Jump to content

པཱ་ལ་ཡ་

ཡོང་ཁུངས་Wikipedia

རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ནི་བོད་བརྒྱུད་ནང་བསྟན་གྱི་སྙིང་པོའི་ཚིག་ཡིན་ཞིང་སྡིག་སྒྲིབ་སྦྱོང་བར་བྱེད་པའི་སྔགས་ཀྱི་ཚིག་ཚོགས་ཁྱད་པར་ཅན་ཞིག་ཡིན། དེའི་ནང་གི་"མ་ནུ་པཱ་ལ་ཡ་"ཞེས་པའི་ཚིག་གིས་ཆོས་ལུགས་དང་སྒོམ་སྒྲུབ་ཀྱི་ལམ་ལུགས་ནང་གནད་འགག་ཆེན་པོ་ཞིག་མཚོན་ཡོད། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་མཁན་རྣམས་ཀྱིས་དུས་རྒྱུན་བཟླས་སྲོལ་ཡོད་པའི་ཡིག་བརྒྱའི་ནང་གི་ཚིག་འདི་ཡིས་སྐྱབས་གནས་ལས་རྗེས་སུ་འཛིན་པའམ་སྐྱོང་བར་རེ་སྐུལ་ཞུ་བའི་ཚིག་ཡིན། འདིར་ཡིག་བརྒྱའི་ནང་གི་"པཱ་ལ་ཡ་"ཞེས་པའི་ཚིག་དེར་འགྲེལ་པ་མཁས་དབང་བཞིའི་གསུང་རྣམས་ཀྱི་དགོངས་འགྲེལ་ལྟར་ངོ་སྤྲོད་ཞུ་རྒྱུ་ཡིན།

༡༽ པཱ་ལ་ཡའི་གོ་དོན།

[རྩོམ་སྒྲིག]

༡.༡༽ གོང་མའི་བཞེད་སྲོལ་ནང་གི་པཱ་ལ་ཡའི་གོ་དོན།

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ནང་"མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས་"[] ཞེས་གསུངས་ཡོད་པ་དང་། དེ་བཞིན་དུ་མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ཀྱང་"མ་ནུ་ནི་རྗེས་སུ། པཱ་ལ་ཡ་ནི་སྐྱོང་བ། དེ་བསྡོམས་ན། བདག་ལ་རྗེས་སུ་སྐྱོང་མཛོད་ཀྱེ། ཞེས་པའི་དོན་"[] ཅེས་གསུངས་ཡོད།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"མ་ནུ་པཱ་ལ་ཡ་ཞེས་པ་རྗེས་སུ་སྐྱོངས་ཤིག །ཅེས་བྱ་སྟེ་གང་སྐྱོང་ན་སྔར་བཤད་པའི་དམ་ཚིག་དེའོ།"[] ཞེས་གསལ་འདོན་མཛད་པ་རེད།

ཨ་ཁུ་ཤེས་རབ་རྒྱ་མཚོས་"མ་ནུ་པྰ་ལ་ཡ་རྗེས་སུ་ཟུང་ངམ། རྗེས་སུ་སྐྱོང་བའི་ཆེད་དུ་ཞེས་པའོ།"[] ཞེས་གསུངས་ཡོད།

གོང་གི་མཁས་དབང་བཞིའི་གསུང་ལ་གཞིགས་ན་"པཱ་ལ་ཡ་"ཞེས་པའི་གོ་དོན་ནི་"སྐྱོང་བ་"དང་"རྗེས་སུ་སྐྱོང་བ་"ཞེས་པ་ཡིན་ཞིང་། "མ་ནུ་པཱ་ལ་ཡ་"ཞེས་པའི་ཆ་ཚང་གི་དོན་"རྗེས་སུ་སྐྱོངས་"ཞེས་པ་དང་"བདག་ལ་རྗེས་སུ་སྐྱོང་མཛོད་"ཅེས་པ་ཡིན་པར་མངོན།

