དྲན་པའི་ཐག་པ་
དྲན་པའི་ཐག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་བཞིན་གྱི་ལེའུར་གསུངས་པའི་གཙོ་བོའི་ཐ་སྙད་ཅིག་ཡིན། དྲན་པའི་སྟོབས་ཀྱིས་སེམས་ཀྱི་གླང་པོ་ཆེ་ངན་སོང་གི་ཡུལ་དུ་མི་འགྲོ་བར་དགེ་བའི་དམིགས་པ་ལ་དམ་པོར་འཆིང་བའི་ཐབས་ལ་ཟེར།
ནང་དོན།
[རྩོམ་སྒྲིག]དྲན་པའི་ཐག་པའི་གོ་དོན་སྤྱིར་བསྟན་པ། འགྲེལ་ཆེན་ལས། "ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་དུ་འོང་། །"ཞེས་གསུངས། "རྣམ་པ་ཀུན་ནས་བླང་དོར་གྱི་གནས་མི་བརྗེད་པར་གསལ་བར་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་པོ་ཆེ་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པའི་ཉོན་མོངས་པའི་མྱོས་ཆུས་མྱོས་ཤིང་དྲེགས་པར་གྱུར་པ་འདི་ཕྱིན་ཅི་ལོག་གི་ཡུལ་ལ་འཇུག་པ་བཀག་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་དགེ་བའི་དམིགས་རྣམ་གྱི་ཀ་ཆེན་བརྟན་པོ་ལ་དམ་དུ་བཏགས་ན་ཚེ་འདི་དང་ཕྱི་མར་གནོད་པའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་རང་གཞན་ལ་མངོན་མཐོ་ངེས་ལེགས་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་དགེ་བ་"[༡]ཡིན་ནོ་ཞེས་གསུངས།
དྲན་པའི་ཐག་པའི་དཔེ་མཚོན། དྲན་པ་ནི་འཆིང་བའི་ཐབས་ཡིན་པའི་ཕྱིར་ཐག་པ་དང་འདྲ་བ་སྟེ། "ཀུན་ནས་ནི་རྣམ་པ་ཐམས་ཅད་དུ་སྟེ། དམ་པ་མ་ཡིན་པའི་ཕྱོགས་ལ་འཇུག་པ་འགེགས་པའི་ཕྱིར་རོ། །"[༢]ཞེས་གསུངས།
དྲན་པའི་ཐག་པའི་སྤྱོད་པ། "སྒོ་གསུམ་ཀུན་ནས་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་ཆེན་དགེ་བའི་དམིགས་པ་ལ་དམ་ཏུ་བཏགས་ན་ཚེ་འདི་ཕྱིའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་དགེ་བ་ཐམས་ཅད་ལག་ཏུ་འོང་བར་འགྱུར་བས་དགེ་བའི་དམིགས་པ་ལ་དུས་ནམ་ཡང་དྲན་པ་མ་ཉམས་པར་བྱའོ། །"[༣]ཞེས་གསུངས།
དྲན་པའི་ཐག་པའི་ཕན་ཡོན། "དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་ཆེན་དགེ་བའི་དམིགས་པ་ལ་དམ་དུ་བཏགས་ན་འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། དགེ་བ་ཐམས་ཅད་ལག་ཏུ་འོང་ཞེས་པ། འཇིགས་པ་སྤོང་བ་དང་། དགེ་བ་སྒྲུབ་པའོ། །"[༤]ཞེས་གསུངས། "དགེ་བ་ཐམས་ཅད་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་མཚན་ཉིད་དོ། །འོངས་པ་ནི་ཐོབ་པ་སྟེ།"[༥] དཔེར་ན་ཆར་བབ་པ་ན་འབྲས་སཱ་ལུ་སྐྱེས་སོ་ཞེས་ཟེར་བ་ལྟ་བུའོ། །
དྲན་པའི་ཐག་པའི་སྤྱོད་ཚུལ། "དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ཀུན་ནས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་པོ་འདོད་པས་མྱོས་པ་འདི་སྔོན་སོང་གི་རྗེས་མི་དཔྱོད་མ་འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མི་བཏང་བར་ཚུལ་བཞིན་ཡིད་ལ་བྱེད་པའི་སྡོང་པོ་ལ་དམ་པོར་བཏགས་ན་ཚེ་འདི་ཕྱིའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་རང་གཞན་ལ་ཕན་པའི་དགེ་བ་ཐམས་ཅད་ལག་ཏུ་གཏད་པ་བཞིན་དུ་འོང་བར་འགྱུར་བས་དཀའ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །"[༦]ཞེས་གསུངས།
དྲན་པའི་ཐག་པའི་གལ་ཆེའི་དོན། "དེ་བས་ན་དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་བསྟེན་ནས་སེམས་མ་ཉམས་པར་བསྲུང་བ་ལ་འབད་པར་བྱ་རིགས་སོ། །"[༧]ཞེས་གསུངས་པ་ལྟར་དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱི་སྟོབས་ཀྱིས་སེམས་མ་ཉམས་པར་བསྲུང་དགོས་པ་ནི་གལ་ཆེ་ཤོས་ཡིན་ནོ། །
བསྡུས་དོན།
[རྩོམ་སྒྲིག]དྲན་པའི་ཐག་པ་ནི་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་སྐྱིད་པའི་རྒྱུ་དགེ་བ་བསྒྲུབ་པ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤོང་བའི་ཐབས་གཙོ་བོ་ཞིག་ཡིན། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དུས་རྟག་ཏུ་བླང་དོར་གྱི་གནས་ལ་དྲན་པ་མ་ཉམས་པར་བྱས་ནས་སེམས་ཀྱི་གླང་པོ་ཆེ་ཉོན་མོངས་པའི་མྱོས་ཆུས་མྱོས་པ་འདི་དགེ་བའི་དམིགས་པ་ལ་དམ་པོར་བཏགས་ན་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་དགེ་བ་ཐམས་ཅད་དཀའ་ཚེགས་མེད་པར་ལག་ཏུ་འོང་བར་འགྱུར་བའི་ཁྱད་ཆོས་དམ་པ་ཞིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།