Jump to content

ནཱ་རོ་པ།

ཡོང་ཁུངས་Wikipedia

ནཱ་རོ་པ་ནི་དུས་རབས་བཅུ་གཅིག་པའི་སྐབས་སུ་བྱུང་བའི་རྒྱ་གར་གྱི་གྲུབ་ཆེན་ཞིག་ཡིན་ཞིང༌། རྗེ་བཙུན་ཏཻ་ལོ་པའི་དངོས་སློབ། བོད་ཀྱི་བཀའ་བརྒྱུད་པའི་སྲོལ་འབྱེད་མར་པ་ལོ་ཙཱ་ཡི་བླ་མ་གཙོ་བོ་ཡིན་པ་དང༌། ཁོང་གིས་མར་པ་ལོ་ཙཱ་ལ་བདེ་མཆོག་གི་དབང་དང་ནཱ་རོ་ཆོས་དྲུག་སོགས་ཀྱི་གདམས་པ་གནང་ནས་བོད་དུ་བརྒྱུད་པ་སྤེལ་གནང་མཛད།

སྐུ་འཁྲུངས་ཡུལ་དང་ཡབ་ཡུམ།

[རྩོམ་སྒྲིག]

ཁོང་གི་སྐུ་འཁྲུངས་ཡུལ་ནི་ཤར་ཕྱོགས་བྷ་ག་ལའི་ས་ཁུལ་ཏེ། **ཤྲཱི་ནཱ་ག་ད་**ཡི་གྲོང་ཁྱེར་ཛམྦུ་ཞེས་བྱ་བར་ཡིན་ནོ། ། ཡབ། ས་སྐྱོང་རྒྱལ་པོ་དགེ་བའི་གོ་ཆ། ཡུམ། བྲམ་ཟེ་མོ་དཔལ་གྱི་བློ་གྲོས། འཁྲུངས་དུས། སྟག་ལོའི་སྟག་གི་ཟླ་བ་ཚེས་བཅོ་ལྔ་སྐར་མ་རྒྱལ་གྱི་ཉིན་པར། མཚན། བྲམ་ཟེ་མཚན་མཁན་གྱིས་ལུང་བསྟན་དུ། འདི་ནི་ཟས་གཙང་སྲས་བཞིན་དུ། །མ་བྱུང་མི་ཡི་བདག་པོར་འགྱུར། །བྱུང་ན་སངས་རྒྱས་སྲས་པོར་འགྱུར། །ཞེས་གསུངས་ཏེ་**ཀུན་ཏུ་བཟང་པོ་**ཞེས་གསོལ།

མཚན་དང་ཆོས་སྒོར་ཞུགས་ཚུལ།

[རྩོམ་སྒྲིག]

ཁོང་ནི་ཆུང་དུས་ནས་འཁོར་བ་ལ་སྙིང་པོ་མེད་པར་དགོངས་པས་ཡབ་ཡུམ་གྱི་བཀའ་ལས་བཤོལ་ཏེ། དགེ་བསྙེན་གྱི་སྡོམ་པ། ཁ་ཆེའི་གྲོང་ཁྱེར་པུརྞར་བྱོན་ཏེ་བྲམ་ཟེའི་གནས་བརྟན་**ནམ་མཁའ་**ལས་བླངས་ཤིང་མཚན་**ནམ་མཁའི་སྙིང་པོ་**ཞེས་གསོལ། དེ་ནས་མངོན་པ་སོགས་རིག་གནས་ལ་སློབ་སྦྱོང་མཛད། ཁྱིམ་སྤངས། རྗེས་སུ་ཡབ་ཀྱི་བཀའ་བཞིན་ཁྱིམ་པར་བཞུགས་ཏེ་བཙུན་མོ་**དྲི་མེད་མ་**དང་ལྷན་དུ་རྒྱལ་སྲིད་བསྐྱངས། འོན་ཀྱང་རྗེས་སུ་འཁོར་བ་སྙིང་པོ་མེད་པར་དགོངས་ནས་བཙུན་མོ་དྲི་མེད་མས་ཐབས་མཁས་ཀྱི་སྒོ་ནས་གེགས་མི་བྱེད་པར་གྲོས་འཆམས་ཏེ་ཁྱིམ་སྤངས། རབ་ཏུ་བྱུང་བ། གནས་གཞི་དགའ་ཚལ་དུ་བྱོན་ནས་མཁན་པོ་**སངས་རྒྱས་སྐྱབས་**དང་སློབ་དཔོན་**ཡེ་ཤེས་འོད་གསལ་**ལས་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་མཚན་**སངས་རྒྱས་ཡེ་ཤེས་**སུ་བཏགས། དགེ་སློང་གི་སྡོམ་པ། ཡང་མཁན་སློབ་གཞན་ལས་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བླངས་ཏེ་མཚན་**ཆོས་ཀྱི་རྒྱལ་མཚན་**ཞེས་གསོལ།

