ནེ་ཕྱུང་རི་བཙུན་དགོན་
ནེ་ཕྱུང་རི་ནི། ལྷ་ས་ནས་དོག་བདེ་བརྒྱུད་རྡོ་སྔོན་པོ་བར་སྤྱི་ལེ་བཞི་ལྔ་ཙམ་དང་། དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་འཛེགས་ན་བཙུན་མའི་དགོན་དེར་སླེབས་ཀྱི་རེད། ནེ་ཕྱུང་རི་ནི། སྤྱི་ལོའི་དུས་རབས་བཅུ་གཉིས་ཙམ་དུ་ཞང་གཡུ་བྲག་པའི་སློབ་མ་རབ་འབྱམས་ཆོས་རྗེས་བཏབ། དེའང་རབ་འབྱམས་ཆོས་རྗེས་ཐོག་མར་སེ་རྭ་དགོན་པའི་འགྲམ་དུ་དགོན་གནས་བཏབ་སྟེ་ཚལ་པ་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ། དེ་རྗེས་དུས་རབས་བཅོ་ལྔ་ཙམ་དུ་རྗེ་ཙོང་ཁ་པ་སེ་རྭ་ཆོས་སྡིངས་སུ་བཞུགས་སྐབས་སྒྲུབ་སྡེ་དེའི་བླ་སློབ་རྣམས་ཀྱང་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ཏེ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། དེ་ནས་སློབ་དཔོན་མཁའ་སྤྱོད་དཔལ་མོས་མཛད། མཁའ་སྤྱོད་དཔལ་མོ་ནི། དགུང་ལོ་༡༢ཐོག་བུ་ནས་བུ་མོར་འགྱུར་བ་ཞིག་ཡིན། དེ་ནས་མཁའ་སྤྱོད་དཔལ་མོས་མོ་དགོན་འདི་འདི་ན་མི་ལེགས་པས་གནས་གཞན་ཞིག་ཏུ་སྤོ་དགོས་དགོངས་པ་ལ། ཉིན་ཞིག་ནང་རྟེན་བཀྲམ་པའི་དཀྱིལ་ནས་རབ་འབྱམས་ཆོས་རྗེའི་གཏོར་ཆས་བླུགས་པའི་སྣོད་བྱ་ནེ་ལེ་སྟེ་པིང་ཀྱུར་མ་ཞིག་གིས་འཁྱེར་ཏེ་ད་ལྟའི་དགོན་ཆགས་ཡུལ་དེར་བསྐྱལ་བས་ནེ་ཕྱུང་རི་ཞེས་པའི་མཚན་ཐོགས། ཡང་དགོན་དེའི་གཡས་གཡོན་དུ་བྲག་རི་ཡིན་ཀྱང་དགོན་ཆགས་ཆུལ་དུ་ནེའུ་གསིང་ཆུང་ངུ་ཞིག་ཡོད་པས་ནེའུ་ཆུང་རི་ཞེས་པ། ཡང་གནས་དེར་མི་ཆུང་གི་དབྱིབས་འདྲ་བ་ཞིག་ཡོད་པས་མི་ཆུང་རི་སོགས་གསུང་སྲོལ་སྣ་ཚོགས་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་རྗེ་ཙོང་ཁ་པ། དགོན་དེའི་ཆུ་མིག་ནང་ནས་འཁྲུངས་པའི་རྡོ་ནག་གི་མགོན་པོ་ཕྱག་བཞི་སོགས་བཞུགས་སུ་གསོལ་ཡོད། སྔོན་བཙུན་མ་༡༨༠ཙམ་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པ་ཡིན། ད་ལྟ་སྔོན་གྱི་གྱང་གོག་སྟེང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།
ནེ་ཕྱུང་རི་བཙུན་དགོན་ནི་ཐོག་མར་སེ་ར་དགོན་པ་ཆགས་སའི་འགྲམ་དུ་ཡོད་སྐད། ཐོག་མ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཞང་གཡུ་བྲག་པའི་སློབ་མ་རབ་འབྱམས་ཆོས་རྗེས་སྒྲུབ་སྡེ་བཏབ་ནས་ཚལ་པ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཡིན་ནའང་དུས་རབས་བཅོ་ལྔ་པའི་ནང་རྗེས་ཙོང་ཁ་པ་སེ་ར་ཆོས་ལྡིངས་སུ་བཞུགས་སྐབས་སྒྲུབ་སྡེ་དེའི་བླ་སློབ་ཡོངས་ནས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས། དེ་རྗེས་གུང་རུ་རྒྱལ་མཚན་བཟང་པོས་སེ་རའི་ཁྲི་པ་མཛད་སྐབས་ས་བཙུན་མ་ཕལ་ཆེ་བས་གྲུབ་མཐའ་དགེ་ལུགས་འཛིན་ཅིང། སེ་ར་སྤོ་བོ་ཁང་ཚན་དང། གུང་རུ་ཁང་ཚན། ནེ་ཕྱུང་རི་བཅས་ནི་སྟོད་པ་མཁན་པོས་ཞལ་བདག་གནང། དེ་དུས་བཙུན་མའི་སློབ་དཔོན་མཁའ་སྤྱོད་དཔལ་མོས་གྲྭ་བཙུན་མཉམ་དུ་བསྡད་ན་མི་ལེགས་པས་བཙུན་དགོན་དེ་ད་ལྟའི་དགོན་པ་ཆགས་སར་སྤོས་སྐད། བཙུན་དགོན་དེར་ནེའུ་ཆུང་རི་དང། མི་ཆུང་རི་། ནེ་ཕྱུང་རི་སོགས་འབོད་ཅིང། ནེ་ཆུང་རི་ཞེས་པ་ནི་རི་དེ་བྲག་རི་ཡིན་རུང་དགོན་པ་ཆགས་ས་དེར་ནེའུ་སིང་ཆུང་ཆུང་ཞིག་ཡོད་པས་ཡིན་ཟེར། མི་ཆུང་རི་ཟེར་དོན་ནི་རི་ངོས་སུ་མི་ཆུང་ཆུང་ཞིག་བསྡད་པ་འདྲ་བའི་རི་མོ་ཡོད་པས་ཡིན་སྐད། ནེ་ཕྱུང་རི་ཞེས་པ་ནི་མཁའ་སྤྱོད་དཔལ་མོས་བཙུན་དགོན་སྤོ་སའི་ས་བརྟག་མཛད་སྐབས་བྱ་ནེ་ལེ་ཞིག་གིས་ནང་རྟེན་བཀྲམ་པའི་དཀྱིལ་ནས་རབ་འབྱམས་ཆོས་རྗེའི་གཏོར་ཆས་བླུག་པའི་སྣོད་དེ་ཕྱུང་(མང་པོའི་ནང་ནས་བཏོན་པའི་དོན་)ནས་ད་ལྟའི་དགོན་པ་ཆགས་ས་དེར་བསྐྱུར་བས་ནེ་ཕྱུང་རི་ཡིན་ཞེས་བརྗོད་སྲོལ་ཡོད།