༡.༢༽ ངེས་ཚིག་གི་གོ་དོན།

[རྩོམ་སྒྲིག]

མཁས་པ་རྣམས་ཀྱི་གསུང་ནང་"པཱ་ལ་ཡ་"ཞེས་པའི་ངེས་ཚིག་གམ་སྒྲའི་དོན་ནི་སྐྱོང་བའམ་སྲུང་བའི་དོན་དུ་གསུངས། དེ་ནི་སཾསྐྲྀཏའི་སྐད་ནས་བྱུང་བ་ཞིག་ཡིན།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"མཚམས་སྦྱོར་གྱི་དབང་གིས་ཀླད་ཀོར་མ་རུ་བསྒྱུར་བས་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པའོ།"[] ཞེས་སཾསྐྲྀཏའི་སྐད་ཀྱི་མཚམས་སྦྱོར་གྱི་དབང་གིས་ཚིག་གི་སྦྱོར་བའི་རྣམ་གཞག་ཅིག་ཡིན་པར་གསུངས།

ཨ་ཁུ་ཤེས་རབ་རྒྱ་མཚོས་"རྗེས་སུ་ཟུང་ངམ། རྗེས་སུ་སྐྱོང་བའི་ཆེད་དུ་"[] ཞེས་པའི་ཚིག་དོན་གཉིས་ཀ་བཀོད་ཡོད་པས་འདི་ལ་ཚིག་དོན་ཅུང་རྒྱ་ཆེ་བ་ལྡན་པར་མངོན།

༡.༣༽ སྔགས་ཀྱི་ཆ་ནས་གོ་དོན།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གོ་དོན་ཆ་ནས་གསལ་བཤད་མཛད་དེ་"བདག་སོགས་རྡོ་རྗེ་ཐེག་པའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ལམ་ཟབ་མོའི་རྗེས་སུ་འཇུག་པ་ལ་སྐུ་གསུམ་ཐུགས་གསང་བ་ཟབ་མོའི་ཕྱག་རྒྱ་ལས་ནམ་ཡང་མི་འདའ་བའི་ཡེ་ཤེས་རྡོ་རྗེས་སྐྱོངས་ཤིག་ཅེས་པའོ།"[] ཞེས་གསུངས་ཡོད།

ལྷག་པར་དུ་ཁོང་གིས་དབྱེ་བ་ཕྱེ་ནས་བསྐྱེད་རིམ་ལྟར་དང་རྫོགས་རིམ་གྱི་ཆ་ནས་ཀྱང་འགྲེལ་བཤད་མཛད་དེ་འདི་ལྟར་གསུངས། "བསྐྱེད་རིམ་ལྟར་ན་སྐྱབས་འགྲོ་དང་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ངང་ནས་རང་ཉིད་བདག་དམ་ཚིག་སེམས་དཔའ་རྡོ་རྗེ་སེམས་དཔའ་བསྒོམ། དེ་ནས་འོག་མིན་ཞིང་ནས་ལྷ་ཡེ་ཤེས་སེམས་དཔའ་རྡོར་སེམས་སྤྱན་དྲངས་ནས་རང་ལ་དམ་ཡེ་དབྱེར་མེད་ཕྱག་རྒྱས་བཅིངས་ཏེ་ཏིང་འཛིན་སེམས་དཔའི་ཐུགས་ཀར་ཟླ་སྟེང་ཧཱུྂ་ཡིག་དང་སྔགས་ཕྲེང་སྤྲོ་བསྡུ་ལས་བཞིས་རང་གཞན་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་སྒྲིབ་གཉིས་ཀྱིས་བསྡུས་པ་རྣམས་སྦྱངས་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོག་མིན་ཞིང་དང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ཡིན་པར་དམིགས་པ་གཏད་ལ་སེམས་བཟུང་བ་ནི། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་པའི་དོན་ཏེ"[]

རྫོགས་རིམ་གྱི་ཆ་ནས་ནི་"རྡོ་རྗེ་ཕུང་པོའི་ལུས་ཀྱི་གྲོང་ཁྱེར་ན་གནས་པ་རྩ་དང་། གཡོ་བ་རླུང་དང་། བཀོད་པ་བྱང་ཆུབ་སེམས་ཐིག་ལེ་གནད་དུ་བསྣུན་པ་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་མངོན་སུམ་ལམ་དུ་བྱེད་ནས་བརྟན་གཡོ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་བདེ་སྟོང་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཀློང་ལས་མི་འདའ་བར་རྒྱས་འདེབས་པ་ནི། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་པའོ།"[]

༡.༤༽ ཉམས་ལེན་གྱི་ཆ་ནས་གོ་དོན།

[རྩོམ་སྒྲིག]

ཨ་ཁུ་ཤེས་རབ་རྒྱ་མཚོས་ཉམས་ལེན་གྱི་ཆ་ནས་བཤད་ནས་འདི་ལྟར་གསུངས་ཡོད་པ:

"སྔགས་དོན་ཨོཾ་སྐུ་རྡོ་རྗེ་མཚོན་བྱེད། བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ་ཞེས་མཚན་ནས་བོས་ཏེ། ས་མ་ཡ་དམ་ཚིག་སྟེ། སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའོ། མ་ནུ་པྰ་ལ་ཡ་རྗེས་སུ་ཟུང་ངམ། རྗེས་སུ་སྐྱོང་བའི་ཆེད་དུ་ཞེས་པའོ།"[༡༠]

ཁོང་གིས་བཤད་པ་ལྟར་ན་རྡོ་རྗེ་སེམས་དཔས་སྔོན་གྱི་ཐུགས་བསྐྱེད་དང་དམ་བཅའ་རྗེས་སུ་དྲན་པར་བྱས་ནས་སྐྱོང་བའི་དོན་ཡིན་པ་གསལ།

༢༽ པཱ་ལ་ཡ་ཞེས་པའི་དབྱེ་བ།

[རྩོམ་སྒྲིག]

མཁས་དབང་རྣམས་ཀྱི་འགྲེལ་བ་ལ་གཞིགས་ན་པཱ་ལ་ཡ་ཞེས་པའི་སྒྲའི་དབྱེ་བ་དང་དོན་གྱི་དབྱེ་བ་གཉིས་ཀ་ཡོད་པར་མངོན།

༢.༡༽ སྒྲའི་ཆ་ནས་དབྱེ་བ།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"མཚམས་སྦྱོར་གྱི་དབང་གིས་ཀླད་ཀོར་མ་རུ་བསྒྱུར་བས་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པའོ།"[༡༡] ཞེས་པ་ལྟར་སྔགས་ཚིག་ནང་"ཡ་"ཞེས་པའི་སྒྲ་ནི་མཚམས་སྦྱོར་གྱི་དབང་གིས་"མ་"ཞེས་པ་"ཡ་"དང་སྦྲེལ་ནས་སྒྲ་འགྱུར་བ་ཡིན་པར་གསུངས།

༢.༢༽ དོན་གྱི་ཆ་ནས་དབྱེ་བ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་དོན་གྱི་ཆ་ནས་དབྱེ་བ་གསུམ་དུ་ཕྱེ་ནས་བཤད་ཡོད།

