པྲ་མོ་

ཡོང་ཁུངས་Wikipedia

པྲ་མོའང་མོ་ཐམས་ཅད་དང་མཚུངས་ལ། དེ་ནི་ལེགས་ཉེས་ཀྱི་གནས་དང་ལྐོག་གྱུར་གྱི་ལས་རྣམས་སྒྲུབ་པར་མཛུབ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་པས། འཇིག་རྟེན་གྱི་བྱ་བའི་ལེགས་ཉེས་དང་གསང་བ་མཐའ་དག་མོ་འདི་ལ་བརྒྱུད་དེ་གསལ་བོར་སྟོན་པ་ཡིན། པྲ་ཡི་མོ་འདི་དེང་སང་གཙོ་བོ་རིགས་གསུམ་དུ་དབྱེ་ཡོད་དེ། མེ་ལོང་པྲ་ཕབ་དང་མཐེབ་པྲ། རྩ་པྲ་བཅས་ཡིན།

ངོ་སྤྲོད།[རྩོམ་སྒྲིག]

པྲ་མོ་ནི་འདེབས་མཁན་གྱིས་མེ་ལོང་དང་མཐེ་བོང་སོགས་ཀྱི་ངོས་ལ་བལྟས་ནས་ལེགས་ཉེས་ཀྱི་ལྟས་རྣམས་བཤད་པར་གྲགས་ལ། པྲ་ཞེས་པར་མིག་འཕྲུལ་ལམ་སྒྱུ་མའི་དོན་ཡང་ཡོད་པ་རེད། ད་དུང་སྒྲུང་བའི་ནང་པྲ་སྒྲུང་བཤད་མཁན་ཡོད་པ་དེས་མེ་ལོང་དང་ལག་མཐིལ་སོགས་ལ་བལྟས་ནས་སྒྲུང་ཤར་མར་བཤད་ཐུབ་པའི་སྣང་ཚུལ་ལ་བལྟས་ན། གང་ལྟར་དེ་ཉིད་ཤིན་ཏུ་ལྐོག་གྱུར་ཡིན་པའི་རིག་གནས་ཤིག་ལ་འབྲེལ་བ་ཡོད་པ་འདྲའོ།།

གླིང་སྒྲུང་ལས་བྱུང་བའི་པྲ་མོ།[རྩོམ་སྒྲིག]

པྲ་མོའང་མོ་ཐམས་ཅད་དང་མཚུངས་པས་དེ་ནི་ལེགས་ཉེས་ཀྱི་གནས་དང་ལྐོག་གྱུར་གྱི་ལས་རྣམས་སྒྲུབ་པར་མཛུབ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ལ། འཇིག་རྟེན་གྱི་བྱ་བའི་ལེགས་ཉེས་དང་གསང་བ་མཐའ་དག་མོ་འདི་ལ་བརྒྱུད་དེ་གསལ་བོར་སྟོན་པ་ཡིན། 《པྲ་འབེབས་པའང་གེ་སར་སྒྲུང》ནང་དུ་བྷེ་རའི་མུ་སྟེགས་བླ་མ་མ་ཡིན་པའི་ཕྱི་གླིང་གི་མོ་མ་ཇུ་ཞགས་ཅན་ཏེ་ལྟ་བ་རྟོགས་པ་མཐོ་བའི་མོ་མའམ་པྲ་མཁན་རྣམས་ཀྱིས་ཡུལ་ཁམས་ཀྱི་བདེ་སྡུག་དང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དུས་སྤྱད་པའི་ཐབས་ལམ་ཞིག་ཡིན་འདུག སྒྲུང་དཔེ《བྷེ་ར་ར་རྫོང》ལས། གླིང་གིས་བྷེ་རར་ཤི་བསད་མཚོན་གྱི་འཁོར་ལོ་བསྐོར་བའི་དུས། བྷེ་རའི་རྒྱལ་བློན་རྣམ་གྱིས་ཅི་ལྟར་གླིང་རུ་ཕམ་པར་གྲོས་བསྡུར་བྱེད་མཐར་མོ་གདབ་རྒྱུར་ཐག་བཅད་ནས། ར་འདྲས་བློན་ཤེས་རབ་བཟང་བོ་མངགས་ནས་མུ་སྟེགས་བླ་མར་མོ་འདེབས་དགོས་ཚུལ་ཞུས། བླ་མས་མོ་དང་པྲ་ལ་དགའ་བའི་ལྷ་འདྲེ་རྣམས་ལ་གསོལ་མཆོད་བྱེད་དེ་མོ་བཏབ། དེ་ནས་མོ་དང་པྲ་ལ་གང་བབས་ཀྱི་དོན་རྣམས་གསུངས་པ་ལྟ་བུ། གེ་སར་སྒྲུང་ནང་དུ་མོ་ཡི་སྐོར་ལ་ཞིབ་མོ་དང་གསལ་བོ་མེད་པས། པྲ་ཡི་སྐོར་ཡང་དེ་ལས་མ་འདས་པ། གོང་གི་དཔེ་དྲངས་ཡོད་པ་དེ་བཞིན་རེ་གཉིས་ཙམ་གླེང་ཡོད་པ་ལས་ཞིབ་ཏུ་བཀོད་ཡོད་པ་མ་མཐོང་། དེའི་སྟབས་ཀྱིས་པྲ་ཡི་སྐོར་ནས་རྒྱུས་ལོན་ཅུང་ཙམ་ཡོང་ཆེད་གེ་སར་སྒྲུང་མ་ཡིན་པའི་དཔེ་དེབ་གཞན་དག་དཔྱད་གཞི་གཙོ་བོར་མི་འཇོག་ག་མེད་བྱུང་།

