Jump to content

ནོངས་པ་

ཡོང་ཁུངས་Wikipedia

ནོངས་པ་ཞེས་པ་ནི་རང་གིས་བྱས་པའི་ཉེས་པའམ་སྡིག་པའི་ལས་ལ་གོ་བ་ཡིན། "སྡིག་པ་བྱས་པ་ལ་རྗེས་སུ་ཡི་རང་བ་གང་བགྱིས་པའི་ནོངས་པ་དེ་ནི་རང་གིས་ནོངས་པར་མཐོང་བར་བགྱིས་ནས་"[]ཞེས་གསུངས། "ནོངས་པ་སྟེ་ཉེས་པ་དེ་ནི་མཐོང་བགྱིས་ནས་"[]ཞེས་ནོངས་པ་དང་ཉེས་པ་དོན་གཅིག་ཏུ་གསུངས།

མཚན་ཉིད།

[རྩོམ་སྒྲིག]

རང་གིས་བྱས་པའི་མི་དགེ་བའི་ལས་གང་ཞིག་ཉེས་པ་དང་ལྡན་པར་མཐོང་བ་ཡིན། "བཤགས་བྱའི་ནོངས་པའམ་ཉེས་པ་དེ་ལ་ནི་རང་གིས་ཉེས་པར་མཐོང་ཞིང་རྟོགས་པར་བགྱིས་ཏེ།"[] ཞེས་གསུངས།

སྒྲ་བཤད།

[རྩོམ་སྒྲིག]

"ནོངས་པ་དེ་ནི་ཞེས་པ་ནི་ལྟུང་བ་སྟེ།"[] ཞེས་དང་། "ལས་མི་དགེ་བ་ཡིན་པའི་ཕྱིར་ནོངས་པ་ཉིད་དེ་ཉེས་པ་ཉིད་དུའོ། །"[]ཞེས་གསུངས།

ནང་དོན།

[རྩོམ་སྒྲིག]

སྡིག་པ་བཤགས་པའི་སྐབས་སུ་གཙོ་བོར་བཤད་ཡོད། "ལས་འབྲས་ལ་རྨོངས་པའི་གཏི་མུག་འཁྲུལ་བས་བདག་ནོན་ཏེ་གཞན་གྱིས་སྡིག་པ་བྱས་པ་ལ་རྗེས་སུ་ཡི་རང་བ་གང་བགྱིས་པའི་ནོངས་པ་དེ་ནི་རང་གིས་ནོངས་པར་མཐོང་བར་བགྱིས་ནས་འགྱོད་བཞིན་དུ་བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས་ཏེ་མི་འཆབ་ཅིག་མི་སྦེད་པའོ། །"[]ཞེས་གསུངས། "གཏི་མུག་འཁྲུལ་པས་བདག་ནོན་ཏེ་གཞན་སྡིག་པ་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ་དགའ་བ་གང་བགྱིས་པའི་ནོངས་པ་སྟེ་ཉེས་པ་དེ་ནི་མཐོང་བགྱིས་ནས་བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས་ཏེ་མི་འཆབ་བོ། །"[]ཞེས་གསུངས།

འགྲེལ་བཤད།

[རྩོམ་སྒྲིག]

རང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱས་པའི་སྡིག་པའམ་ཉེས་པ་ལ་ཟེར། "བདག་གིས་མ་འཚལ་ཞེས་པ་ནི་བདག་ཉིད་གཏི་མུག་ཆེན་པོར་བསྟན་ཏོ། །བགྱིས་པ་ནི་རང་གིས་སྒོ་གསུམ་གྱིས་སོ། །དགྱིད་དུ་བསྩལ་བ་ནི་ངག་དང་ཡིད་ཀྱིས་གཞན་བྱེད་དུ་བཅུག་པའོ། །ཡི་རང་བ་ནི་གཞན་ གྱིས་སྡིག་པ་བྱས་པ་ལ་ཡིད་ཀྱི་དགའ་བར་བྱེད་པའོ། །"[]ཞེས་གསུངས། "གང་དང་གང་བྱས་པའི་ཉེས་པའམ་ནོངས་པ་དེ་ནི་མཐོང་ཞེས་ཉེས་པ་ལ་ཉེས་པར་མཐོང་བར་བགྱིས་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསམ་པ་ཐག་པས་ཏེ་སྙིང་ཐག་པ་ནས་མགོན་པོ་སངས་རྒྱས་སྲས་དང་བཅས་པ་ལ་མཐོལ་ཞིང་བཤགས་ཏེ་སླན་ཆད་ཀྱང་སྡོམ་པར་བགྱིའོ། །"[]ཞེས་གསུངས།

དབྱེ་བ།

[རྩོམ་སྒྲིག]

