པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་ཀྱི་དཔྱད་བརྗོད་རགས་བསྡུས།

ཡོང་ཁུངས་Wikipedia
Jump to navigation Jump to search

གསུམ། ཚིག་གི་ངོ་གདོང་ནས་བསྟན་པའི་བརྗོད་དོན། མཆོད་བརྗོད་དང་གླེང་གཞིའི་འགྲེལ་བརྗོད།

གཏམ་བརྗོད་འདིར《པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ》ཞེས་པའི་མཚན་བྱང་དེ་འཕགས་བོད་གཉིས་ཀའི་སྐད་ཡིག་ཐོག་ནས་བྲིས་ཡོད། དེ་རྗེས་འགྱུར་ཕྱག་གི་ཚུལ། སྤྱན་རས་གཟིགས་ལ་གུས་འདུད་ཞུས་ཡོད། དེ་ནི་སྔོན་གྱི་ལོ་པཎ་ཚོའི་རྩོམ་སྒྱུར་གླེགས་བམ་ལ་ལད་བཟློས་ཀྱི་ཚུལ་དུ་རྗེ་ས་པཎ་གྱིས་མཁས་འཇུག་གི་དབུར་འདི་ལྟར་བྲིས་པ་དེའི་ལམ་སྲོལ་ཕྱི་རབས་ཀྱི་རྩོམ་པ་པོ་དང་སྙན་ངག་པ་མི་ཉུང་བ་ཞིག་གིས་སྐྱོང་འདུག་པའི་ཁྲོད་ནས་ཀློང་ཆེན་པ་ཡང་དེའི་ནང་ནས་གཅིག་ཡིན་ཟེར་ཆོག

དེའི་འོག་ཚིགས་བཅད་གཅིག་ནི་རྗེ་བཙུན་སྒྲོལ་མ་ལ་གསོལ་འདེབས་དང་འབྲེལ་པའི་ཤིས་བརྗོད་ཀྱི་ཚིག་ཡིན། ཚིགས་བཅད་གཉིས་པ་ནི་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཕྱག་འཚལ་ཞུས་ཡོད། ཚིགས་བཅད་གསུམ་པ་གཏམ་བརྗོད་འདི་ཉིད་གྲུ་འཛིན་རི་བོའི་གཟུགས་སུ་བཀོད་ནས་ཚིག་དོན་གཉིས་ཐད་ནས་ཕུན་སུམ་ཚོགས་པའི་གཏམ་བརྗོད་འདི་བརྩམས་པ་དམ་བཅའ་བའི་ངེས་ཚིག་གནང་ཡོད། ཚིགས་བཅད་གསུམ་པོ་འདི་དག་ནི་སྔོན་གྱི་རྒྱ་གར་འཕགས་ཡུལ་མཁས་པ་ཚོས། སྙན་ངག་དང་སྙན་ངག་ཆེན་པོ་གཉིས་ལས། སྙན་ངག་ཆེན་པོ་འབྲི་བའི་སྐབས་བསྟན་བཅོས་ཀྱི་དབུར། ཤིས་བརྗོད། ཕྱག་བྱ། ངེས་ཚིག་གསུམ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དུ་བཤད་སྲོལ་ཡོད་པ་ལྟར། པོ་ཏཱ་ལ་ཀུན་ཏུ་དགའ་བའི་གཏམ་འདི་ཉིད་ཀྱང་སརྒས་བཅིངས་པའི་སྙན་ངག་ཆེན་པོའི་ལུགས་སུ་བྱས་ནས་བརྩམས་པ་ཡིན་པས། དེའི་སྒྲོམ་གཞི་ལ། མེ་ལོང་མར། སརྒས་བཅིངས་པ་སྙན་ངག་ཆེ། ། དེ་ཡི་མཚན་ཉིད་བརྗོད་པར་བྱ། ། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། ། ངེས་པར་བསྟན་པའང་དེ་ཡི་སྒོ། ། ཞེས་འབྱུང་བ་ལྟར། ཤིས་བརྗོད། ཕྱག་བྱ། དངོས་པོ་ངེས་པར་བསྟན་པ་གསུམ་གྱི་སྒོ་ནས་གཏམ་བརྗོད་འདི་ལ་འཇུག་ཡོད། དུས་ཕྱིས་གོང་ས་ལྔ་པ་དང་། སྡེ་སྲིད་སངས་རྒྱ་མཚོ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་སོགས་ཀྱིས་ཤིས་བརྗོད་ལའང་ཤིས་པ་བརྗོད་པའི་སྒོ་དང་པོ་དང་གཉིས་པ་སོགས་ཚིགས་བཅད་མང་པོ་སྤེལ་པ་དང་། ཕྱག་བྱ་བའང་དེ་བཞིན་སྒོ་དང་པོ་དང་གཉིས་པའི་མཆན་འགོད་བྱས་ནས་གསོན་ཉམས་ལྡན་པའི་ཚིགས་བཅད་མང་པོ་སྤེལ་བའི་སྲོལ་བྱུང་། དེ་ནས་གླེང་གཞི་དངོས་མགོ་འཛུགས་གནང་བའི་སྐབས། གཏམ་བརྒྱུད་འདིའི་ཆེས་ཐོག་མའི་གླེང་གཞིའམ་སྒྲུང་གི་མགོ་འཛུགས་བྱེད་ས་ནི། བོད་ཁ་བ་ཅན་གྱི་དབུས་ལྗོངས་ལྷ་སའི་ལྷོ་ངོས་ཆུ་བོ་ལོ་ཧི་ཏའི་གཙང་པོའམ་ཡར་ཀླུང་གཙང་པོའི་འགྲམ་ངོགས་ལྷོ་ཁ་བསམ་ཡས་གཙུག་ལག་ཁང་གི་ཉེ་འདབས་ན། མེ་ཏོག་སྣ་ཚོགས་ལྡན་པའི་རྫིང་བུ་ཞིག་ན་ངང་པ་དང་ངང་ངུ་། ཁྲུང་ཁྲུང་སོགས་ཡིད་དུ་འོང་བའི་ཆུ་བྱ་འདྲ་མིན་འཁོར་ས་ཞིག་ནས་མགོ་འཛུགས་བྱས་ཡོད། གཏམ་བརྗོད་འདིའི་མི་སྣ་གཙོ་བོའི་ཚབ་ཏུ་འདྲེན་པ་ཡ་རབས་ཚུལ་མཐུན་གྱི་ངང་པའི་རྒྱལ་པོ་ཞིག་ངོས་འཛིན་བྱས་ཡོད། དངོས་གཞི་བཤད་པའི་སྐབས། 《པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ》ཞེས་པ་འདིའི་མཆོད་བརྗོད་དང་གླེང་གཞི་ཕུད་པའི་ལྷག་མ་ཕྱོགས་བསྡོམས་བྱས་ན་དོན་ཚན་དྲུག་གི་སྒོ་ནས་བཤད་ན་ཉན་སླ་བ་སྙམ། 1. ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་བསྐྱོད་པའི་རྒྱུ་མཚན། 2. ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་ཇི་ལྟར་བསྐྱོད་ཚུལ། 3. དགེ་སློང་གི་ལམ་སྟོན་ལྟར་ངང་པའི་དབང་པོ་དང་མཉམ་དུ་བསྐྱོད་པ། 4. འཕགས་པ་གཽ་རཱི་ལས་ཆོས་ཞུས་རྗེས་སླར་ཡང་ཤར་དུ་བསྐྱོད་པ། 5. པོ་ཏ་ལའི་ཞིང་ཁམས་སུ་སླེབས་པ། 6. སྤྱན་རས་གཟིགས་ཀྱི་དྲུང་ནས་ཆོས་ཞུས་པ་དང་བཅས་སུ་བསྡུས་ནས་བཤད་ཡོད། དེ་དག་རེ་རེ་བཞིན་ཅུང་ཟད་ཞིབ་ཚགས་པའི་ལུགས་ནས་ཞུ་ན།

༡ ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་བསྐྱོད་པའི་རྒྱུ་མཚན། ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་བསྐྱོད་པའི་རྒྱུ་མཚན་ནི། ཁོར་ཡུག་དེ་ན་དེ་སྔོན་ལྷ་མི་སུ་ཞིག་ཡིན་ཡང་། དགེ་བཅུའི་བྱ་སྤྱོད་ལ་གོམ་པ་ཁོ་ན་ཡིན་པས་བཀྲིས་པ་དང་ལོ་ལེགས་པའི་ལོ་རྒྱུས་ཀྱི་བྱུང་བ་སྙན་ནའང་། བར་ལམ་ཞིག་ནས་ཆབ་སྲིད་གུད། ཆོས་ལུགས་ཉམས། ཡ་རབས་ཕམ། མ་རབས་རྒྱལ། དཀར་ནག་གོ་ལྡོག རྒྱུ་འབྲས་རྩིས་སུ་མི་གཏོང་བའི་བྱ་སྤྱོད་ངན་པ་རིམ་གྱིས་འཕེལ་བའི་བཀྲ་མི་ཤིས་པ་དང་ལམ་མི་ལེགས་པའི་རྟགས་དང་མཚན་མ་ངན་པ་རིམ་གྱིས་བྱུང་བ་དེ་གཏམ་བརྗོད་འདིའི་བྱུང་རིམ་གྱི་རྒྱུ་རྐྱེན་དུ་ངོས་འཛིན་བྱས་ཡོད། གནས་ཚུལ་དེ་འདྲའི་འོག་ནས་ངང་པའི་རྒྱལ་པོ་ས་གནས་དང་ཁོར་ཡུག་དེར་མུ་མཐུད་ནས་བསྡད་རྒྱུའི་རེ་བ་ཡོངས་སུ་ཟད་ཀྱང་ཐབས་གཞན་མ་རྙེད་པའི་སྐབས། ནམ་ཞིག་རི་བོ་གངས་ཅན་ནས་འོང་བའི་ལྷའི་བུ་ཁ་ཤས་ཤིག་ནམ་མཁའ་ནས་འཕུར་ཏེ་ཤར་ཕྱོགས་སུ་འགྲོ་བ་མཐོང་བས་ངང་པའི་རྒྱལ་པོས་དེ་དག་ལ་གང་དུ་འགྲོ་བ་དང་ཅིའི་ཕྱིར་འགྲོ་བར་དྲིས་པས། དེ་དག་གིས་ཤར་ཕྱོགས་པོ་ཏ་ལ་རུ་འགྲོ་བ་དང་། དེ་ན་སྤྱན་རས་གཟིགས་ལས་ཆོས་ཉན་པའི་ཆེད་དུ་འགྲོ་བའི་ལན་ཕུལ། ངང་པའི་རྒྱལ་པོས་སླར་ཡང་སྤྱན་རས་གཟིགས་ཀྱི་བཞུགས་གནས་ཁོར་ཡུག་སོགས་ཀྱི་བཀོད་པ་ཇི་འདྲ་ཡོད་ཚུལ་དྲིས་པར། ལྷའི་བུ་དག་གིས། དེ་ན་ཕྱིའི་ཁོར་ཡུག་ཕུན་སུམ་ཚོགས་པ་དང་བཅུད་ཀྱི་སེམས་ཅན་ལས་ལྡན་སྐྱེ་བོས་གང་བ་དང་དམ་པའི་ཆོས་ཀྱི་སྒྲ་དབྱངས་རྒྱུན་མར་སྒྲོག་ཚུལ་ཞུས། ངང་པའི་རྒྱལ་པོས་དེ་ན་འགྲོ་བ་ལ། ལམ་བུ་གང་ཞིག་རྒྱུད་ནས་འགྲོ་དགོས་པའི་དྲི་བ་བཏོན་པར། ལྷའི་བུ་ཚོས། བོད་གངས་ཅན་ནས་ཐད་ཀར་ཤར་ཕྱོགས་སུ་བསྐྱོད་ན། འོད་ཟེར་སྤྲིན་ཞེས་པའི་ས་གནས་རྒྱུད་དགོས་པ་དང་། དེ་ནས་ད་དུང་ཤར་ཕྱོགས་སུ་བསྐྱོད་ན་ཆུ་ཀླུང་དྲི་མེད་ལྡན་ཞེས་བྱ་བ་ཡོད། དེ་ལས་བརྒལ་ན་གྲོང་ཁྱེར་ཚངས་པའི་འབྱུང་གནས་སུ་སླེབས་འགྲོ། དེ་ནས་གྲོང་ཁྱེར་དེའི་མི་རྣམས་ལ་སྐད་ཆ་འདྲི་དགོས་ཞེས་པའི་ལན་བཏབ་ནས་ལྷ་བུ་དེ་དག་ནམ་མཁའ་ནས་ཡལ་སོང་། དེ་ནི་ངང་པའི་རྒྱལ་པོ་མདུན་སྐྱོད་གནང་བའི་བསམ་བློའི་གོམ་ཁ་གཉིས་ལྟ་བུར་ངོས་འཛིན་བྱས་ཡོད། ངང་པའི་རྒྱལ་པོ་དེ་ཉིད་བསམ་ཡས་ཉེ་འགྲམ་གྱི་རྫིང་བུ་དེ་དང་ཁ་བྲལ་དང་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་ཕེབས་རྒྱུ་བློ་རྩ་བརྟན་པོའི་སྒོ་ནས་ཐག་བཅད་བྱས་པ་དང་ཆབས་ཅིག རྫིང་བུ་དེར་ལོ་མང་རིང་མཉམ་འགྲོ་མཉམ་འདུག་གནང་མཁན་ཆུ་བྱའི་ཚོགས་ལ་རང་ཉིད་ཀྱི་མངོན་འདོད་ཇི་བཞིན་གསུངས་པས། ཆུ་གནས་བྱ་རིགས་ཀུན་བློ་ཕམ་ཆེན་པོས་གཤོལ་བཏབ་ཀྱང་མ་གསན་པར། འདུས་པའི་ཐ་མར་བྲལ་བ་དང་། སྐྱེ་བོའི་མཐའ་མར་འཆི་བའི་གཏན་ཚིགས་བཀོད་ནས། གཏན་གྱི་འདུན་མའི་བཙན་ས་ཟིན་དགོས་ན་སྤྱན་རས་གཟིགས་ཀྱི་དྲུང་དུ་བཅར་ནས་དམ་ཆོས་གཤར་མ་ཞིག་སྒྲུབ་དགོས་པའི་དམ་བཅའ་བཟློག་ཐབས་མེད་པའི་འགྲེལ་བརྗོད་ཀྱི་ལམ་ནས་ཐག་བཅད་པའི་གནས་ལུགས་དེ་ཉིད་བསྒྲགས་གཏམ་གྱི་དུ་སྤེལ་བས། སེམས་ཐག་ཉེ་བའི་ཆུ་བྱ་དེ་དག་གིས་ངང་པའི་རྒྱལ་པོ་བཤོལ་འདེབས་ཞུ་རྒྱུའི་རེ་བ་ཟད་དེ། ལྷན་འཛོམས་ཀྱི་མཐའ་མའི་གྱེས་སྟོན་བཤམས་རྗེས། བོད་ཀྱི་ས་མཚམས་མ་བརྒལ་བར་དུ་སྐྱེལ་མ་བྱས་ཚུལ་རྣམས། དོན་གྱི་བྱུང་རིམ་འབྲེལ་ཆགས་ཤིང་། ཚིག་གྱི་སྦྱོར་བ་སྙན་འཇེབས་ལྡན་པའི་ལམ་ནས་བསྟན་ཡོད། དེ་ནི་ངང་པའི་རྒྱལ་པོ་རང་ཉིད་འཆར་གཞི་ལྡན་པའི་ཐོག་ནས་གང་དུ་འགྲོ་འདོད་པའི་ཕྱོགས་སུ་གོམ་ཁ་དངོས་སུ་སྤོ་བའམ་འཕུར་བསྐྱོད་དངོས་སུ་བྱས་པའི་བྱ་བའི་རྒྱུད་རིམ་དང་པོ་དེ་ངོས་འཛིན་བྱས་ཡོད། ༢ ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་ཇི་ལྟར་བསྐྱོད་པ། ངང་པའི་རྒྱལ་པོ་རང་ཉིད་བོད་ཀྱི་ས་མཚམས་དང་སྙིང་ཉེ་བའི་ཆུ་གནས་བྱ་རིགས་ཚོ་དང་དངོས་སུ་ཁ་བྲལ་ནས་བསྐྱོད་པའི་སྐབས། རང་ཉིད་ཀྱི་ཞབས་ཞུ་བ་ངང་པ་བཞིན་བཟང་ཞེས་པ་ཞིག་སྐྱིད་སྡུག་མཉམ་མྱོང་གིས་རྗེས་སུ་འོང་བ་དེ་དང་མཉམ་དུ་མུ་མཐུད་ཤར་ཕྱོགས་སུ་བསྐྱོད་ནས། དེ་སྔོན་ལྷའི་བུ་ཚོས་ནམ་མཁའ་ནས་ས་བཤད་ཆུ་བཤད་བྱས་པ་ནང་བཞིན་གྱི་ཆུ་ཀླུང་དྲི་མེད་ལྡན་གང་དུ་འབབ་ས་འཇིག་རྟེན་དབང་པོའི་ཕོ་བྲང་གང་རི་རིན་ཆེན་ལྡན་དུ་སླེབས། དེ་ནས་སྤྱན་