Jump to content

དྲི་མཆོག་

ཡོང་ཁུངས་Wikipedia

དྲི་མཆོག་ཅེས་པ་ནི་མཆོད་པའི་རྫས་གལ་ཆེ་བའི་ཡ་གྱལ་ཞིག་སྟེ། ཙནྡན་དཀར་པོ་ལ་སོགས་པའི་དྲི་ཞིམ་མཆོག་ཏུ་གྱུར་པ་རྣམས་ལ་གོ དྲི་མཆོག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་ལ་བྱུག་པའམ་བསྐུ་བའི་མཆོད་པའི་རྫས་མཆོག་ཅིག་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

"དྲི་ཞིམ་པོའི་ངད་ལྡང་ཞིང་འཕྲོ་བ་ཡི་ཙནྡན་ལ་སོགས་པའི་དྲི་བཟང་པོ་མཆོག་ཏུ་གྱུར་པ་"[]ཞེས་དང་། "དྲི་ཞིམ་པོའི་ངད་ལྡང་བའི་དྲི་མཆོག་"[]ཅེས་གསུངས་པ་ལྟར། དྲི་ནི་སྤོ་བ་དང་གནས་པའི་འདུས་བྱས་ཀྱི་ཆོས་ལ་གོ་ཞིང་། མཆོག་ནི་མཆོག་ཏུ་གྱུར་པའམ་ཁྱད་པར་དུ་འཕགས་པ་ལ་གོ་བས། དྲི་མཆོག་ཅེས་པ་ནི་དྲི་ཞིམ་པོ་མཆོག་ཏུ་གྱུར་པ་ལ་ཟེར་བ་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

དྲི་མཆོག་གི་མཚན་ཉིད་ནི་དཔྱད་གཞི་ནང་དུ་གསལ་བའི་ལྟར། "སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་དུ་དྲི་ཞིམ་པོའི་ངད་རབ་ཏུ་ལྡང་བའམ་འཕྲོ་བ་ཡི་ཙན་དན་དཀར་པོ་ལ་སོགས་པ་བསིལ་ཞིང་དྲི་མཆོག་བཟང་པོ་རྣམས་"[]ཞེས་གསུངས་པ་ལྟར། དྲི་ཞིམ་པོའི་ངད་ལྡང་ཞིང་ཞིང་ཁམས་མཐའ་ཡས་པར་ཁྱབ་པར་བྱེད་པའི་ཙནྡན་ལ་སོགས་པའི་དྲི་བཟང་པོ་མཆོག་ཏུ་གྱུར་པ་ཞིག་ལ་གོ

དབྱེ་བ།

[རྩོམ་སྒྲིག]

དྲི་མཆོག་གི་རིགས་ནི་ཙནྡན་དཀར་པོ་གཙོ་བོར་གྱུར་པ་དང་། "སྟོང་གསུམ་ལ་སོགས་པའི་ཞིང་ཁམས་མཐའ་ཡས་པ་ཀུན་ན་དྲི་ངད་ལྡང་བ་སྟེ་རྟག་ཏུ་དྲིས་ཁྱབ་པར་བྱེད་པའི་དྲི་མཆོག་རྣམས་"[]ཞེས་གསུངས་པ་ལྟར། ཞིང་ཁམས་མཐའ་ཡས་པར་ཁྱབ་པར་བྱེད་པའི་དྲི་ཞིམ་པོ་སྣ་ཚོགས་ཡོད་དོ། །

བེད་སྤྱོད་ཀྱི་ཐབས།

[རྩོམ་སྒྲིག]

དྲི་མཆོག་གི་བྱུག་ཚུལ་ནི། "དྲི་མཆོག་དེ་རྣམས་ཀྱིས་ཏེ། གཞི་མཉམ་པ་དང་། ཙན་དན་ལ་སོགས་པ་རྣམས་ཀྱིས་སོ། །ཐུབ་དབང་གི་སྐུ་དེ་དག་བྱུག་པར་བགྱི་སྟེ་བསྐུ་བར་བགྱིའོ། །"[]ཞེས་གསུངས། དེ་ལ་སངས་རྒྱས་ཀྱི་སྐུ་ལུས་ལ་བྱུག་པའི་སྔོན་དུ་སྐུ་གཙང་མར་འདེབས་ཚུལ་ནི། "སྐུ་གསེར་བཟང་པོ་ལན་གྲངས་བཅུ་དྲུག་གི་བར་དུ་ལེགས་པར་བཞུ་བཏུལ་གྱིས་སྦྱངས་ཏེ་བཙོ་མ་སྟེ་ཤིན་ཏུ་དག་པ་"[]བཟོ་དགོས་པ་དང་། དེ་ནས་"འོད་རབ་ཏུ་གསལ་བའི་མདངས་ཆགས་ཤིང་ཕྱི་རོལ་དུ་འོད་འབར་ཞིང་འཕྲོ་བ་"[]ཆགས་པའི་སྐུ་ལ་དྲི་མཆོག་བྱུག་པར་བྱེད་དོ། །

མཆོད་པའི་རྒྱུ་མཚན།

[རྩོམ་སྒྲིག]

དྲི་མཆོག་བྱུག་པའི་དགོས་པ་ནི། "རྡུལ་མི་འབྱུང་བའི་ཆེད་དུ་བྱུགས་པར་བགྱིའོ། །"[]ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐུ་ལ་རྡུལ་མི་འབྱུང་བར་བྱེད་པའི་ཆེད་དུ་ཡིན་ཞིང་། ཇི་སྐད་དུ།"མཆོད་པ་འདི་ནི་དམ་པ་སྟེ། །"ཞེས་གསུངས་པ་ལྟར་མཆོད་པ་དམ་པའི་ཆེད་དུ་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

དྲི་མཆོག་ཅེས་པ་ནི་ཙནྡན་དཀར་པོ་ལ་སོགས་པའི་དྲི་ཞིམ་པོ་མཆོག་ཏུ་གྱུར་པ་ཞིག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་ལ་བྱུག་པའི་མཆོད་པའི་རྫས་གལ་ཆེ་བ་ཞིག་ཡིན། དེའི་དགོས་པ་ནི་སྐུ་ལ་རྡུལ་མི་འབྱུང་བར་བྱེད་པ་དང། མཆོད་པ་དམ་པ་ཞིག་ཏུ་གྱུར་པར་བྱེད་པའོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།