Jump to content

དྲན་པ་

ཡོང་ཁུངས་Wikipedia

དྲན་པ་ཞེས་པ་ནི་བསླབ་པ་སྲུང་བའི་གཞི་རྟེན་ཏེ། སེམས་ཀྱི་གནས་སྐབས་སོ་སོར་བརྟག་ཅིང་བླང་དོར་གྱི་གནས་རྣམས་མི་བརྗེད་པར་ཡིད་ལ་འཇོག་པའི་སེམས་བྱུང་ཞིག་ལ་གོ། སྤྱིར་བཏང་དྲན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སེམས་སྲུང་བའི་གནད་གཙོ་བོ་ཞིག་ཡིན་པར་ཆོས་སྤྱོད་ཀྱི་གཞུང་ལུགས་མང་པོར་གསུངས་ཡོད།

ནང་དོན།

[རྩོམ་སྒྲིག]

དྲན་པ་ནི་འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པའི་ཡེ་ཤེས་ཏེ། གནང་བ་དང་བཀག་པ་གཉིས་ཅི་རིགས་པར་དྲན་པའི་རང་བཞིན་ཡིན། ཀུན་བཏུས་ལས། "འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ་ཞེས་ཁྱད་ཆོས་གསུམ་ལྡན་གྱི་རིག་པ་ལ་བཤད་ལ། ཡུལ་གྱི་ཁྱད་པར་འདྲིས་པའི་དངོས་པོ་དང་། རྣམ་པའི་ཁྱད་པར་ཡུལ་དེ་ལ་དམིགས་ནས་བརྗེད་པ་མེད་པ། བྱེད་ལས་ཀྱི་ཁྱད་པར་མི་གཡེང་བར་བྱེད་པ་དང་གསུམ་ཡིན།" ཞེས་གསུངས།

ཡང་དག་པའི་དྲན་པའི་ཁྱད་ཆོས། གཙུག་ན་རིན་པོ་ཆེའི་མདོ་ལས། "དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལམ་གྲོལ་བའམ་ལམ་ངན་པར་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུར་གྱུར་པ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པའོ། །"ཞེས་གསུངས་པ་ལྟར་དྲན་པ་ཡང་དག་ན་ཉོན་མོངས་པ་དང་མི་དགེ་བའི་ཆོས་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་ནུས་པ་ཡོད།

དྲན་པ་དང་ཤེས་བཞིན་གྱི་འབྲེལ་བ།

[རྩོམ་སྒྲིག]

དྲན་པའི་གལ་ཆེའི་རྒྱུ་མཚན། "དྲན་ཤེས་དང་བྲལ་ན་སེམས་བསྲུང་མི་ནུས་ལ་དེ་མ་བསྲུངས་ན་བསླབ་པ་བསྲུང་མི་ནུས་པས་བསླབ་པ་སྲུང་བར་འདོད་པ་རྣམས་ཀྱིས་སེམས་སྲུང་བའི་ཐབས་སུ་དྲན་ཤེས་བསྟེན་པ་འདི་ཤིན་ཏུ་གལ་ཆེ་བས་དེ་བསྟེན་པ་ལ་ནན་ཏན་གྱིས།"[] ཞེས་གསུངས་པ་ལྟར་དྲན་པ་དང་ཤེས་བཞིན་གཉིས་ནི་སེམས་སྲུང་བ་དང་བསླབ་པ་སྲུང་བའི་གཞི་རྟེན་ཡིན།

ཤེས་བཞིན་མེད་པའི་ཉེས་དམིགས། གཙུག་ན་རིན་པོ་ཆེའི་མདོ་ལས། "ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་ཡང་། །གློ་བརྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །"ཞེས་གསུངས་པ་ལྟར། ཤེས་བཞིན་མེད་ན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱང་དྲན་པ་ལ་མི་གནས་ཤིང་ཆུད་ཟད་འགྲོ་བར་འགྱུར།

དྲན་པ་སྲུང་བའི་ཐབས།

[རྩོམ་སྒྲིག]