བོད་དུ་པྲ་མོ་དར་བ།[རྩོམ་སྒྲིག]

ཕྱི་ནང་མཁས་པ་མང་བོས་པྲ་ཕབ་རིག་གནས་ཀྱི་ཁུངས་དེ་གདོད་མའི་སྤྱི་ཚོགས་ཀྱི་དུས་སུ་གཏུགས་ཀྱིན་ཡོད།བོད་རང་ལ་མཚོན་ན།《འཇིག་རྟེན་མཆོད་བསྟོད》ལས། བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐབས་སུ། ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་། མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས་དར་ཁྱབ་བྱུང་བ་ཞེས་བཀོད་འདུག ཡང་བོན་ལུགས་སུ་པྲ་ཞེས་གནའ་དུས་ནས་བཟང་ངན་གྱི་རྟགས་མཚན་མཚོན་པའི་པྲ་ལྟས་མོ་ཡོད་པ། ཕྱིས་སུ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ལའང་སློབ་དཔོན་པ་སམ་བྷ་ཝ་བོད་དུ་ཕེབས་ནས་པྲ་ཕབ་ཚུལ་ཡིན་པ་ལོ་རྒྱུས་དེབ་ཐེར་དག་ལས་བཤད། དེ《བསམ་ཡས་དཀར་ཆག》ལས། དེའི་ནང་པར་དཀྱིལ་འཁོར་བྲིས་ནས་གཟིམས་མལ་བ་ལྷ་ལུང་འཚོ་ཞེར་སྙན་ལེགས་ལ་སྤྲ ( པྲ ) བསྟན ( རྟེན ) བྱས་ཏེ། ( པྲ ) ས ( སེ ) ན་པ་ཏ་ཕབ་ནས་སྨྲར་བསྩལ་པས། ཞེས་པ་ལྟར་ན། སྐབས་དེར་བོད་ལ་རྒྱ་གར་ལུགས་ཀྱི་པྲའི་རིགས་ཤིག་ཀྱང་དར་བར་མངོན།

པྲ་དང་མོ།[རྩོམ་སྒྲིག]