"བདག་གིས་མ་འཚལ་ཞེས་པ་ནི་བདག་ཉིད་གཏི་མུག་ཆེན་པོར་བསྟན་ཏོ། །བགྱིས་པ་ནི་རང་གིས་སྒོ་གསུམ་གྱིས་སོ། །དགྱིད་དུ་བསྩལ་བ་ནི་ངག་དང་ཡིད་ཀྱིས་གཞན་བྱེད་དུ་བཅུག་པའོ། །ཡི་རང་བ་ནི་གཞན་གྱིས་སྡིག་པ་བྱས་པ་ལ་ཡིད་ཀྱི་དགའ་བར་བྱེད་པའོ། །"[༡༠]ཞེས་སོ།

དབྱེ་བ།

[རྩོམ་སྒྲིག]

བྱེད་སྒོའི་སྒོ་ནས་དབྱེ་ན། གསུམ་སྟེ། རང་གིས་དངོས་སུ་བགྱིས་པའི་ནོངས་པ། གཞན་ལ་བགྱིད་དུ་སྩལ་བའི་ནོངས་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བའི་ནོངས་པ་བཅས་སོ། །"བྱེད་པ་པོ་བདག་གིས་རྒྱུ་སྡིག་པའི་ལས་ཀྱི་ཉེས་དམིགས་མ་འཚལ་ཏེ་མ་ཤེས་ཤིང་ལས་འབྲས་ཀྱི་བླང་དོར་ལ་རྨོངས་པ་དུད་འགྲོ་ལྟར་གྱུར་པའི་དབང་གིས། ངོ་བོ་སྡིག་པ་མི་དགེ་བའི་ཕྱོགས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བས་བསྡུས་པ། རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྦྱོར་བ་རང་གིས་དངོས་སུ་བགྱིས་པའམ་གཞན་དག་ལ་བགྱིད་དུ་སྩལ་བ་སྟེ་བྱེད་དུ་བཅུག་པ་ཉིད་དང་ནི། ལས་དང་ལས་ཀྱི་རྣམ་སྨིན་ལ་རྨོངས་པའི་གཏི་མུག་འཁྲུལ་པས་བདག་རྒྱུད་ནོན་ཏེ་གཞན་གྱིས་སྡིག་པ་བྱས་པ་ལ་དགའ་བས་རྗེས་སུ་ཡི་རང་བ་གང་བགྱིས་པའི་བཤགས་བྱའི་ནོངས་པའམ་ཉེས་པ་དེ་ལ་ནི་རང་གིས་ཉེས་པར་མཐོང་ཞིང་རྟོགས་པར་བགྱིས་ཏེ།"[༡༡] ཞེས་གསུངས། ཡུལ་གྱི་ཁྱད་པར་གྱི་སྒོ་ནས་དབྱེ་ན། སྤྱིར་བཏང་གི་ཡུལ་ལ་བྱས་པའི་ནོངས་པ། ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་དང་ཕ་མ་བླ་མ་སོགས་ལ་བྱས་པའི་ནོངས་པ་གཉིས་སོ། །"ཁྱད་པར་ཉེས་པ་ཆེ་ཤོས་ཡུལ་ཡོན་ཏན་ཅན་གྱི་ཞིང་བདག་གིས་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་ནི་ཕན་འདོགས་པའི་ཞིང་ཕ་དང་མའམ་ཡོན་ཏན་གྱི་ཁུར་དུ་ལྕི་ཞིང་བཀུར་བར་འོས་པའི་ཞིང་མཁན་སློབ་སོགས་བླ་མ་གཞན་དག་ལ་ཀུན་སློང་ཆགས་སྡང་རྨོངས་གསུམ་ལ་སོགས་པའི་ཉོན་མོངས་པའི་སྒོ་ནས་སྦྱོར་བ་ལུས་ཀྱིས་བཅོམ་བརླག་བརྡུང་བརྡེག་སོགས་དང་ངག་གིས་སྐུར་འདེབས་ངན་སྨྲ་སོགས་དང་ཡིད་ཀྱིས་ལོག་ལྟ་ངན་སེམས་སོགས་གནོད་པ་བགྱིས་པ་གང་ལགས་པ་དང༌།"[༡༢] ཞེས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

མདོར་ན་ནོངས་པ་ཞེས་པ་ནི་རང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱས་པའི་སྡིག་པ་དང་ཉེས་པ་ལ་གོ་དགོས་ཤིང་། དེ་ཡང་ཉེས་པ་ལ་ཉེས་པར་མཐོང་ནས་སྙིང་ཐག་པ་ནས་འགྱོད་སེམས་སྐྱེས་ཏེ་བཤགས་པར་བྱེད་པའི་གནས་སྐབས་ཀྱི་ཐ་སྙད་ཅིག་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་ངོས་ ༤༠
  2. ༢ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༣༦-༣༧
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་ངོས་ ༡༡༨
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤོག་ངོས་ ༤༦
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤོག་ངོས་ ༥༥
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་ངོས་ ༤༠
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༣༦-༣༧
  8. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་ངོས་ ༡༥༢
  9. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤོག་ངོས་ ༡༢༦
  10. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་ངོས་ ༡༥༢
  11. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༡༡༨
  12. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༡༢༦