ནང་སོ་དར་རྒྱས་
བྱང་ངོས་ནང་སོ་དར་རྒྱས་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བླ་སྨན་གནང་བ་དང། ལྷ་དབང་ལྕོག(ཤར་ཆེན་ལྕོག་)ཏུ་གསོ་རིག་སློབ་གྲྭ་གསར་འཛུགས་མཛད་སྐབས་སློབ་དཔོན་གྱི་ཐུགས་འགན་བཞེས། ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་བྱང་ངོས་ནང་སོ་དར་རྒྱས་ནས་གསོ་རིག་གི་བཤད་པ་དང་ས་བཅད་སོགས་གསན་བཞེས་གནང། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་(༡༦༦༢)ལོར་རྒྱད་བཞི་གྲ་ཐང་སོར་བཞག་གིས་པར་བརྐོ་མཛད་སྐབས་ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་པར་བྱང་གནང་བའི་ནང་“སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས།། རིག་པའི་ཡི་ཤེས་མི་ཡི་གཟུགས་བསྒྱུར་པ།། སྲོག་འཚོའི་མཆོད་སྤྲིན་འགྱེད་མཁས་བྱང་ངོས་ལ།། གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས་”ཞེས་སོགས་གསུངས་ཤིང། བྱང་ངོས་ནང་སོ་དར་རྒྱས་ཀྱིས་གསོ་རིག་སྤེལ་བའི་བྱ་བ་མང་དུ་མཛད་མཐར་མེ་སྦྲུལ་(༡༦༧༧)ལོ་ཟླ་བ་བཅུ་གཅིག་པའི་ནང་སྐུ་གཤེགས་ཤིང་སྐུ་ན་སྨིན་པོ་བཞུགས་ཡོད་ཀྱང་འཁྲུངས་ལོ་མ་གསལ་སྟབས་དགུང་གྲངས་གསལ་བར་མ་ངེས།