པཎྜི་ཏ་མཛད་པ།

[རྩོམ་སྒྲིག]

ཁོང་གིས་མཁན་སློབ་ལས་ཐོས་བསམ་མཐར་ཕྱིན་པ་མཛད་དེ། རྒྱ་གར་གྱི་གནས་ཆེན་ཁག་ཏུ་བསྟན་པའི་ཞབས་འདེགས་མཛད་པ་ནི།

    • བི་ཀཱ་མ་ལ་ཤཱི་ལ་**དང་**ནཱ་ལེནྡྲ་**རུ་བྱོན་ནས་འཆད་ཉན་གྱིས་བསྟན་པ་སྤེལ།

ནཱ་ལེནྡྲའི་བྱང་སྒོ་སྲུང་བ། ནཱ་ལེནྡྲའི་བྱང་སྒོ་སྲུང་བའི་པཎྜི་ཏར་བསྐོས་ཏེ་མུ་སྟེགས་ཀྱི་སྟོན་པ་མང་པོ་དང་རྩོད་པ་བྱས་པས་རྒྱལ་ཏེ་ཕྱི་པ་རྣམས་ནང་པའི་བསྟན་པར་བཅུག མཚན་སྙན། ཕྱི་ནང་གི་རྒོལ་བ་གང་ལ་ཡང་འཇིགས་པ་མེད་པས་མཚན་དུ་**དཔལ་ལྡན་འཇིགས་མེད་གྲགས་པ་**ཞེས་གྲགས།

བླ་མ་དང་མཇལ་ཚུལ།

[རྩོམ་སྒྲིག]

ནཱ་རོ་པ་ཆོས་སྤྱོད་ཀྱི་རིམ་པ་ལ་བརྩོན་པའི་སྐབས་སུ། མདུན་དུ་**བུད་མེད་རྒན་མོ་མི་སྡུག་པ་**ཞིག་བྱུང་ནས་ཁོང་ལ་དྲི་བ་གཏོང་བ་སྟེ། གསུང་རབ་ཀྱི་དོན་ཤེས་སམ་ཚིག་ཤེས། ཞེས་འདྲི་བར་ཁོང་གིས་དང་པོ་དོན་ཤེས་བྱས་པས་མོ་ངུ། རྗེས་སུ་ཚིག་ཤེས་བྱས་པས་མོ་དགའ་ཞིང་དགོད་པར་གྱུར། དེས་ཁོང་གི་དོན་མ་ཤེས་པའི་སྒྲིབ་པ་བསལ། དེ་ནས་བུད་མེད་དེས་དོན་ཤེས་པ་ནི་རང་གི་མིང་པོ་ཡོད་པ་ལུང་བསྟན་ནས་མི་སྣང་བར་གྱུར། བླ་མ་འཚོལ་བ། དེ་ནས་ཁོང་ཐུགས་སྐྱོ་བས་ཆོས་བརྒྱད་ཀྱི་དྲི་མས་མ་སྦགས་པའི་མན་ངག་དོན་ཤེས་པའི་བླ་མ་ཞིག་འཚོལ་བར་དགོངས་ནས་ནཱ་ལེནྡྲ་བཞག དགྱེས་རྡོར་ལ་བརྟེན་ནས་གསོལ་བ་བཏབ་པས་ནམ་མཁའ་ནས། **ཤར་ཕྱོགས་ངོས་སུ་ཏཻ་ལོ་པ་**ཞེས། བླ་མ་སངས་རྒྱས་ཡོད་ཅེས་ལུང་བསྟན། ཐུགས་ཐག་ཆོད་པ། ཕྱོགས་ཐམས་ཅད་དུ་ལོ་མང་དུ་བཙལ་ཡང་མ་རྙེད་པས་ཡི་ཐང་ཆད་དེ་ལུས་འདི་གེགས་བྱེད་པས་དོར་སྙམ་ནས་སྤུ་གྲི་ཕྱར་བའི་སྐབས་སུ། ཏཻ་ལོ་པ་ཉིད་མདུན་གྱི་ནམ་མཁར་**ཨ་ཙ་ར་ནག་པོ་གཟི་མདངས་ཅན་**དུ་ཝལ་གྱིས་མཐོང་། ཏཻ་ལོ་པས་དཀའ་བ་དྲག་པོས་སྒྲིབ་པ་དག་པས་ད་ལྟ་མཐོང་ཞིང་གདམས་ངག་གི་སྣོད་དུ་གྱུར་པ་ཡིན་པར་གསུངས་སོ། །