རས་གཟིགས་ཀྱི་སྐུ་བརྙན་འོད་འཚེར་བ་ཞིག་ཡོད་པར་མཆོད་བསྟོད་གསོལ་འདེབས་ཞུས། དེ་ནས་ཀྱང་རིམ་གྱིས་ཤར་ཕྱོགས་སུ་འཕུར་བས་སྐབས་འགའ་རྒྱ་མཚོ་ཆེན་པོ་གནམ་དང་འདྲེས་པ་ལྟ་བུ་དང་། ལན་རེར་མྱ་ངན་གྱི་ཐང་ཆེན་མཛད་དུ་མེད་པའི་མི་མེད་ལུང་སྟོང་ཧ་ཅང་ཉམ་ང་བ་དུ་མ་གཅིག་རྗེས་གཉིས་མཐུད་ཀྱིས་འཕྲད་པས། ངང་པ་བཞིན་བཟང་ཐང་ཆད་ནས་སྐད་ཤོར་དགོས་བྱུང་བར་ངང་པའི་རྒྱལ་པོས་སེམས་ཤུགས་སྤར་བའི་ཐབས་མཁས་ཀྱི་འགྲེལ་བརྗོད་དང་སྒྲུབ་དཀའ་བའི་བྱ་བར་འབད་དཀའ་བའི་བརྩོན་འགྲུས་མ་བརྟེན་ན་ཐོབ་དཀའ་བའི་གྲུབ་དོན་རྙེད་ཐབས་མེད་པའི་གནས་ལུགས་འགྲེལ་བརྗོད་གནང་བས། ངང་པ་བཞིན་བཟང་སླར་བརྩོན་འགྲུས་སམ་སེམས་ཤུགས་བསྐྱེད་པ་དང་། ད་དུང་ངང་པའི་རྒྱལ་པོས་རང་ཉིད་ཀྱི་ལྷག་བསམ་དང་ཕུགས་རེ་ལྷོད་མེད་པའི་བདེན་ཚིག་བརྗོད་པ་ལ་བརྟེན་ནས་ཟླ་བ་ལྷག་ཙམ་འཕུར་དགོས་པའི་མྱ་ངན་གྱི་ཐང་ཆེན་དང་མཚོ་ཆེན་དེ་དག་ཉིན་རེ་གཉིས་ཀྱིས་སྒྲོལ་ཐུབ་པ་བྱུང་། དེ་ལྟར་རིམ་བཞིན་མཁའ་ལམ་འཕུར་བས་སྣོད་བཅུད་བཀོད་པ་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཚངས་པའི་འབྱུང་གནས་སུ་སླེབས། གྲོང་ཁྱེར་དེ་ན་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་དང་སྤྲོ་ཁང་ཤིན་ཏུ་མང་ཞིང་ཕྱོགས་གང་ས་ནས་ཚོགས་ཤིང་འདུས་པའི་མགྲོན་པོ་དང་གཉུགས་མར་གནས་པའི་མི་ཚོགས་ནམ་མཁའི་སྐར་ཚོགས་དང་ཆུ་ཁའི་བྱེ་མ་ལྟར་མང་པོ་འདུག་ཤིང་། གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཡིད་དུ་འོང་བའི་མཚོ་ཙན་དན་དང་མེ་ཏོག་སྣ་ཚོགས་པས་མཛེས་པ་ཞིག་ཡོད་པ་དེར་མགྲོན་ཁང་དུ་བསྟེན་ནས་ཞག་སྡོད་བྱས། དེ་ན་གནས་པའི་བྱ་ཚོགས་དག་གིས་ཁོང་གཉིས་གང་ནས་འོང་བ་དང་གང་དུ་ཕེབས་པའི་གཏམ་དྲིས་པར། བོད་ནས་ཡོང་ཚུལ་དང་། པོ་ཏ་ལར་སྤྱན་རས་གཟིགས་མཇལ་དུ་འགྲོ་ཚུལ་གྱི་ལན་གནང་བར་མ་ཟད། ད་དུང་གྲོང་ཁྱེར་དེ་ནས་པོ་ཏ་ལར་འགྲོ་སའི་ལམ་བུ་གང་ཡིན་དྲིས་པར། ཆུ་བྱ་དེ་དག་གིས་ངེད་ཅག་གིས་གནས་ལུག་ས་དེ་དག་མི་ཤེས། དེ་བས་གྲོང་ཁྱེར་ཆེན་པོ་འདིའི་བཞི་མདོའི་དབུས་ནས་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པ་དེའི་མཁན་པོ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྗེས་སུ་བཟུང་བའི་དགེ་སློང་རྩ་ཆེ་ཞིག་ཡོད། དེ་ལ་དྲིས་ན་མཁྱེན་ངེས་པའི་བླང་བྱ་བསྟན་པ་ལྟར། ངང་པའི་རྒྱལ་པོ་དགེ་སློང་དེའི་དྲུང་དུ་བཅར་ནས། འདི་ནས་སྤྱན་རས་གཟིགས་བཞུགས་པའི་རི་བོ་པོ་ཏ་ལར་འགྲོ་སའི་ལམ་བུ་བསྟན་རོགས་ཞུས་པ་བཅས། ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་བརྗོད་གཞིའི་བང་རིམ་འགྲིག་པ། སྒྱུ་རྩལ་གྱི་སྣང་བརྙན་འབུར་ཞིང་། མཛེས་རྟོག་གི་རིན་ཐང་ཆེ་བའི་ཁོར་ཡུག་མཛེ་བཀོད་ཀྱི་བཀོད་སྒྲིག་གནང་ཡོད། འདི་ནི་ངང་པའི་རྒྱལ་པོ་པོ་ཏ་ལར་འགྲོ་བའི་འབབ་ཚུགས་ཆེན་པོ་དང་པོ་དེ་བརྒལ་ནས། གོམ་ཁ་གཉིས་པ་དེ་བསྒྱུར་རྒྱུའི་གྲ་སྒྲིག་གི་མགོ་འཛུགས་བྱས་པར་ངོས་འཛིན་གནང་ཡོད། ༣ དགེ་སློང་གི་ལམ་སྟོན་ལྟར་ངང་པའི་དབང་པོ་དང་མཉམ་དུ་བསྐྱོད་པ། དགེ་སློང་གི་ལམ་སྟོན་ལྟར་ངང་པའི་དབང་པོ་དང་མཉམ་དུ་བསྐྱོད་པར། དགེ་སློང་དེས་ཀྱང་ཁྱོད་ཅག་གང་ནས་འོང་བ་དང་། གང་དུ་ཕེབས་པའི་འཚམས་འདྲི་གནང་། ངང་པའི་རྒྱལ་པོས་དྲིས་ལན་འདེབས་རྗེས། དགེ་སློང་གིས་སྙིང་སྟོབས་དང་བརྩོན་འགྲུས་ཆེ་བའི་ངང་པ་གཉིས་ལ་བསྟོད་བསྔགས་དང་སྦྲགས། འདི་ནས་ཤར་ཕྱོགས་སུ་འགྲོ་སའི་ལམ་སྟོན་ཡིག་ཐོག་བཀོད་ན་མ་གཏོགས་ངག་ཐོག་ནས་གསལ་པོ་མི་ཆགས། དེ་བས་མི་ལོ་བཅུ་གཉིས་རེའི་མཚམས་སུ་སྤྱན་རས་གཟིགས་ས་གནས་འདིར་ཐེངས་རེ་ཕེབས་སྲོལ་ཡོད་པའི་ནང་ནས་མི་ལོ་བཅུ་ཆས་ཕྱིན་པས། ཁྱོད་གཉིས་མི་ལོ་གཉིས་ཙམ་ས་ཕྱོགས་འདིར་སྒུག་ན། སྤྱན་རས་གཟིགས་མཇལ་ཐུབ་པའི་ལམ་སྟོན་གནང་ཡང་། ངང་པའི་རྒྱལ་པོ་སྤྱན་རས་གཟིགས་མཇལ་བར་སྐོམ་པར་ཆུ་འདོད་པ་ལྟར་སྒུག་ཡུན་མི་ཆོག་པས། ཅིས་ཀྱང་ཐབས་གཞན་ལམ་སྟོན་གནང་རྒྱུའི་འབུལ་སྐུལ་ཞུས། དགེ་སློང་གིས་སླར་ཡང་བྱས་ན་ཟླ་བ་ཕྱེད་ཙམ་འདིར་བསྡད་ན། ཁོ་བོའི་དྲུང་དུ་པོ་ཏ་ལ་ནས་ཆོས་ཉན་ཕྱིར་ཡོང་བའི་ངང་པ་ཞིག་སླེབས་འོང་། དེ་དང་གདང་ནས་འགྲོ་ཆོག་པའི་ལམ་སྟོན་གནང་བས། ངང་པའི་རྒྱལ་པོ་རབ་ཏུ་དགའ་ནས་ཞལ་བཞེས་གནང་། ཟླ་བ་ཕྱེད་ཀྱི་རིང་ལ་དགེ་སློང་དེའི་དྲུང་ནས་སྤྱན་རས་གཟིགས་ཀྱི་ཆོས་སྐོར་མང་པོ་གསན། དེ་ནས་པོ་ཏ་ལ་ནས་ཕྱོགས་དེར་ཆོས་ཉན་མཁན་ངང་པའི་དབང་པོ་ཞེས་པ་དེ་སླེབས་པར། དགེ་སློང་གིས་ངང་པ་འདི་གཉིས་ཀྱང་པོ་ཏ་ལར་མཉམ་ཁྲིད་དགོས་པའི་བཀའ་བཀོད་གནང་། ཁོང་ཚོ་མཉམ་དུ་ཤར་ཕྱོགས་སུ་འགྲོ་བ་བརྩམས། ངང་པའི་རྒྱལ་པོ་བསྡད་གནས་བཅའ་ས་པདྨའི་མཚོ་དེ་ལ་གནས་པའི་ངང་པ་ལྔ་བརྒྱ་ཙམ་ཡོད་པ་དེ་དག་ཀྱང་ངང་པའི་རྒྱལ་པོའི་རྗེས་སུ་ཡོང་ཆོག་པའི་རེ་བ་ཞུས་པ་ལྟར་ཞལ་བཞེས་གནས་ནས་ལྷན་ཅིག་ཏུ་ནམ་མཁའི་དབྱིངས་ནས་ཤར་ཕྱོགས་སུ་བསྐྱོད། ནམ་མཁའི་ལམ་ན་བསྐྱོད་པའི་བརྒྱུད་རིམ་ཐད། 1. དང་པོ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་ཡུལ། 2. གཉིས་པ་ཀླུའི་དབང་པོ་པདྨའི་ཡུལ། 3. གསུམ་པ་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་ཡུལ། 4. བཞི་པ་ཀླུའི་རྒྱལ་པོ་པདྨ་ཆེན་པོའི་ཡུལ། 5. ལྔ་པ་ཀླུའི་རྒྱལ་པོ་རྒྱ་མཚོའི་ཡུལ། 6. དྲུག་པ་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱི་ཡུལ། 