ནང་བའི་དུས་ཆེན་བཞི

ཡོང་ཁུངས་Wikipedia

ནང་པའི་དུས་ཆེན་བཞི་ནི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱི་མཛད་ཆེན་བཞི་ཡིན་ལ། དེ་བཞི་ནི་ཟླ་དང་པོ་ཆོ་འཕྲུལ་དུས་ཆེན་དང་། བཞི་པ་ས་ག་ཟླ་བ། དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན། དགུ་པ་ལྷ་བབས་དུས་ཆེན་བཅས་སོ།།

ཆོ་འཕྲུལ་དུས་ཆེན།[རྩོམ་སྒྲིག]

ཆོ་འཕྲུལ་དུས་ཆེན་ནི། སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ཀྱིས་མཉན་ཡོད་དུ་རྫོགས་བྱེད་ལ་སོགས་པ་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་ཆོ་འཕྲུལ་གྱི་མཛད་པ་ཡང་དག་པར་བསྟན་པ་ལས་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་འདིར་ཡང་ཆོ་འཕྲུལ་གྱི་མཆོད་པའི་སྲོལ་རྒྱ་ཆེར་དར། འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་རབ་བྱུང་དགུ་བའི་ས་གླང་གི་ལོར(1409)ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ལ་འགྲན་པར་ནུས་པའི་མཆོད་པའི་རྣམ་གྲངས་མཐས་ཡས་པ་དང་། དགེ་འདུན་ཁྲི་ར་ཅན་འཚོགས་པས་ལྷ་སའི་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་གྱི་མཛད་པ་ནི་རྒྱལ་བ་རང་ཉིད་ཀྱིས་མདོ་ལས་ལུང་བསྟན་པའི་མཛད་པ་ཁྱད་པར་ཅན་ཡིན་ནོ།།

ས་ག་ཟླ་བ།[རྩོམ་སྒྲིག]

བོད་ཟླ་བཞི་བ་ནས་ས་ག་ཟླ་བ་ཞེས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་བོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ་ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས15ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་གཅིག་དང་། ཤིང་རྟ་ས་ཟླ་ཡར་ཚེས15ཡི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་བ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས། ལྕགས་འབྲུག་ས་ག་ཟླ་བའི་ཚེས15ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་སཱ་ལའི་ཚལ་གྱི་དབུས་ཐ་མ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲོད་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ་ཞེས་གསུང་གི་ཐ་མ་བསྩལ་ནས་ཟག་མེད་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱི་དུས་ཆེན་ཁྱད་པར་བ་ཞིག་ཡིན་ནོ།།

ཆོས་འཁོར་དུས་ཆེན།[རྩོམ་སྒྲིག]

བོད་ཟླ6པའི4ཉིན་ཆོས་འཁོར་བསྐོར་བའི་དུས་ཆེན་ཡིན། དེ་ནི་སྔོན་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་ཉིན་ཞེ་དགུ་སོང་བ་ན་ཡུལ་ཝ་ར་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཀུན་ཤེས་ཀོོའུ་ཌི་ནྱ་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་འཁོར་ལྔ་སྡེ་བཟང་བོར་བཀའ་དང་བོ་བདེན་བཞིའི་ཆོས་འཁོར་སྐོར་བའོ།།

ལྷ་བབས་དུས་ཆེན།[རྩོམ་སྒྲིག]

བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ལྷ་བབས་དུས་ཆེན་ཞེས་སྔོན་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པར་ཆོས་གསུང་ཕྱིར་སྟོན་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷ་རྣམས་ལ་ཆོས་གསུངས་ཤིང་དབྱར་ཞལ་བཞེས་ཀྱིས་བཞུགས་པར་རྒྱལ་བོ་གསལ་རྒྱལ་གྱིས་སྟོན་པ་དྲན་དྲག་ནས་མོའུ་འགལ་བུ་རྒྱུད་སྟོན་པ་མི་ཡུལ་དུ་བྱོན་པར་གསོལ་བ་ན་སྟོན་པ་ལྷ་མིའི་འཁོར་དང་བཅས་ཏེ་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས་འཕགས་ཡུལ་གསལ་ལྡན་དུ་བབས་པར་མཛད་པའི་དུས་ཆེན་ཡིན་པའོ།།