Jump to content

དྲྀ་ཌྷོ་

ཡོང་ཁུངས་Wikipedia

དྲྀ་ཌྷོ་ (Hindi: दृढो / dṛḍho) ནི་བརྟན་པ་ཞེས་པའི་དོན་ཏེ། རྡོ་རྗེ་སེམས་དཔའི་སྔགས་ཡིག་བརྒྱ་ནང་གི་གལ་ཆེའི་ཚིག་ཅིག་ཡིན།

ཚིག་འགྲེལ།

[རྩོམ་སྒྲིག]

རྡོ་རྗེ་སེམས་དཔའི་ཡིག་བརྒྱ་སྔགས་ཡིག་ནང་གི་"བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་"ཞེས་པའི་ཚིག་རྐང་ནང་དུ་འདུས་པའི་དྲྀ་ཌྷོ་འདིའི་ཚིག་གི་གྲུབ་ཚུལ་ནི། “དེ་ལྟར་ཡང་དྲྀ་ཌྷ་ཞེས་བརྟན་པའི་སྐད་དོད་ལ་རྣམ་དབྱེ་དང་པོའི་སི་བྱིན་པས་དྲྀ་ཌྷཿ མེ་ཞེས་པ་བདག་ལ་སྟེ་རྣམ་དབྱེ་བཞི་པའི་ཤུལ་ལོ། །དེ་གཉིས་མཚམས་སྦྱར་བས་དྲྀ་ཌྷོ་མེ་ཞེས་པར་འགྱུར་རོ།”[] ཞེས་གསུངས་ཡོད། དེའི་ཚིག་དོན་ནི། བརྟན་པ་ཞེས་པའི་དོན་དུ་འགྲེལ་བར་གནང་ཡོད། དེ་ཡང་། “ཌོ་ཌྷོ་མེ་བྷ་ཝ་བདག་གི་ཆེད་དུ་འམ་བདག་ལ་བརྟན་པའི་དངོས་པོའམ་རང་བཞིན་དུ་མཛོད།”[] ཅེས་དང་། ཡང་མཁས་པ་འགའ་རེས། “ཏིཥྛ་ནི་བཞུགས་པ། དྲྀ་ཌྷོ་ནི་བརྟན་པར། མེ་ནི་བདག །བྷ་ཝ་ནི་མཛོད་ཅིག།”[] ཅེས་པ་དང་། ཡང་“དྲིཌྷོ་ནི་བརྟན་པ། མེ་ནི་བདག །བྷ་ཝ་ནི་དངོས་པོའི་རང་བཞིན་དུ་མཛོད།”[] ཅེས་བྲིས་ཡོད།

དོན་འགྲེལ།

[རྩོམ་སྒྲིག]

དྲྀ་ཌྷོ་ཞེས་པ་འདི་ཚིགས་གྲོགས་གཞན་དང་བསྡོམས་ནས། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་ཞེས་ཏེ། "བརྟན་པར་བདག་ལ་བཞུགས་པར་མཛོད།"ཅེས་པའི་གསོལ་བ་འདེབས་ཚུལ་དུ་བཤད། དེ་ཡང་མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་དྲྀ་ཌྷོའདིའི་བསྒོམ་ཚུལ་སྐོར་རིམ་པ་གསུམ་དང་། [] དགེ་བའི་རྩ་བ་བརྟན་པ་བཅས་ལ་འགྲེལ་ཡོད།

༡. བསྐྱེད་རིམ་ལྟར་ན། “བསྐྱེད་རིམ་ལྟར་ན་སྐྱབས་འགྲོ་དང་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ངང་ནས་རང་ཉིད་བདག་དམ་ཚིག་སེམས་དཔའ་རྡོ་རྗེ་སེམས་དཔའ་བསྒོམ། དེ་ནས་འོག་མིན་ཞིང་ནས་ལྷ་ཡེ་ཤེས་སེམས་དཔའ་རྡོར་སེམས་སྤྱན་དྲངས་ནས་རང་ལ་དམ་ཡེ་དབྱེར་མེད་ཕྱག་རྒྱས་བཅིངས་ཏེ།” ཞེས་དང་།

༢. རྫོགས་རིམ་མཚན་བཅས་ལྟར་ན། “རྫོགས་རིམ་མཚན་བཅས་ལྟར་ན། རྡོ་རྗེ་ཕུང་པོའི་ལུས་ཀྱི་གྲོང་ཁྱེར་ན་གནས་པ་རྩ་དང་། གཡོ་བ་རླུང་དང་། བཀོད་པ་བྱང་ཆུབ་སེམས་ཐིག་ལེ་གནད་དུ་བསྣུན་པ་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་མངོན་སུམ་ལམ་དུ་བྱེད།” ཅེས་དང་།

༣.རྫོགས་རིམ་མཚན་མེད་ལྟར་ན། “ཡང་རྫོགས་རིམ་མཚན་མེད་རྫོགས་ཆེན་ལྟར་ན། དེའང་རྫོགས་ཆེན་རྒྱུད་ལས། རིག་པ་མི་འགྱུར་རྡོ་རྗེའི་ངང་། སེམས་ཅན་སྒྲོལ་ལ་ཆེས་དཔའ་བ། ཐམས་ཅད་མཉམ་པ་ཉིད་རྟོགས་པས། རྡོ་རྗེ་སེམས་དཔའ་མངོན་དུ་འགྱུར། ཞེས་པ་ལྟར།” ཞེས་གསུངས་སོ། །

༤. དགེ་བའི་རྩ་བ་བརྟན་པ། དགེ་བའི་རྩ་བ་བརྟན་པའི་དོན་དུའང་འགྲེལ་ཡོད། “བདག་གི་དགེ་བའི་རྩ་བ་རྣམས་བརྟན་པར་མཛོད། བདག་ཉོན་མོངས་པའི་དབང་དུ་སོང་བ་ལ་མི་དགྱེས་པ་མེད་པར་རྗེས་སུ་ཟུངས། བདག་གི་ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད། བྱང་ཆུབ་མ་ཐོབ་བར་བདག་རྗེས་སུ་ཆགས་པའམ་བརྩེ་བས་མ་འདོར་ཞིང་།”[] ཅེས་འགྲེལ་ལོ། །

ཡིག་ཆའི་ཁུངས།

[རྩོམ་སྒྲིག]
  1. སི་ཏུ་ཆོས་ཀྱི་འབྱུང་གནས།, སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ།, ཤོག་ངོས་གསུམ།
  2. ཨ་ཁུ་ཤེས་རབ་རྒྱ་མཚོ།, ཨ་ཁུ་ཤེས་རབ་རྒྱ་མཚོ།, ཤོག་ངོས་གཅིག
  3. མཁན་པོ་དཔལ་ལྡན་ཤེས་རབ།, གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་།, ཤོག་ངོས་བཅུ་གཉིས།
  4. པཎ་ཆེན་བློ་བཟང་ཆོས་རྒྱན།, པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ།, ཤོག་ངོས་གཅིག
  5. མཁན་པོ་དཔལ་ལྡན་ཤེས་རབ།, གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་།, ཤོག་ངོས་བཅུ་གསུམ།
  6. ཨ་ཁུ་ཤེས་རབ་རྒྱ་མཚོ།, ཨ་ཁུ་ཤེས་རབ་རྒྱ་མཚོ།, ཤོག་ངོས་གཅིག