྐུ་རིན་པོ་ཆེའི་མཚན་ལ་བློ་བཟང་བསྟན་འཛིན་འཕྲིན་ལས་ཞེས་སུ་གསོལ་བའི་ཕྱག་ཡིག་ཐམ་སྦྱར་མ་དང་བཅས་སྩལ།
       དེ་རིང་སྟེ་སྤྱི་ལོ་༢༠༢༢ལོའི་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་༧ཀུན་མཁྱེན་དྲུག་པ་ཆེན་པོ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་ཞལ་སྔ་ནས་ཀྱིས་བླ་ན་མེད་པའི་ཐུགས་དགྱེས་བརྩེ་ཆེན་པོས་ཟན་ཡིག་གི་ཁ་ཕྱེས་ཏེ་དེར་གཏོགས་སྲིད་གཞུང་གི་དབུ་ཁྲིད་རྣམས་དང་གཏེར་ལུང་ཕྱག་མཛོད་ཆེན་མོ་སྐུ་ཚ་ཨ་ཁུ་བློ་གྲོས་ལགས། སྤྲུལ་སྐུའི་བཀོད་སྒྲིག་ཚན་ཆུང་བཅས་ལ་མཚན་བྱང་ཁྱབ་བསྒྲགས་མཛད་པ་སོགས་མདོར་ན་ཀུན་མཁྱེན་ཡབ་སྲས་ཟུང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་གསུམ་གྱི་ངོ་མཚར་བའི་མཛད་པ་དང་། ཡབ་སྲས་ཟུང་གི་ཐུགས་ཡིད་གཅིག་ཏུ་འདྲིས་པའི་རྨད་བྱུང་གི་མཛད་རྣམ་འདི་དང་འདིས་མཚོན་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་མང་བོའི་སྐུ་ཚེ་དང་མཛད་པ་འཕྲིན་ལས་ཡར་ཟླ་བཞིན་རྒྱས་པ་སོགས་ཀྱི་ཐུགས་སྨོན་སྨིན་རྒྱས་གནང་།
     དེ་རིང་གི་ཉིན་གུང་གཙོས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་འཐུས་ཚབ་མི་སྣ། གཏེར་ལུང་ཕྱག་མཛོད་ཆེན་མོ། གཏེར་ལུང་དགོན་པའི་དོ་དམ་ཁང་དང་ཁ་གྱ་སྟོད་དགོན་པའི་དོ་དམ་ཁང་། སྤྲུལ་སྐུའི་བཀོད་སྒྲིག་ཚན་ཆུང་གི་མི་སྣ་བཅས་ཀྱིས་སྤྲུལ་སྐུའི་མཚན་བྱང་ཁ་གྱ་སྟོད་དགེ་ལྡན་བསྟན་འཕེལ་གླིང་དུ་ཕྱག་བཏེགས་ཤིང་གཏེར་ལུང་བསེ་ཚང་བླ་བྲང་གི་ཕྱག་མཛོད་ཆེན་མོས་སྤྲུལ་སྐུའི་མཚན་བྱང་དང་དེའི་ལུགས་ཀྱི་གནས་ཚུལ་སོགས་གྲྭ་ཚང་དང་ལུང་བའི་འཐུས་ཚབ་མི་སྣར་ཁྱབ་བསྒྲགས་གནང་། 
      དེ་བཞིན་གཙོས་གྲོང་ཁྱེར་ཏང་ཨུ་དང་མི་དམངས་སྲིད་གཞུང་འཐབ་ཕྱོགས་གཅིག་གྱུར་པུའུ། ཁ་གྱ་སྟོད་ཞང་ཏང་ཨུ་དང་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་སོགས་ཀྱིས་ཆོག་མཆན་ལེགས་པར་ཐོབ་པ་དང་ཐུགས་ཁུར་རྒྱབ་སྐྱོར་གནང་སྟེ་ཡང་སྤྲུལ་ཉི་མ་གཞོན་ནུ་ངོས་འཛིན་མཛད་པ་དང་ས་གནས་དད་ལྡན་མང་ཚོགས་རྣམས་ཀྱི་རེ་སྒུག་ལ་ཉི་འོད་འཕྲོས་པ་བཞིན་དགའ་གུས་དད་གསུམ་གྱིས་ལེགས་བྱས་ཐམས་ཅད་བཀྲ་ཤིས་པར་གྱུར་ཏོ།།