དཀའ་སྤྱད་དང་གདམས་ངག་ཐོབ་པ།

[རྩོམ་སྒྲིག]

ནཱ་རོ་པས་ཏཻ་ལོ་པའི་དྲུང་ནས་ལོ་བཅུ་གཉིས་ཀྱི་རིང་ལ་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་པས་དབང་དང་གདམས་ངག་མཐར་ཕྱིན་པ་ཐོབ།

བརྡ་ཆོས་བཅུ་གཉིས།

[རྩོམ་སྒྲིག]

དང་པོ་དབང་བསྐུར་ཞུ་སྐབས་སུ། ཏཻ་ལོ་པས་བརྡ་མཚོན་གྱི་ཆོས་བཅུ་གཉིས་བསྟན་པ་ནི། (བརྡ་འདི་དག་གི་དོན་ནཱ་རོ་པས་རང་སྟོབས་ཀྱིས་བཀྲལ་ཐུབ་པས་བརྡ་ཤེས་སྐྱེས་བུ་ཞེས་བསྔགས།) རས་ཡུག་མེ་སྟག་གིས་བསྲེག་པ། (ཉོན་མོངས་སྲེག་པ།) ཤེལ་གོང་བསྟན་པ། (རྒྱུད་དག་པ།) རྒྱ་མདུད་བཀྲོལ་བ། (ཆོས་བརྒྱད་ཀྱི་རྒྱ་མདུད་གྲོལ་བ།) ནོར་བུ་བསྟན་པ། (བླ་མ་ལ་དད་གུས་བྱེད་པ།) ཐལ་མོ་སྦྱར་བ། (མེད་པ།) ཆུ་ཕོར་གང་འཐུང་བཅུག་པ། (གདམས་ངག་དྲི་མེད་འཐུང་བ།) ཆོས་འབྱུང་བསྟན་པ། (སྐྱེ་བ་མེད་པ།) ཆུ་སྣོད་མང་པོ་གཅིག་ཏུ་བླུག་པ། (ཆོས་རྣམས་རོ་གཅིག་ཡིན།) ཐིག་ལེ་དམར་པོ་བྱུང་བ། (ཆོས་སྐུ་ཐིག་ལེ་རང་ལ་གནས།) མེ་ལོང་བཟུང་བ། (རང་ངོ་སྤྲོད་པ།) ལྐུགས་པའི་ཚུལ་དུ་མཛད་པ། (བརྗོད་མེད་ཀྱི་དོན་རྒྱ་ཆེར་བཤད།) ཤིང་ཐོག་རློན་པ་གནང་བ། (བདག་གཞན་དོན་གཉིས་འགྲུབ་པ།)

དཀའ་བ་ཆེན་པོ་བཅུ་གཉིས།

[རྩོམ་སྒྲིག]