བསྐྱེད་རིམ་ལྟར་ན: "བསྐྱེད་རིམ་ལྟར་ན་སྐྱབས་འགྲོ་དང་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་"[༡༢] ཞེས་སོགས་ལྟར་ལམ་གྱི་རིམ་པ་དང་པོའི་ཆ་ནས་རང་ཉིད་སྟོང་པ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ་སྡིག་སྒྲིབ་སྦྱོང་བའི་ཆ་ནས་བཤད་པ། རྫོགས་རིམ་མཚན་བཅས་ལྟར་ན: "རྫོགས་རིམ་མཚན་བཅས་ལྟར་ན། རྡོ་རྗེ་ཕུང་པོའི་ལུས་ཀྱི་གྲོང་ཁྱེར་ན་གནས་པ་རྩ་དང་། གཡོ་བ་རླུང་དང་།"[༡༣] ཞེས་སོགས་ལྟར་ནང་དུ་རྩ་རླུང་ཐིག་ལེའི་ཉམས་ལེན་གྱི་ཆ་ནས་བཤད་པ། རྫོགས་རིམ་མཚན་མེད་རྫོགས་ཆེན་ལྟར་ན: "ཡང་རྫོགས་རིམ་མཚན་མེད་རྫོགས་ཆེན་ལྟར་ན། དེའང་རྫོགས་ཆེན་རྒྱུད་ལས། རིག་པ་མི་འགྱུར་རྡོ་རྗེའི་ངང་། སེམས་ཅན་སྒྲོལ་ལ་ཆེས་དཔའ་བ། ཐམས་ཅད་མཉམ་པ་ཉིད་རྟོགས་པས། རྡོ་རྗེ་སེམས་དཔའ་མངོན་དུ་འགྱུར།"[༡༤] ཞེས་གསུངས་པ་ལྟར་རིག་པ་རང་ཞལ་མཇལ་བའི་ཆ་ནས་བཤད་པ།

ཨ་ཁུ་ཤེས་རབ་རྒྱ་མཚོས་ནི་དེ་ལས་ཀྱང་ཁ་གསལ་བའི་ཚུལ་དུ་"སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའོ།"[༡༥] ཞེས་གསུངས་ནས་སྐྱོང་བའི་དོན་དེ་སངས་རྒྱས་རྣམས་ཀྱིས་སྔོན་ཐུགས་བསྐྱེད་པའི་དམ་བཅའ་དེ་རྗེས་སུ་དྲན་ནས་སྐྱོང་བའི་ཆ་ནས་བཤད་པ།

༣༽ དགག་གཞག་སྤོང་གསུམ།

[རྩོམ་སྒྲིག]

༣.༡༽ དགག་པ།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཡིག་བརྒྱའི་ཀློག་ཚུལ་ལ་དགག་པ་གནང་སྟེ། "འགའ་ཞིག་དམ་ལས་འདས་ན་ཚིག་བར་འགྱུར་བས་དམ་ཚིག་གོ་ཞེས་སོགས་སུ་འཆད་པ་ནི་སཾ་སྐྲྀ་ཏའི་སྐད་ཀྱི་རྒྱུས་མེད་པའི་ཉམས་བསྟན་པ་དངོས་སོ།"[༡༦] ཞེས་ལོག་པར་བཤད་པ་ལ་དགག་པ་མཛད་ཡོད།

༣.༢༽ གཞག་པ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་"ཚེ་གཅིག་མི་སློབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་དམ་ཚིག་སྤྱིར་མི་དགེ་བ་བཅུ་སྤོང་བ་དང་། བྱེ་བྲག་སོར་བྱང་སྔགས་གསུམ་གྱི་དམ་སྡོམ་བསྲུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ལ། མ་བསྲུང་ན་ངན་སོང་དང་མནར་མེད་དུ་སྐྱེ་བར་འགྱུར་བས་ཕུང་འཚེངས་ཤིན་ཏུ་ཆེ་བས་ན། བདག་སོགས་རྡོ་རྗེ་ཐེག་པའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ལམ་ཟབ་མོའི་རྗེས་སུ་འཇུག་པ་ལ་སྐུ་གསུང་ཐུགས་གསང་བ་ཟབ་མོའི་ཕྱག་རྒྱ་ལས་ནམ་ཡང་མི་འདའ་བའི་ཡེ་ཤེས་རྡོ་རྗེས་སྐྱོངས་ཤིག་ཅེས་པའོ།"[༡༧] ཞེས་གསུངས་ནས། དམ་ཚིག་བསྲུང་མ་བསྲུང་ལས་བྱུང་བའི་འབྲས་བུ་བཟང་ངན་གཉིས་ཀྱང་གསལ་བར་མཛད་ཡོད།