དེ་ཡང་པྲ་དང་མོ་གཉིས་ཀྱི་ཁྱད་པར་དང་དེ་གཉིས་བར་འབྲེལ་བ་ག་འདྲ་ཞིག་འདུག་པར། ཐོག་མར《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་པྲ་དང་པྲ་མོ། པྲ་ཕབ་པ་བཅས་ཐ་སྙད་དེ་གསུམ་ལ་རེ་རེ་འགྲེལ་ཡོད། པྲ་དང་པྲ་མོ་ནི་མེ་ལུང་སོགས་ལ་བརྟེན་ནས་འབྱུང་འགྱུར་གྱི་མཚན་མ་བརྟག་པའི་ཐབས་སམ་ཆོ་ག་ཞིག་ཡིན་ཚུལ་བཀོད་ཡོད་པ་དང་། པྲ་ཕབ་པ་ཞེས་པ་རྫས་སམ་སྔགས་ལ་བརྟེན་ནས་ལྐོག་གྱུར་གྱི་བརྡ་སྟོན་པའི་དོན་ཡིན་པ་བརྗོད། དེ་རྣམས་བསྡུས་ན་ཕྱོགས་གཅིག་ཏུ་འགྲོ་སྟེ། ལེགས་ཉེས་དང་གསང་བ་ལྐོག་གྱུར་གྱི་རྟགས་དང་མཚན་རྣམས་ཤར་བ་ལ་གོ དེང་གི་མཁས་པ་ནམ་མཁའི་ནོར་བུ་ལགས་ཀྱིས། མོ་པྲ་ཞེས་པ་གཅིག་གྱུར་གྱི་མིང་ལྟ་བུ་ཞིག་ཏུ་སྣང་མོད། དངོས་དོན་དུ་མོ་དང་པྲ་ཞེས་པ་ལྐོག་གྱུར་གསལ་བར་སྟོན་བྱེད་ཀྱི་ཆ་རྐྱེན་མི་འདྲ་བ་གཉིས་ཀྱི་མཚན་དུ་གོ་བ་ཡིན་པ་དང་། དེ་ལས་པྲ་ཞེས་པ་ནི་ལེགས་ཉེས་མཚོན་པའི་རྟགས་ཅི་དང་ཅི་ཞིག་ཤར་བ་དེ་ལ་ཟེར་བ་ཡིན། ཞེས་གསུངས། དེ་ན་པྲ་དང་མོ་གཉིས་ནི་ལེགས་ཉེས་སྟོན་པའི་ཐབས་ལམ་གཉིས་ཡིན་པ་དང་། ལེགས་ཉེས་དང་གསང་བ་ལྐོག་གྱུར་གསལ་བར་སྟོན་བྱེད་ཀྱི་ཆ་ནས་གཞི་གཅིག་ལ་སོང་ཡོད་པ་རེད། གཞན་ཡང་མོ་ཡི་ཟླ་ལ་བཏབ་དང་བརྒྱབ་སོགས་ཀྱི་དུས་གསུམ་གྱི་བྱེ་བྲག་གང་རུང་རྦུར་ནས་གསོལ་བ་བཏབ་ཅེས་པ་དང་སྨོན་ལམ་བརྒྱབ་ཅེས་པའི་སྐབས་ཀྱི་དོན་སྟོན་པ་ཡིན་ལ། ཡང་མོ་བརྡར། ཕྱྭ་བརྡར་ཞེས་པའི་སྐབས་ཀྱི་བརྡར་ནི་ལེགས་ཉེས་སམ་གསང་བ་ལྐོག་གྱུར་དེ་གསལ་བོ་ཤེས་དགོས་ན་བརྡར་ཤ་ལེགས་པོ་གཅོད་དགོས་པས་དེའི་དོན་སྟོན་པ་ཡིན་སྙམ། པྲ་ཡི་ཟླ་ལ་དབབ་ཀྱི་དུས་གསུམ་གྱི་བྱེ་བྲག་གང་རུང་རྦུར་ནས་སྐབས་དེར་ལྷ་སྲུང་གིས་རྒྱུད་བརླམས་ཡོད་པར་སྟོན་པ་དེ་ལས་མོ་དང་པྲ་གཉིས་བར་ཁྱད་པར་ཡོད་པ་གསལ་བོ་རྟོགས་ཐུབ།

པྲ་མོའི་རིགས་དབྱེ།[རྩོམ་སྒྲིག]

