དྷིཿཚ་དགོན་པ།

རི་བོ་དགེ་ལྡན་པའི་ཆོས་སྡེ་མདོ་སྨད་དྷིཿཚ་དགོན་ཆེན་ནི། ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་རྨ་ཆུ་དང་འདབ་འདྲེས་ཏེ་ཉིན་བྱེད་འཆར་སྔ་ཞིང་ནུབ་འཕྱི་བ་དང་། སའི་དྲོ་དྲང་སྙོམས་པས་སྐྱེ་བོ་རྣམས་རང་བཞིན་གྱིས་བག་ཕེབས་པ་དང་། འདུ་འཛིས་དབེན་ཞིང་ཉམས་དགའ་བ་སོགས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་པ་ལ་འོས་པའི་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པའི་གནས་ཁྱད་པར་ཅན་མདོ་སྨད་ཙོང་ཁའི་ཡུལ་དུ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་ཞྭ་དམར་པཎྚི་ཏ་སྐུ་ཕྲེང་བཞི་པའི་ཐུགས་བསྐྱེད་བཟང་པོས་གདན་ས་བཏབ་མཛད་ཅིང་ད་བར་ལོ་ངོ་བརྒྱ་ཕྲག་གཅིག་ལྷག་ཙམ་ལས་སོང་མེད་ནའང་བཤད་སྒྲུབ་ལས་གསུམ་དང་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སོགས་ཐུགས་མཐུན་ཁྲིམས་གཙང་གིས་རྟག་ཏུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་དུས་མདའ་བར་མཛད་པའི་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཟམ་མ་ཆད་པར་བྱོན། མ་ཚད་བསྟན་རྩ་དགེ་འདུན་གྱི་སྡེ་གྲངས་མང་ཞིང་རྒྱུན་དུ་ཞི་དུལ་བག་ཡོད་ཀྱི་བརྟུལ་ཞུགས་ལྷུར་བླངས་ཤིང་དཀའ་ཐུབ་ཆོག་ཤེས་ཀྱི་རྒྱན་ཕྲེང་ངོམ་པའི་གྲྭ་ཚང་ཁག་མང་པོར་བཞུགས་ཏེ་བྱང་རྒྱུད་བསྟན་པའི་དར་ཆེན་མཐོན་པོར་བསྒྲེངས་པའི་ཆོས་སྡེ་ཞིག་ཏུ་གྱུར། དེས་ན་ཆོས་སྡེ་འདི་ནི་བསྟན་པ་དགོན་པ་ཞིག་ལ་ཚང་དགོས་པའི་མཐུན་རྐྱེན་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པས་དེང་སང་དགོན་པ་འགའི་ཕྱི་གཙུག་ལག་ཁང་བརྗིད་ཉམས་དོད་པོ་རེ་བཞེངས་སྐྲུན་ཡོད་པ་ཙམ་གྱིས་དགོན་ཆེན་ཞེས་པའི་མིང་སྟོང་གསར་བ་རེ་འདོག་གིན་ཡོད་པ་ལྟར་མིན་པར་མིང་དོན་མཚུངས་པའི་དགོན་ཆེན་ཞིག་ཆགས་ཡོད། འདོར་ན་དགོན་པ་གང་ཞིག་ལོ་རྒྱུས་བགྲང་བྱ་བརྒྱ་ཁྲག་མང་པོར་བཤད་དུ་ཡོད་མེད་ལ་གཙོ་བོ་རག་མ་ལས་པར་ནང་ཐུགས་མཐུན་ཁྲིམས་གཙང་གིས་ཐོས་བསམ་སྒོམ་སྒྲུབ་མུ་ནས་རྒྱུན་མཐུད་ཐུབ་པར་བྱུང་ན་བསྟན་པ་ཡར་རྒྱས་མི་ཡོང་ཐབས་མེད་ཡིན་པའི་དམིགས་བསལ་ཚོར་སྣང་ལྕི་མོ་ཞིག་སྐྱེས། འདི་ནས་ལོ་བཞིའི་སྔོན་གཟའ་སྐར་ཚེས་བཟང་གི་དུས་དང་བསྟུན་དགོན་འདིའི་གཙུག་ལག་ཁང་ཆེན་མོ་“ཤར་ཕྱོགས་ཙོང་ཁའི་རྒྱན་གཅིག”ཅེས་པ་འཛམ་བུའི་ཆུ་གསེར་ལ་འགྲན་བཟོད་པའི་གསེར་གྱི་རྒྱ་ཕིབས། གཉྫིར། རི་དྭགས་ཆོས་འཁོར་སོགས་མིག་གི་གཟི་མདངས་འཕྲོག་པའི་མཛེས་བྱེད་ལྷང་ངེར་གསལ་བས་མཐོ་རིས་ཁང་བཟང་ལ་ཅོ་འདྲི་བ་ལྟ་བུར་ཡོད་པའི་འདུ་ཁང་དེ་ཉིད་རྟེན་དང་བརྟེན་པར་བཅས་ལེགས་གྲུབ་བྱུང་་།