Jump to content

པཎ་ཆེན་ཡེ་ཤེས་རྩེ་མོ་

ཡོང་ཁུངས་Wikipedia

ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་བཞི་པ་འདི་ཉིད་རབ་ཆུང་བདུན་པའི་ཆུ་གླང(༡༤༣༣)ལོར་སྲད་ཀྱི་སའི་ཆར་སྐུ་འཁྲུངས། མཁར་ཆེན་བྲག་ནས་རབ་ཏུ་བྱུང་། སྐུ་གཞོན་ནུའི་དུས་ནས་སྔགས་ཀྱི་ཕྱག་ལེན་ལ་མཁས། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་དགེ་འདུན་གྲུབ་དང་། དྲི་མེད་བཤེས་ལཉེན་གྱི་ཞབས་ལ་གཏུགས་ནས་ཟབ་ཆོས་མང་དུ་གསན། ས་སྐྱ་དང་སྣར་ཐང་སོགས་སུ་པོ་ཏི་མང་པོ་གྲྭ་སྐོར་མཛད། པཎ་ཆེན་བཟང་པོ་བཀྲ་ཤིས་ལས་གསང་སྔགས་ཀྱི་དབང་ལུང་སོགས་རྒྱ་ཆེར་གསན། དབུས་སུ་ཕེབས་ཏེ་རྒྱུད་སྡེ་འཛིན་པ་སྦྱིན་པ་དཔལ་བ་དང་ཆོས་རྗེ་བ་སོ་བའི་དྲུང་དུ་གསང་སྔགས་ཀྱི་གདམས་པ་མང་པོ་ཞུས། སླར་གཙང་དུ་ཕེབས་ནས་རྗེ་དགེ་འདུན་གྲུབ་པ་ལས་སྒྲ་དང་སྙན་སྔག་སོགས་གསན། རབ་ཆུང་བརྒྱད་པའི་མེ་ལུག(༡༤༨༧)ལོར་བཀྲས་ལྷུན་དགོན་གྱི་གདན་ཁྲིར་ཕེབས། དགོན་པའི་ཤར་ངོས་ཀྱི་སྐྱིད་ནའི(དེང་སྐབས་སྐྱིད་སྐྱིད་ན་ཁ་ཟེར་བ་དེ་ཡིན)ས་ཆ་རྣམས་སུ་མཚེའུ་དང་། ལྕང་ར་གསར་སྐྲུན་གནང་། གཙུག་ལག་ཁང་མདུན་གྱི་ཆབ་སྒྲོན་ཁང་པ་དང་བཅས་པ་གསར་རྒྱག་མཛད། གདན་ས་ལོ་ཉི་ཤུ་རྩ་བཞི་བསྐྱངས་ཏེ་རབ་ཆུང་དགུ་པའི་ལྕགས་རྟ(༡༥༡༠)ལོར་ཁྲི་ཟུར་དུ་ཕེབས། 《རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ནོར་བུའི་ཕྲེང་བ》དང་། 《བཀའ་གདམས་ཆོས་འབྱུང》སོགས་བརྩམས་པར་མཛད། འདས་ལོ་མ་གསལ།