པ་ཎི་པ་
སངས་རྒྱས་ཤྭཀྱ་མུ་ནེ་སྐུ་མྱ་ངན་ལས་འདས་ནས་རིང་པོར་མ་ཐོན་པ་ན་བྲམ་ཟེའི་ཁྱིའུ་པ་ཎི་ཞེས་ལོ་ན་ཆུང་་དུས་ནས་སྒྲ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུ་བ་དེས《པ་ནི་བྱ་ཀ་ར་ཎ》ཞེས་པ་ཤོ་ལོ་ཀ་ཉིས་སྟོང་ཡོད་པ་ཞིག་བརྩམས། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས《མ་ཧཱ་ག་ཤ་》ཞེས་པའི་འགྲེལ་པ་ཞིག་བརྩམས་པ་དེ་རྩ་འགྲེལ་གཉིས་ཀར་འཆད་ཉན་ཐེངས་རེ་ཚར་བ་ལ་ལོ་གཉིས་ཙམ་འགོར་བར་བཤད། སློབ་དཔོན་ར་མ་ཙྡྲ ་ནས་རྩ་འགྲེལ་གཉིས་ཀ་བསྡུས་པའི་སྙིང་པོའི་རྩ་བ་དང《འགྲེལ་པ་རབ་ཏུ་བྱ་བ་》ཞེས་པ་ཞིག་བརྩམས་པ་དེར་མིང་དང་དབྱངས་གསལ་རྣམ་བཅད་བཅས་མཚམས་སྦྱོར་ལ་ལིའུ་ལྔ། ཕོ་མོ་མ་ནིང་གི་དབྱངས་གསུམ་དང་། ཕོ་མོ་མ་ནིང་གི་གསལ་བྱེད་གསུམ་དང་། མི་ཟད་པ་བུད་མེད་དུ་བརྗོད་པ། བྱེད་ཅན། ཚིག་སྡུད། བུ་བརྒྱུད། དེ་ཕན་དཅས་མིང་ལེའུ་བཅུ་གཉིས། རྣམ་དབྱེའི་འཇུག་པ་རྒྱུ་ཨད་ཧུ་སོགས་ཀུན་བཤད་ཀྱི་ལེའུ་བཅུ་བདུན། བྱེད་ཅན་གྱི་ལེའུ་བཞི་བཅས་ལེའུ་ཉེར་བརྒྱད་ཡོད་པ་བརྩམས། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཡན་ལ་མིང་ཙམ་ལས་བོད་སྐད་མ་འགྱུར་ཞིང་། སྐབས་དེར་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ་སྐུ་མཆེད་གཉིས་བོད་དུ་ཕེབས་སྐབས་ཁོང་རྣམ་གཉིས་ལ་གསེར་ཞོ་བརྒ་ཕྲག་མང་པོའི་སློབ་ཡོན་གནང་སྟེ། འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ལ《སྒྲ་མདོ་པ་ཎི་པ》ཆ་ཚང་་བར་སློབ་དགོས་པའི་བཀའ་སློབ་གནང་བ་ལྟར་ཁོང་གིས་པཎྜི་ཊ་རྣམ་གཉིས་ཀྱི་དྲུང་ནས་སྒྲ་གཞུང་འདི་ཆ་ཚང་བ་སློབ་སྦྱོང་མཛད་པ་དང་ཆབས་ཅིག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར། ལོ་ཙཱ་བ་དེ་ཉིད་དགུང་ལོ་ཉེར་ལྔར་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ས་ཁྱི་(༡༦༥༨)ལོར《སྒྲ་མདོ་པ་ཎི་པའི་འགྲེལ་པ་ནོར་གྱི་ཤིང་རྟ》ཞེས་པ་འདི་བརྩམས་པར་མཛད་པ་ནས་སྒྲ་གཞུང་འདི་དར་སྤེལ་བྱུང་བ་ཡིན། 《དབྱངས་གསལ་》ལ་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་ཀྱི་དགེ་བསྙེན་ཨ་ནུ་ཤུ་ཞེས་བྱ་བ་སྒྲ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེས་ནམ་ཞིག་པནྜི་ཏ་གཞན་དག་དང་རྩོད་གླེང་གནང་སྐབས་རྣམས་ཞེས་པའི་སྐད་དོད་ལ་སྡུམ་སུ་ཞེས་པ་ཞལ་ནས་སྡུམ་ཀྵུ་ཞེས་གསུངས་པ་དེ་ལ་ཁུངས་ལུངས་བསྟན་པའི་ཆེད་དུ། ཁོང་གི་ཡི་དམ་ལྷ་མོ་དབྱངས་ཅན་མས་ཞལ་བསྟན་ནས་སྒྲ་མདོ་འདི་གསུངས་པས་གཞུང་འདིའི་མིང་ལ《དབྱངས་ཅན་སྒྲ་མདོ》ཞེས་བཏགས་པ་ཡིན་ཟེར་སྲོལ་ཡོད། གཞུང་འདི་ལ་རྒྱ་གར་དུ་འགྲེལ་པ་གྲགས་ཆེ་བ་དྲུག་ཡོད། 《འབྲེལ་པ་བི་མ་ལ་ད་ས》ཞེས་པ་རྩོམ་པ་པོའི་སློབ་དཔོན་ལ་བརྟེན་ནས་མིང་དུ་བཏགས་པ་ཞིག་དང་། 《ཀ་མ་རྡེ་ནུ》ཞེས་པ་དེང་སང་པར་ཡོད་པ་གཅིག་ སློབ་དཔོན་གོང་གསལ་གྱིས་མཛད་པའི《གསལ་ལྡན་ཆུ་རྒྱུན》 གཞན་ཡང་ཕྱི་རོལ་པའི་པཎྜི་ཏས་བརྩམས་པའི་འགྲེལ་པ་《པ་རི་དི་པེ་ཀ་སྡེ》ཡོངས་སུ་སྣང་བྱེད་ཅེས་པ་དང་《མ་ཎ་ནི》ཞེས་རྒྱན་དུ་གྱུར་པ་སོགས་རྒྱ་གར་ཡུལ་དབུས་ཀྱི་ཕྱི་ནང་གི་པཎྜི་ཏ་མང་པོས་བརྩམས་པའི་འགྲེལ་པ་ཧ་ཅང་མང་པོ་ཡོད། 《དབྱངས་ཅན་སྒྲ་མདོ》འདི་བོད་ཀྱི་ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་གཞུང་ཕྱེད་ཙམ་བོད་སྐད་དུ་བསྒྱུར་ཞིང་། ཇོ་ནང་ཏཱ་ར་ན་ཐས་གཞུང་འདི་ཉིད་ཀྱི་རྩ་བ་བསྒྱར་ཞིང《མཆོག་ཏུ་གསལ་བ》ཞེས་པའི་འགྲེལ་པ་ཞིག་ཀྱང་མཛད་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བསྐུལ་མ་གནང་བ་ལྟར་རབ་ཆུང་བཅུ་གཅིག་པའི་ཤིང་སྤྲུལ་(༡༦༦༥)ལོར་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས《དབྱངས་ཅན་སྒྲ་ཊི་ཀ་གི་མཆན》ངམ་རིང་མཁན་པོ་ཚགས་སྦུར་པ་སྐལ་བཟང་འཕྲིན་ལས་ཀྱིས་བརྩམས་པའི《དབྱངས་ཅན་སྒྲ་ཊིཀ་གི་མཆན》སོགས་མང་པོ་ཡོད།