ཁོང་གིས་སྐབས་དང་སྦྱར་ནས་"བདག་སོགས་"ཞེས་པ་ནི་རང་ཉིད་གཙོས་པའི་སེམས་ཅན་ཐམས་ཅད་ལ་གོ་དགོས་པར་གསུངས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལ་གནས་པའི་ལྟ་གྲུབ་ཀྱང་རྣམ་པར་བཀོད་ཡོད།

༣.༣༽ སྤོང་བ།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"ཁོ་ན་རེ་འདི་ནི་ཀློག་ཚུལ་ཡིན་གྱི་ཡིག་གཟུགས་ལ་དེ་མི་མཚུངས་པས་སྐྱོན་མེད་དོ་ཞེ་ན། འོ་ན་ལྷའི་སྐད་ལེགས་པར་སྦྱར་བ་ཐམས་ཅད་ཡི་གེའི་གཟུགས་ཙམ་གྱི་ཕྱིར་ཡིན་པར་སྨྲ་བ་གདོན་མི་ཟ་བས་ཁྱེད་ཀྱི་གནས་སྐབས་ཅི་འདྲར་གྱུར་ཅིག་གུ། དེས་ན་ཥ྄་ཉིད་ཏི་ལ་ཡར་སྦྱར་ཏེ་ཥ྄འི་སྒྲ་ཟུར་ཐོན་པར་བཀླག་དགོས་པ་རིགས་པས་གྲུབ་ཅིང་འཕགས་ཡུལ་བ་དག་གི་ངག་ལས་ཀྱང་ཐོས་སོ།"[༡༨] ཞེས་གསུངས་ནས་སྐབས་འགར་བྱུང་བའི་ལུགས་སྲོལ་ནོར་བ་རྣམས་ལ་སྤོང་བ་མཛད་ཡོད།


༤༽ རང་ལུགས།

[རྩོམ་སྒྲིག]

པཱ་ལ་ཡ་ཞེས་པའི་ཚིག་ནི་སཾསྐྲྀཏའི་སྐད་ལས་བྱུང་ཞིང་སྤྱིར་བཏང་"སྐྱོང་བ་"དང་"སྲུང་བ་"ཞེས་པའི་དོན་ཡིན། མཁས་དབང་བཞིའི་གསུང་ལས་མངོན་པ་ལྟར་"མ་ནུ་པཱ་ལ་ཡ་"ཞེས་པའི་ཚིག་དོན་ནི་"རྗེས་སུ་སྐྱོངས་"ཞེས་པ་སྟེ། "རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་བདག་ཅག་གི་དམ་ཚིག་རྗེས་སུ་སྐྱོངས་ཤིག་"ཅེས་པའི་དོན་ཡིན།

པཎ་ཆེན་བློ་བཟང་ཆོས་རྒྱན་ནས་ད་བར་གྱི་མཁས་པའི་གསུང་རབ་ཏུ་དེ་ལྟར་ངོས་འཛིན་མཛད་ཡོད་ཅིང་། ཤེས་རབ་སྙིང་པོའི་ཚིག་གི་གནད་དུ་ནང་པའི་ལྟ་གྲུབ་ཀྱི་སྙིང་པོ་མཚོན་ཡོད། ཡིག་བརྒྱ་ཡོངས་རྫོགས་ཀྱི་ནང་དུ་ཡང་དེ་ནི་གནད་ཆེན་ཞིག་ཡིན་ཏེ་སྡིག་སྒྲིབ་བྱང་ཆུབ་ཡོན་ཏན་བསྐྱེད་པའི་རྩ་བར་ལྷའི་སྐྱོང་བ་ལ་རག་ལས་པའི་ཕྱིར།