པྲ་ཡི་མོ་འདི་དེང་སང་གཙོ་བོ་རིགས་གསུམ་དུ་དབྱེ་ཡོད་དེ། མེ་ལོང་པྲ་ཕབ་དང་མཐེབ་པྲ། རྩ་པྲ་བཅས་ཡིན། གཞན་ཡང་མཚོ་དང་མཚེའུ་ལྟ་བུ། ནམ་མཁའི་ཁམས་སུ་པྲ་འབེབས་པ་དང་། བརྟག་བྱའི་དོན་རྣམས་མིག་གི་མདུན་དུ་འཆར་བ་དང་ཡིད་ཀྱི་སྣང་ལ་བབས་པའི་པྲ་རིགས་སོགས་ཀྱང་ཡོད། དཔེར་ན་དེང་སང་མི་ཚང་མས་རྣ་ཐོས་སུ་ཡོད་པའི་པྲ་སྒྲུང་ཞེས་པ་ནི་སྒྲུང་མཁན་གྱིས་མེ་ལོང་དང་མཐེ་བོང་། ཡང་ན་འོད་ལྡན་གྱི་ཤོག་དཀར་སྟོང་བའི་ཐོག་ཏུ་བལྟས་ནས་སྒྲུང་བཤད་པ། ཡང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྤྲུལ་སྐུ་ནི་བོད་ཁམས་ཀྱི་ལྷ་མོའི་བླ་མཚོའི་ནང་བལྟས་ནས་དེ་ལས་ཐོན་པའི་བརྡ་ལ་དཔྱད་ནས་སྐུ་བཙལ་བ་བོད་མི་ཡོངས་ཀྱིས་མཁྱེན་ལ་མི་རིགས་གཞན་གྱིས་ཀྱང་གོ་ཐོས་སུ་གྱུར་ཡོད་པ་དེ་ལྟ་བུ། དེ་ན་སྤྱིར་བཏང་པྲ་ཞིག་ཕབ་ན། ཐོག་མར་སྔགས་པའི་པྲ་སྒྲུབ་ཀྱི་ཆོ་གའི་ཤེས་བྱ་དང་རྟོགས་པ་ངེས་ཅན་ལྡན་པའི་པྲ་མཁན་ཞིག་དགོས་པ་དང་། དེའི་འཕྲོར་ལྷ་དང་ལྷ་མོར་མཆོད་པ་མཆོད་བཤམས་ལེགས་པོ་ཚར་དགོས་པ། དེ་ནས་པྲ་རྟེན་སོགས་ཀྱི་ལས་སྦྱོར་རྣམ་དག་སྒྲུབ་པ་དང་གང་འཚམ་གྱིས་སྔགས་གང་མང་བཟླས་རྗེས། མེ་ལོང་མཐེ་བོང་བཅས་སུ་བལྟས་ཚེ་ལེགས་ཉེས་དང་ལྐོག་གྱུར་གྱི་སྣེ་ཅི་ཡང་འཆར་ཐུབ་པ་དེ་ལ་བརྗོད། བོན་པོའི་ཕྱ་གཤེན་ལུགས་སུ་པྲ་རྟེན་ཕོ་མོ་སུའང་རུང་བའི་མིག་གི་སྣང་ལ་བབས་པའི་པྲ་ཞིག་དང་རྣ་བའི་སྣང་ཆ་ལ་བབས་པའི་པྲ་ཞིག ཡིད་ཀྱི་ཀུན་རྟོག་གི་སྣང་ཆ་ལ་བབས་པའི་པྲ་ཞིག་བཅས་སྐྱེས་པའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་པྲའི་ཚུལ་ལུགས་གསུམ་དུ་སྲིད་པ་ཡིན། ཞེས《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་དེ་ལྟར་གསུངས། པྲ་དེ་བྱུང་བ་ནས་ད་བར་འཕེལ་འགྱུར་བྱུང་ཡོད་སྟབས། དེང་སྐབས་ང་ཚོའི་མིག་མདུན་ཏུ་མཐོང་བའི་པྲ་རིགས་དེ་དག་ཕྱྭ་གཤེན་ལུགས་སུ་བརྗོད་པའི་པྲ་རིགས་དང་ཡོངས་སུ་མི་འདྲ་བའམ་མི་གཅིག་ས་ཡོད་ནའང་། ཕལ་ཆེར་དེ་ལས་འཕེལ་འགྱུར་བྱུང་བ་ཡིན་པ་ངེས་ཏེ། དཔེར་ན་བོན་པོའི་ཕྱ་གཤེན་ལུགས་སུ་ལུས་ངག་ཡིད་གསུམ་དང་འབྲེལ་བའི་པྲ་ཡི་བབས་ལུགས་གསུམ་དུ་བགོས་ཡོད་པ་དེའང་མིག་གི་སྣང་ངོར་འཆར་བའི་མེ་ལོང་པྲ་ཕབ་དང་མཐེབ་པྲ། རྣ་བའི་སྣང་ཆར་ཤར་བའི་རྩ་པྲ། ཡིད་ཀྱི་སྣང་ངོར་ལྷུང་བའི་པྲ་རིགས་གཞན་དག་ལྟ་བུ་འདི་དག་གིས་ངེས་ཤེས་རྙེད་ཐུབ།

"https://bo.wikipedia.org/w/index.php?title=པྲ་མོ་&oldid=133686"ལས་སླར་རྙེད་སོང།