དེ་ནས་**གྲོལ་ལམ་**བསྟན་པའི་ཆེད་དུ་དཀའ་བ་བཅུ་གཉིས་བསྟན་པ་སྟེ། ཨོན་ཏན་ཏའི་གཙུག་ལག་རིམ་བཅུ་གསུམ་པ་ནས་མཆོང་བ། (བླ་མའི་བཀའ་བསྒྲུབ་མོས་གུས་ཀྱི་བརྡ།) མེ་སྦོར་བའི་ནང་དུ་མཆོང་བ། (སྣོད་བཅུད་ལྷ་ལྷ་མོར་ཤར་བའི་བརྡ།) ཆུ་ཧུར་འབབས་པའི་སྟེང་ཟམ་པ་བྱེད་པ། (དམ་ཚིག་གི་སྐྱོན་མེད་པར་བསྲུང་དགོས་པའི་བརྡ།) མེ་དང་སྨྱུག་མ་སོ་བཏོན་མར་ནག་གིས་ལུས་ལ་ཕུག་པ། (གཏུམ་མོ་ཐབས་ལམ་གྱི་བདེ་སྟོང་ལྷན་སྐྱེས་ཀྱི་བརྡ།) སྤྲང་བྱས་ཏེ་ཟས་ཀྱི་ཆེད་དུ་བརྡུངས་པ། (སྒྱུ་ལུས་ཀྱི་གདམས་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གོ་བའི་བརྡ།) ན་ནིང་བརྡུངས་པའི་མི་དེ་རྗེས་འདེད་པ། (རྨི་ལམ་གྱི་གདམས་པ་སྟེ། འདི་སྣང་རྨི་ལམ་དུ་ཤར་བའི་བརྡ།) བག་མ་གཅིག་གི་ནུ་མ་མཉེས་པས་བརྡུངས་པ། (འོད་གསལ་གྱི་སྐོར་སྟེ། ཉིན་མཚན་དབྱེར་མེད་ཀྱི་བརྡ།) རྒྱལ་པོའི་བཙུན་མོ་ཁྲི་ལས་ཕོབ་པ། (འཕོ་བའི་གདམས་པ་སྟེ། སངས་རྒྱས་སར་ཉིང་མཚམས་སྦྱོར་བའི་བརྡ།) རྒྱལ་བུ་ཁྲི་ཁ་ནས་ཕོབ་པ། (གྲོང་འཇུག་གི་གདམས་པ་སྟེ། འཕོ་དང་ལྷུམ་ཞུགས་ཀྱི་བརྡ།) ཕྱག་རྒྱ་མ་བརྟེན་ནས་ལུས་རིད་པར་གྱུར་ཏེ་སྨྱུག་ཐུར་གྱིས་བརྡུངས་པ། (འོག་སྒོའི་གདམས་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའི་བརྡ།) ཤེས་རབ་མ་ཕུལ་བ། (ཕྱག་རྒྱ་ཆེན་པོའི་གདམས་ངག་སྟེ། རིག་མ་ལ་བརྟེན་པའི་ལྷན་སྐྱེས་དེ་ཉིད་ངོ་སྤྲད་པའི་བརྡ།) ལུས་ཀྱི་མཎྜལ་ཕུལ་བ། (བར་དོའི་གདམས་ངག་སྟེ། རྩ་གནས་རྣམས་ཕུག་ནས་མཎྜལ་བྱས་པ།)

རྟོགས་པ་མཐར་ཕྱིན་པ།

[རྩོམ་སྒྲིག]