7. བདུན་པ་ལྷ་མོ་གཽ་རིའི་བཞུགས་གནས་བཅས་ཀྱི་རྒྱ་མཚོ་རྣམས་རིམ་པ་བཞིན་བསྐྱོད་ཅིང་། ཁོར་ཡུག་དེ་དག་གི་རི་ཆུ་སྤང་གསུམ་གྱིས་མཚོན་པའི་སྣོད་བཅུད་བཀོད་པ་ཕུན་སུམ་ཚོགས་པའི་འགྲེལ་བརྗོད་གནང་ཡོད། དེ་ལྟར་འབབ་ཚུགས་ཆེན་པོ་བདུན་པ་ལྷ་མོ་གཽ་རིའི་བཞུགས་གནས་སུ་སླེབས་པ་དང་། གྲོང་དེའི་བས་མཐའི་ནགས་ཁྲོད་རྒྱུད་རི་རྩེར་འཛེགས་ཏེ་འཕགས་མ་གཽ་རིའི་ཕོ་བྲང་ནོར་བུ་འོད་ཟེར་སྤྲིན་གྱི་ཁང་པའི་སྒོ་དྲུང་དུ་བཅར། ཀླུ་མོ་ཞལ་ཏ་མའི་རྒྱུད་ནས་བཀའ་ཁྲོལ་བ་བཞིན་འཕགས་མའི་མདུན་དུ་བཅར་རྒྱུའི་གོ་སྐབས་ཐོབ། འདི་ནི་ངང་པའི་རྒྱལ་པོ་པོ་ཏ་ལར་འཕུར་བའི་འབབ་ཚུགས་ཆེན་པོ་བདུན་བརྒལ་བའི་འགྲུལ་བཞུད་ཀྱི་རིམ་པ་རེ་རེ་བཞིན་གོ་རིམ་ལྡན་ལ་ཚིག་སྦྱོར་སྙན་པ། ཁོར་ཡུག་མཛེས་བཀོད་ཀྱི་དཔེ་མཚོན་དམིགས་བསལ་བ་ཞིག་བསྐྲུན་པ་ཡིན་ལ། ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་བསྐྱོད་པའི་ལམ་ཐག་རིང་ཤོས་དེ་ལས་གྲོལ་བའི་ངོས་འཛིན་གནང་ཡོད། ༤ འཕགས་མ་གཽ་རི་ལས་ཆོས་ཞུས་རྗེ་སླར་ཡང་ཤར་ཕྱོགས་སུ་བསྐྱོད་པ། ངང་པའི་རྒྱལ་པོ་སོགས་ངང་པ་ལྔ་བརྒྱ་པོ་ལྷན་ཅིག་ཏུ་འཕགས་མ་གཽ་རིའི་དྲུང་དུ་ཆོས་ཞུ་བར་བཅར་སྐབས། མིའམ་ཅི་དང་། ལྷ་མ་ཡིན། ཀླུ་ཡི་བུ་མོ་སོགས་བུ་མོ་འབུམ་ཕྲག་མང་པོས་མེ་ཏོག་དང་པི་ཝང་གི་སྒྲ་སོགས་ཀྱིས་མཆོད་པ་འབུལ་བ་དང་། འཕགས་མས། འདུས་བྱས་མི་རྟག་པ་ཡིན་པ་དང་གཅིག །དངོས་ཀུན་རང་བཞིན་མེད་པ་དང་གཉིས། ཐེག་ཆེན་ཆོས་ཀྱི་སྲོག་ཤིང་བྱམས་དང་སྙིང་རྗེ་དྲངས་པའི་བྱང་ཆུབ་ཀྱི་སེམས་དང་གསུམ། དཔེ་མཚན་དུ་མའི་སྒོ་ནས་གསལ་བཤད་གནང་བར་མ་ཟད། ངན་འགྲོའི་སྒོ་བསྡོམས་པར་ལས་འབྲས་དང་། དམན་པའི་ས་ལས་གྲོལ་བར་བྱང་ཆུབ་ཀྱི་སེམས། འཁོར་བ་ལས་གྲོལ་བར་ཆོས་ཉིད་སྟོང་པའི་གནས་ལུགས་གསུམ་ནི། འཁོར་བ་དང་ངན་སོང་གི་གཡུལ་སར་མེད་ཐབས་མེད་པའི་གཉེན་པོ་གསུམ་ཡིན་པའི་བསྡོམས་ཚིག་བཀོད་ནས་གསུངས། བཀའ་ཆོས་དེ་གསན་མ་ཐག་ངང་པ་དེ་དག་ཐེག་ཆེན་ཚོགས་ལམ་ལ་ཞུགས་ནས་ཆུ་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། འཕགས་པར་བཀའ་དྲིན་གཏོང་རགས་ཀྱི་ཚུལ་དུ་ཕྱག་བསྐོར་མཆོད་འབུལ་དང་བསྟོད་དབྱང་གསོལ་འདེབས་རྒྱ་ཆེར་ཕུལ། དེ་ནས་རིམ་གྱིས་ཤར་ཕྱོགས་སུ་མུ་མཐུད་བསྐྱོད་དེ་ཟླ་ཕྱེད་ཙམ་ཟིན་པ་ན། ལྟ་ན་སྡུག་པའི་ཁོར་ཡུག་ཉམས་དགའ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཀྱི་བཀོད་པ་དང་། བཞུགས་གནས་ཕོ་བྲང་སོགས་ནམ་མཁའི་ལམ་ནས་དངོས་སུ་མཇལ་བའི་སྐལ་བ་ཐོབ་པ་དང་། ངང་པའི་རྒྱལ་པོ་སོགས་ངང་པ་ལྔ་བརྒྱ་ཡིས་བར་སྣང་དབྱིངས་ནས་གཤོག་པའི་ཕྱག་རྒྱ་དང་མགྲིན་པའི་གསོལ་འདེབས་ཇི་ལྟར་བྱས་པའི་རིམ་པ་རྣམས་གསོན་ཉམས་དོད་པའི་སྒོ་ནས་ཞིབ་འབྲི་གནང་ཡོད། འདི་ནི་ངང་པའི་རྒྱལ་པོ་བོད་ནས་ཤར་ཕྱོགས་སུ་རྒྱངས་བསྐྱོད་བྱས་པའི་མཐའ་མའི་འགྲུལ་བཞུད་ཀྱི་ས་ཚུགས་ཞིག་ཏུ་ངོས་འཛིན་གནང་ཡོད། ༥ པོ་ཏ་ལའི་ཞིང་ཁམས་སུ་སླེབས་པ། ད་ནི་ངང་པའི་རྒྱལ་པོ་རང་ཉིད་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས། ནམ་མཁའ་ལམ་བུར་བྱས། སྤྲིན་པ་ཐད་པ་བཅིངས། ཕུག་མདུན་སྔུར་དུ་བསུས་ཏེ། ཟླ་བ་མང་པོའི་རིང་འགྲུལ་བཞུད་བྱས་པའི་ལམ་སྣེ་ནས། ལམ་གྲོགས་ངང་པ་ཚོ་དང་མཉམ་དུ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་དངོས་སུ་སླེབས། དེའི་ཞིང་གི་བཀོད་པ་རེ་རེ་བཞིན་ཞིབ་ཚགས་པའི་ལུགས་སུ་བྱས་ནས་གནས་གཟིགས་གནང་བ་དང་སྦྲགས། བཀོད་པ་མཛེས་པའི་ཁོར་ཡུག་ཉམས་དགའ་བ་གངས་རི་དང་ནགས་རི། སྤང་རི་དང་རྫ་རི། མཚོ་དང་མཚེའུ། རྩི་ཤིང་དང་སྨན་རྩྭ། ངང་པ་དང་ངང་ངུ་། བྱ་དང་བྱེའུ་སོགས་ཀྱིས་མཛེས་པའི་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་དེ་དག་ལ། ངང་པའི་རྒྱལ་པོ་དང་། ལམ་མཁན་ངང་པའི་དབང་པོ། ཞབས་ཞུ་ངང་པ་བཞིན་བཟང་སོགས། ངང་པའི་ཁྲོད་ནས་ཁ་བདེ་བ་དང་ལྕེ་རྣོ་བ་རེ་རེ་ནས། ཁོར་ཡུག་ལ་ཡིད་སྨོན་དང་། བསྟོད་པའི་སྙན་ངག་དུ་མ་སྐྱོར་ཚུལ་རྣམས་ཧ་ཅང་གསོན་ཉམས་དོད་པའི་ཐོག་ནས་ཞིབ་འབྲི་གནང་ཡོད། དེ་ནི་ངང་པའི་རྒྱལ་པོ་དཀའ་བ་བརྒྱ་ཕྲག་སྤྱད། འབད་པ་སྟོང་ཕྲག་བྱས་པའི་གྲུབ་དོན་དངོས་གནས་དེ་ལག་ཏུ་ཐོབ་ལ་ཉེ་བའི་སྐབས་ཀྱི་སྤྲོ་སེམས་ཁོལ་བའི་ངལ་གསོའི་སྟེགས་བུ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག ། ༦ སྤྱན་རས་གཟིགས་ཀྱི་དྲུང་ནས་ཆོས་ཞུས་པ། ངང་པའི་རྒྱལ་པོ་སོགས་ཕྱོགས་ནས་སླེབས་པའི་ངང་པ་ཚོས། པོ་ཏ་ལའི་ཕོ་བྲང་ནས་རིན་པོ་ཆེའི་ཁྲི་སྟེང་དུ་སྤྱན་རས་གཟིགས་སྐུ་གསོན་པོར་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་གིས་བསྐོར་ཞིང་ཐམས་ཅད་ཀྱིས་ཕྱག་བསྐོར། མཆོད་འབུལ། གསོལ་འདེབས་སོགས་རྒྱ་ཆེར་ཞུས་པར་མ་ཟད། འདུལ་བྱ་སོ་སོའི་ལས་དབང་གིས་མཐོང་སྣང་མི་འདྲ་བ་སྣ་ཚོགས་པ་བྱུང་ཞིང་། གང་ཞིག་མཐོང་སྣང་བྱུང་བ་དེ་དང་འབྲེལ་ནས་བསྟོད་དབྱངས་གསོལ་འདེབས་སྣ་ཚོགས་སྒྲོགས་རྗེས་འཕགས་པ་སྤྱན་རས་གཟིགས་ཀྱིས་བཀའ་ཆོས་གསུང་རྒྱུའི་མགོ་འཛུགས་བྱས། དེ་ཡང་སྤྱིར་འཁོར་བ་ལ་སྙིང་པོ་མེད་པ་དང་དེའི་བྱེ་བྲག་བདེ་འགྲོ་ཙམ་ལ་སྙིང་པོ་མེད་པ། དེ་དག་གི་གཉེན་པོ་དབེན་པ་བརྟེན་ནས་བསམ་གཏན་སྒོམ་དགོས་པ། བསམ་གཏན་ལ་བརྟེན་ནས། སེམས་པ་ལྷིངས་སུ་འཇགས་པའི་ཞི་གནས་གོམ་པའི་རྗེས་སེམས་ཀྱི་རང་བཞིན་ངེས་དགོས་པ། སེམས་ཀྱི་རང་བཞིན་བརྟག་ཤིང་དཔྱད་པའི་མཐར་གསལ་བ་སེམས་ཀྱི་རང་གཤིས་ལ་རིག་པ་ཀུན་རྫོབ་ཀྱི་འཁྲུལ་སྣང་རང་འགག་ཏུ་འགྲོ་དགོས་པ་སྟེ། ཐར་པའི་རྒྱལ་སར་འཛེགས་པའི་ལམ་གྱི་སྙིང་པོ་མདོར་བསྡུས་ནས་བསྟན་རྗེས། སླར་ཡང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མི་རྟག་པ་དང་ཀུན་རྫོབ་ཀྱི་འཁྲུལ་སྣང་ཡིན་པ། དོན་དམ་སྤྲོས་བྲལ་ནི་སེམས་ཀྱི་ཆོས་ཉིད་དུ་རང་ཆས་སུ་གནས་པ། འཁྲུལ་སྣང་ཀུན་རྫོབ་ཀྱི་སྣང་བར་དཀར་ནག་ལས་འབྲས་ཀྱི་རྣམ་བཞག་འཐད་ཀྱང་། ཀ་དག་གནས་ལུགས་ཀྱི་གཤིས་ལ་འཁོར་འདས་དགེ་སྡིག་སྤང་བླང་སྲིད་ཞི་མཐའ་དག་རོ་གཅིག་ཏུ་གྲུབ་པའི་ཁྲེགས་ཆད་སྟོང་པ་ཆེན་པོའི་ལྟ་བ་དཔེ་དོན་ཡ་མ་བྲལ་བའི་སྒོ་ནས་ངོ་སྤྲོད་གནང་། ཟབ་ཅིང་རྒྱ་ཆེ་ལ་གསལ་ཞིང་གོ་བདེ་བའི་གསུང་ཆོས་དེ་དག་གསན་མ་ཐག །ངང་པའི་རྒྱལ་པོ་སོགས་ངང་པ་དེ་དག་ཀུན་མི་སྐྱོ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། ཐེག་ཆེན་སྦྱོར་ལམ་གྱི་རྟོགས་པ་ཐོབ། འཕགས་པ་སྤྱན་རས་གཟིགས་ལ་བཀྲིན་རྗེས་དྲན་གྱི་ཕྱག་སྐོར་མཆོད་འབུལ་བསྟོད་བསྔགས་རྒྱ་ཆེར་ཕུལ། དེ་ནས་བཟུང་རི་བོ་པོ་ཏ་ལའི་ཁོར་ཡུག་གི་མཚོ་རྫིང་རྣམས་སུ་བཞུགས་ནས། ཐོས་བསམ་སློབ་གཉེར་དང་སྤང་པ་བསམ་གཏན་ལ་འབད་བརྩོན་དྲག་པོ་བྱས་པས། ངང་པ་དེ་དག་ཀུན་མི་སློབ་པའི་ཟུང་འཇུག་གི་གོ་འཕངས་མངོན་དུ་བྱས་ཚུལ་གྲག་གོ ། ཞེས་དམ་པའི་ཆོས་ཚུལ་ཇི་ལྟར་བསྟན་པ་དང་། དེ་ལ་བརྟེན་ནས་གོ་རྟོགས་འཕེལ་ཚུལ་དང་། དེ་ཉིད་ཐོས་རྩོད་སྒྲུབ་པ་ལྷུན་བླངས་པས། མཐའ་མའི་འབྲས་བུ་མངོན་དུ་བྱས་པའི་རྒྱུད་རིམ་རྣམས། མདོ་རྒྱུད་བསྟན་བཅོས་ལས་འབྱུང་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དགོངས་པ་དང་མཐུན་པའི་འགྲེལ་བརྗོད་ཁ་གསལ་ལ་གཏིང་ཟབ་པའི་རིམ་པ་རེ་རེ་བཞིན། གསལ་ཞིང་འབྲུ་ཆགས་པའི་ཡི་གེའི་ལམ་ནས་བསྟན་པ་ཞིག་ཡིན། འདི་ནི་ངང་པའི་རྒྱལ་པོ་སོགས་ངང་པ་དེ་དག་གི་དཀའ་སྤྱད་འབད་འབུངས་དྲག་པོ་བྱས་པའི་མཐའ་མའི་རྒྱལ་ཁ་དང་གྲུབ་དོན་ཐེར་འདོན་བྱས་པའི་རྣམ་པར་ངོས་འཛིན་གནང་ནའང་འགྲིགས། གཏམ་བརྗོད་འདིའི་མཇུག་རྩོམ། གཏམ་བརྗོད་འདིའི་འཇུག་བྱང་དུ། རང་ཉིད་ཀྱིས་རྟོག་བཟོའི་གཏམ་བརྗོད་ཀྱི་བྱུང་རིམ་འདི་ལ་བརྟེན་ནས། དོན་དུ་གཉེར་ནས་ཀློག་མཁན་ཚོས། ངང་པའི་རྒྱལ་པོས་ཡུལ་དུས་གནས་བབ་གང་ཞིག་ལ་བརྟེན་ནས། ངེས་པར་འབྱུང་བ་ནས་དཀའ་སྤྱད་འབད་འབུངས་ཛ་དྲག་ལ་ངང་རྒྱུན་རིང་པོའི་སྒོ་ནས་བརྩོན་ལེན་བྱས་པའི་གྲུབ་དོན་ལ་དཔེར་བྱས་ནས། རང་ཉིད་ཀྱང་འཁོར་བའི་གནས་བབ་ལ་ངེས་པར་འབྱུང་སྟེ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ནས་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་བསམ་སློབ་གཉེན་དང་། སྒྲུབ་པ་ཉམས་ལེན་ཚུལ་བཞིན་གནང་དགོས་པ་དེ་དམིགས་ཕུལ་པའི་བསླབ་བྱའི་སྙིང་དུ་བྱས་ནས་བཀོད་ཡོད། དེ་རྗེས་གཏམ་བརྗོད་འདི་རྩོམ་པ་པོ་སུ་ཡིན་པ་དང་རྩོམ་པའི་དགེ་བ་རྫོགས་བྱང་ལ་བསྔོ་བ། གསུང་རབ་དང་བརྡ་སྤྲོད། མངོན་བརྗོད་དང་སྙན་ངག་ལ་མཁས་པར་འདོད་པའི་དོན་གཉེར་ཅན་རྣམས་ཀྱིས་དགའ་བ་བྱ་འོས་པ་དེ་ཡང་དྲན་གསོ་ནན་པོ་བྱས་ནས་གནང་རྗེས་གཏམ་བརྗོད་འདི་མཇུག་རྫོགས་པར་བྱས་ཡོད།