Jump to content

ནཱ་རོ་གཉིས་པ་

ཡོང་ཁུངས་Wikipedia
འབྲི་གུང་གདན་རབས་ཉེར་གཅིག་པ་ནཱ་རོ་གཉིས་པ་བཀྲ་ཤིས་ཕུན་ཚོགས་གྲགས་པ་རྒྱན་མཚན་ནི་ཡབ་གདན་རབས་ཉི་ཤུ་པ་ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་དང་ཡུམ་གཡང་ཁུག་མའི་གསས་སུ་ཤིང་ཁྱི་ལོ་གཞུ་སྨད་སྤྲོ་ལུང་དུ་སྐུ་བལྟམས། སློབ་དཔོན་དཀོན་མཆོག་བཟང་པོ་སོགས་ལས་ཡི་གེ་དང་གསུང་རབ་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་གནང་། རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་པའི་སྤྲུལ་པར་གྲགས། ཡབ་ནས་འབྲི་གུང་གི་ཟབ་ཆོས་ཁག་སོགས་ཆོས་མང་པོ་གསན། གཞན་ཡང་བླ་མ་དུ་མ་བསྟེན་ནས་གསར་རྙིང་གི་ཆོས་མང་པོ་གསན་བསམ་མཛད། སྒམ་པོ་མངྒའི་མཚན་དྲུང་ནས་རབ་ཏུ་བྱུང་། མཚན་བཀྲ་ཤིས་ཕུན་ཚོགས་གྲགས་པ་རྒྱལ་མཚན་དུ་གསོལ། དགུང་ལོ་བརྒྱད་ནས་བཅུ་དྲུག་བར་ཐེལ་བྱང་ཆུབ་གླིང་རིན་པོ་ཆེར་སྤྲོས་བཅས་སྤྲོས་མེད་རིམ་གཉིས་ཉམས་བཞེས་ཀྱི་རྩལ་འདོན་པར་མཛད། བསམ་ཡས་དང་སྟག་ལུང་སོགས་སུ་ཕེབས་ནས་ཆོས་འཁོར་བསྐོར། ཕག་མོ་བའི་དམག་དང་ཆོས་རྗེ་བར་ལེ་བའི་མཐུ་བྱུང་ཡང་ཕྱིར་བཟློག་གདུང་བརྒྱུད་སྤེལ་བར་སྲས་བསྟན་པའི་ནོར་བུ་འཁྲུངས། སྟག་གདོང་རྩེར་གཟིམ་ཁང་ལྕང་ལོ་ཅན་བསྐྲུན། ཡབ་གཤེགས་པའི་དངུལ་གདུང་བཞེངས། མི་རིང་བར་སོག་པོ་ཨ་དན་པཱ་ཐུར་གྱི་ཧོར་སྟོད་པ་དང་བསྡོངས་ནས་བོད་ཡུལ་

ཕལ་ཆེར་དབང་དུ་བསྡུ་བར་བརྩམ་སྟེ་ཀླུང་ཤོད་བརྒྱུད་རྫོང་གི་ཁད་ཉིད་སླེབས་ཀྱང་ཧོར་དཔོན་ཀརྨ་གཡུལ་རྒྱལ་སོགས་འབྲི་གུང་དམག་དང་རྗེ་ཉིད་ཀྱིས་མངོན་སྤྱོད་མཛད་པས་བཟློག ཆུ་བྱི་ལོ་གཞུ་རྟ་འུར་གསང་སྔགས་མཆོག་སྒྲུབ་གླིང་གི་སྒྲུབ་སྡེ་བཏབ། བྱང་ཧོར་བརྒྱུད་ཁམས་སུ་ཕེབས་པས་འགྲོ་དོན་ཆེ་བ་བྱུང་། གདན་སའི་ཁུར་རྗེ་དཀོན་མཆོག་རིན་ཆེན་ལ་ཕུལ་ཏེ་ཀུན་སྤངས་ཀྱིས་གཏེར་སྒྲོམ་དང་། སྤྲོ་ལུང་སོགས་སུ་བཞུགས། སྐབས་ཤིག་མི་ངན་འགའ་ཞིག་དང་རིགས་སྲས་བསྟན་པའི་ནོར་བུ་དང་དཔོན་ས(ལྕམ་)ཕུན་ཚོགས་རྣམ་གཉིས་ཀྱི་མཛད་སྤྱོད་ཀྱིས་ཞལ་ངོ་ནང་ཞིག་བྱུང་བར་ཞྭ་དམར་དྲུག་པ་སོགས་ཀྱི་ལེགས་སྤེལ་མཛད་ཀྱང་དོན་སྨིན་མ་བྱུང་། དུས་དེར་སྐྱིད་ཤོད་སྡེ་པ་ཨ་དཔལ་གྱིས་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་སོག་པོར་བརྔན་ནས་སོག་དམག་བོད་ལྷགས་ཀྱིས་རྗེ་འདི་བྱང་དུ་གདན་དྲངས་པར་སོག་ཡུལ་དུ་བྱོན་ནས་བཞུགས་རྗེས་དགུང་གྲངས་ལྔ་བཅུ་ང་ལྔའི་སྟེང་ཞི་བར་གཤེགས།