དཀའ་བ་སྤྱད་པའི་མཐའ་རུ་ཏཻ་ལོ་པས་མཆིལ་ལྷམ་རྒོག་པོ་ཞིག་གིས་ནཱ་རོ་པའི་དཔྲལ་བར་བརྒྱབ་པས་ཁོང་བརྒྱལ་ནས་སོང༌། བརྒྱལ་སངས་པ་དང༌། གཉུག་མ་ལྷན་ཅིག་སྐྱེས་པའི་ངང་ལས་མ་གཡོས་བཞིན་དུ། མདོ་རྒྱུད་ཀྱི་ཆོས་ཐམས་ཅད་ཐུགས་ལ་བཀྲ་ལམ་མེར་ཤར་བར་གྱུར། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད། ཏཻ་ལོ་པས་གསུངས་པ། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གི་རང་ཉིད་མཚོན་ཏེ་ཤེས་པར་བྱོས། ཐུགས་ཐག་ཆོད་པ། ནཱ་རོ་པས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །སྤྲོས་བྲལ་བརྗོད་མེད་སྒྲིབ་བྲལ་སེམས་ཀྱི་ནི། །ངོ་བོ་ལྷན་ཅིག་སྐྱེས་པ་མཐོང་བ་སྟེ། །**ད་ནི་སུ་ལའང་དྲི་བ་མི་བྱའོ། །**ཞེས་གསུངས་ནས་ཐུགས་ཐག་ཆོད་པར་གྱུར།

འཕྲིན་ལས་དང་བརྒྱུད་འཛིན།

[རྩོམ་སྒྲིག]

དེ་ནས་ཏཻ་ལོ་པའི་བཀའ་བཞིན་ཁོང་གིས་སྤྱོད་པ་སྣ་ཚོགས་མཛད་ཅིང་འགྲོ་དོན་རྒྱ་ཆེར་སྤེལ་བ་དང་། བརྒྱུད་འཛིན་གྱི་སློབ་མ་མང་པོ་བསྐྱེད་པར་མཛད།

སློབ་མའི་ཚོགས།

[རྩོམ་སྒྲིག]

བུ་ཆེན་དམ་པ་བདུན། མངའ་བདག་ཆེན་པོ་མཻ་ཏྲི་པ། དཔལ་ཞི་བ་བཟང་པོ། ཇོ་བོ་བླ་མ་འབིར་བ་པ། མཁས་པ་ཆེན་པོ་ཤནྟི་པ། བལ་པོ་སྤྱི་ཐེར་བ། དགེ་ཚུལ་ཤེས་རབ་སེང་གེ། ཁ་ཆེ་ཨ་དཀར་སིདྡྷི། གཞན་ཡང་། རཀྵི་ཏ་ཆེན་པོ་བཞི་དང༌། གྲུབ་ཐོབ་བརྒྱ་རྩ་བརྒྱད། བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་པ་ལྔ་བཅུ་རྩ་བཞི། མཚན་ལྡན་གྱི་རྣལ་འབྱོར་མ་སྟོང་དང་ཆིག་བརྒྱ་ལྷག་སྨིན་གྲོལ་གྱི་ལམ་ལ་བཀོད། བརྒྱུད་འཛིན་གཙོ་བོ། ཁྱད་པར་དུ་**བོད་ཀྱི་སྐྱེས་མཆོག་མར་པ་ཆོས་ཀྱི་བློ་གྲོས་**ནི་བརྒྱུད་འཛིན་དམ་པར་ལུང་བསྟན་པའོ། །

སྐུ་མཛད་མཐའ་འཇུག

[རྩོམ་སྒྲིག]

ནཱ་རོ་པ་ཆེན་པོ་དེ་ཉིད་ཀྱིས་རྒྱ་གར་ཕྱོགས་བཞིར་འགྲོ་དོན་མཛད་རྗེས། **བདེ་མཆོག་གི་རྒྱུད་**ལས་ལུང་བསྟན་དུ། ནཱ་རོ་པ་ནི་མྱ་ངན་མི་འདའ་བར་**སྤྲུལ་སྐུའི་འགྲོ་དོན་མཛད་**པར་གསུངས་པ་ལྟར། མཐར་སོ་སོའི་སྐྱེ་བོའི་ངོར་མཁའ་འགྲོ་མ་རྣམས་ཀྱིས་འདོ་ལིའི་ཁར་**ཨོ་རྒྱན་གྱི་ཡུལ་**དུ་དངོས་སུ་གདན་དྲངས་ནས་ད་ལྟའི་བར་དུ་འགྲོ་བའི་དོན་མཛད་བཞིན་པར་གྲགས་སོ། །