Jump to content

ནང་ཆོས་ཀྱི་རྩ་བ་སྐྱབས་འགྲོ་བཤད་པ་

ཡོང་ཁུངས་Wikipedia

ནང་ཆོས་ཁས་བླང་ན་སྐྱབས་འགྲོ་ཁས་ལོངས་དགོས། སྐྱབས་འགྲོ་ཁས་བླང་ན་སྐྱབས་འགྲོའི་བསླབ་བྱ་ཁས་ལོངས་དགོས་པ་ཡིན། སྐྱབས་འགྲོའི་བསླབ་བྱ་ལ་གསུམ་སྟེ། སྤང་བྱ། བསྒྲུབ་བྱ། ཆ་མཐུན་བཅས་གསུམ་ལས། དང་པོ་སྤང་བྱ་ནི། ༡ སངས་རྒྱས་ལ་སྐྱབས་སུ་ཕྱིན་ནས་སྤོངས་དགོས་པ་ནི་འཁོར་བའི་ལྷ་ལ་ཕྱག་མི་འཚལ་བ། དེ་བཞིན་ཡུལ་ལྷ་གཞི་བདག ལྷ་འདྲེ་མཐུ་བོ་ཆེ་རྣམས་ལ་སྐྱབས་གནས་སུ་གཟུང་མི་ཆོག་པ་སྟེ། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡི་སུ་ཞིག་སྐྱོབ་པར་ནུས། །༢ཆོས་ལ་སྐྱབས་སུ་ཕྱིན་ནས་སྤོངས་དགོས་པ་ནི་སེམས་ཡོད་ཚད་ལ་གནོད་འཚེ་མི་བྱ་བ།༣དགེ་འདུན་ལ་སྐྱབས་སུ་ཕྱིན་ནས་སྤོངས་དགོས་པ་ནི་རང་གི་བླ་མ་དང་ཆོས་ལ་སྨོད་པ་དང་གསང་སྔགས་ཟབ་མོའི་ཆོས་ལ་སྐུར་བ་འདེབས་པ་ལ་སོགས་མུ་སྟེགས་པ་དང་འདྲ་བ་ལ་གྲོགས་མི་བྱ་བ་བཅས་སོ། གཉིས་པ་བསྒྲུབ་བྱ་ནི། ༡སངས་རྒྱས་ལ་སྐྱབས་སུ་ཕྱིན་ནས་སྒྲུབས་དགོས་པ་ནི་སངས་རྒྱས་ཀྱི་འདྲ་སྐུ་ཆག་རོ་ཡན་ཆད་ལ་གུས་པས་མཆོད་པ། གཙང་སར་འཇོག་པ། སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ་དད་པ་དང་དག་སྣང་བྱ་དགོས། ༢ཆོས་ལ་སྐྱབས་སུ་ཕྱིན་ནས་སྒྲུབས་དགོས་པ་ནི་གསུང་རབ་དཔེ་ཆ་རལ་མ་ཡན་ཆད་ལ་གུས་པ་བསྐྱེད། སྤྱི་བོས་མཆོད་དེ་དཀོན་མཆོག་དངོས་ཀྱི་འདུ་ཤེས་ཞོག་དགོས་པ་ཡིན། འོན་ཀྱང་གནོད་འཚེ་དང་ཉོན་མོངས་སྐྱེད་བྱེད་ཀྱི་དཔེ་དེབ་ལ་ཡིག་འབྲུ་ཀ་ལ་སོགས་པ་ཚང་ཡང་དད་པ་བྱེད་མི་དགོས་པར་འདུག་པས་བརྟག ༣དགེ་འདུན་ལ་སྐྱབས་སུ་ཕྱིན་ནས་སྒྲུབས་དགོས་པ་ནི་དགེ་འདུན་དཀོན་མཆོག་གི་རྟེན་ལྷན་པ་དམར་སེར་ཡན་ཆད་གུས་པས་མཆོད་དེ་གཙང་སར་ཞོག་དགོས་སོ། གསུམ་པ་ཆ་མཐུན་གསུམ་ནི། ༡བླང་འདོར་སྟོན་པའི་བླ་མ་ནི་སངས་རྒྱས་དང་འདྲ་བས་སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག་དགོས། ༢ཡང་དག་བླ་མའི་གསུང་ནི་ཆོས་དཀོན་མཆོག་ཡིན་པས་ཅི་གསུངས་དང་དུ་བླང་དགོས་པ། ༣རྩ་བའི་བླ་མའི་འཁོར་དང་ཆོས་གྲོགས་ནི་དགེ་བའི་ལམ་གྲོགས་ཡིན་པས་དགེ་འདུན་དཀོན་མཆོག་གི་འདུ་ཤེས་ཞོག་དགོས་སོ། །