ཁྱད་པར་དུ་མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་གསུངས་པ་ལྟར་"མ་ནུ་པཱ་ལ་ཡ་"ཞེས་པའི་དོན་ནི་ཀུན་སྤྱོད་ཀྱི་ཆ་ནས་མི་དགེ་བཅུ་སྤོང་བ་དང་། དམ་ཚིག་གསུམ་ལ་གནས་པ། ལྟ་གྲུབ་ཀྱི་ཆ་ནས་གཞི་སྟོང་ཉིད་རིག་པ་དང་ཐབས་སྙིང་རྗེའི་རང་བཞིན། ལམ་གྱི་ཆ་ནས་བསྐྱེད་རྫོགས་ཀྱི་རིམ་པ། འབྲས་བུའི་ཆ་ནས་ཚེ་གཅིག་ལ་མི་སློབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་གོ་དགོས།

སྙིང་པོར་བསྡུས་ན་"མ་ནུ་པཱ་ལ་ཡ་"ཞེས་པའི་ཚིག་གིས་ཉམས་ལེན་པ་ཡིག་བརྒྱ་བཟླས་པའི་སྦྱོར་བ་པོས་སྐྱབས་གནས་ལས་བདག་ཅག་ཉམས་ལེན་གྱི་ལམ་ལས་མི་འཁྱམས་པར་རྗེས་སུ་འཛིན་པར་མཛད་པའི་གསོལ་འདེབས་མཚོན་ཡོད་པ་ནི་ཡི་གེ་བརྒྱ་པའི་སྙིང་པོ་ཡིན།

༥༽ མཇུག་བསྡུ།

[རྩོམ་སྒྲིག]

མཁས་དབང་བཞིའི་གསུང་གི་ཕྱོགས་སྡོམ་ལྟར་ན་"པཱ་ལ་ཡ་"ཞེས་པའི་ཚིག་ནི་སྐྱོང་བ་དང་སྲུང་བའི་དོན་ཡིན་ཞིང་། "མ་ནུ་པཱ་ལ་ཡ་"ཞེས་པའི་ཚིག་ཆ་ཚང་གི་དོན་ནི་"རྗེས་སུ་སྐྱོངས་ཤིག་"ཅེས་པ་ཡིན། སྐྱོང་ཚུལ་ལ་ཡང་བསྐྱེད་རིམ་དང་། རྫོགས་རིམ་མཚན་བཅས། རྫོགས་རིམ་མཚན་མེད་སོགས་ལམ་གྱི་བགྲོད་ཚུལ་གྱི་དབྱེ་བ་ལས་བྱུང་བ་ཡིན། སྤྱིར་ཡིག་བརྒྱའི་སྙིང་པོ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་སྡིག་སྒྲིབ་སྦྱོང་བ་ལ་སྟོབས་བཞི་ཚང་དགོས་ཤིང་དེའི་ནང་མ་ནུ་པཱ་ལ་ཡ་ཞེས་པའི་ཚིག་ཀྱང་དེ་ཡི་གནད་གཅིག་ཏུ་གུས་པས་འཛིན་དགོས།

༦༽ རྒྱུ་ཆའི་ཁུངས།

[རྩོམ་སྒྲིག]
  1. པཎ་ཆེན་བློ་བཟང་ཆོས་རྒྱན། ཡིག་བརྒྱའི་འགྲེལ་པ།
  2. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  3. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ།
  4. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  5. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ།
  6. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  7. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  8. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  9. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  10. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  11. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ།
  12. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  13. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  14. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེ་ཚིག་འགྲེལ།
  15. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  16. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ།
  17. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  18. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོོ་དོན་ཉུང་ངུ།