ཡིད་ཀྱི་སྒོར་བཞག་པ། དྲན་པ་སྲུང་བའི་གཙོ་བོ་ནི་དེ་ཡིད་ཀྱི་སྒོར་བཞག་ནས་ཉོན་མོངས་པ་ལ་འཇུག་པ་བསྲུང་བའོ། "ཤེས་བཞིན་མེད་པ་ལ་ཉེས་པ་མང་བ་དེ་བས་ན་ཤེས་བཞིན་བསྲུང་བའི་དོན་དུ་དགེ་བའི་དམིགས་པ་མི་བརྗེད་པའི་དྲན་པ་ཡིད་ཀྱི་ཁྱིམ་དུ་བཅུག་སྟེ་དེའི་སྒོ་ནས་གུད་དུ་ནམ་ཡང་མི་གཏང་ངོ་། །"[]ཞེས་གསུངས།

བླ་མ་ལ་བརྟེན་པ། དྲན་པ་སྐྱེད་པའི་ཕྱིའི་རྐྱེན་ནི་བླ་མ་དམ་པ་ལ་བརྟེན་པ་ཡིན་ཏེ། "ལས་དང་པོ་པ་དྲན་པ་བརྟེན་མི་ཐུབ་པ་རྣམས་ཀྱིས་དྲན་པ་བརྟེན་ཐུབ་ཐབས་སམ་སྐྱེ་བའི་རྒྱུ་ནི་དྲན་ཤེས་དང་ལྡན་པའི་བླ་མ་མཚན་ཉིད་ལྡན་པ་དང་ནི་འགྲོགས་པའམ་བསྟེན་པ་ལས་དྲན་པ་སྐྱེ་བར་འགྱུར་བས་ན་ཐེག་པ་གང་གི་ལུགས་ལ་བླ་མ་ལ་འབྲལ་མེད་དུ་བརྟེན་དགོས་པར་གསུངས་ལ།"[]ཞེས་གསུངས།

དྲན་པ་སྐྱེ་བའི་རྒྱུ། གཙུག་ན་རིན་པོ་ཆེའི་མདོ་ལས། "བླ་མ་དང་ནི་འགྲོགས་པ་དང་། །མཁན་པོས་རྗེས་སུ་བསྟན་པ་དང་། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་བདེ་བླག་སྐྱེ་བར་འགྱུར། །"ཞེས་དགེ་བའི་བཤེས་གཉེན་དང་འགྲོགས། མཁན་པོས་རྗེས་སུ་བསྟན་པ། བསླབ་པ་ལས་མི་འདའ་བར་འཇིགས་པ། བསླབ་པ་ལ་གུས་པ་བྱེད་པ་ལས་དྲན་པ་བདེ་བླག་ཉིད་དུ་སྐྱེ།

"མཁན་པོ་དང་སློབ་དཔོན་ལ་སོགས་པས་བླང་དོར་གྱི་གནས་རྣམས་ལ་འཇུག་ལྡོག་བྱེད་ཚུལ་གྱི་གདམས་ངག་དང་རྗེས་སུ་བསྟན་པ་གནང་བ་དང་། དེ་དག་གིས་ཇི་ལྟར་བསྟན་པ་ལས་འདའ་ཞིང་འགལ་གྱིས་དོགས་ནས་རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ་"[] སོགས་དྲན་པ་སྐྱེ་བའི་རྒྱུ་ཡིན།

གུས་པ་དང་འཇིགས་པ་སྐྱེད་ཚུལ།

གཙུག་ན་རིན་པོ་ཆེའི་མདོ་ལས། "སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་དུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །དེ་ལྟར་ངོ་ཚ་ཤེས་གུས་དང་། །འཇིགས་བཅས་དྲན་པ་རྟག་དུ་བཞག །" ཅེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་མཁྱེན་ཞིང་གཟིགས་པར་སེམས་པས་ངོ་ཚ་ཤེས་པ་དང་འཇིགས་པ་སྐྱེད་དགོས།

དྲན་པ་ལས་ཤེས་བཞིན་སྐྱེ་ཚུལ།

[རྩོམ་སྒྲིག]

"དྲན་པ་ལ་བརྟེན་ནས་ཤེས་བཞིན་སྐྱེ་བ་དང་གནས་པ་བསྟན་ལ། རེས་འགའ་ཤེས་བཞིན་གྱི་བྱ་ར་བས་བརྟག་ཅིང་དཔྱད་ནས་དྲན་པ་ཉེ་བར་བསྟེན་པའང་ཡོད་པས་དེ་གཉིས་ཕན་ཚུན་གཅིག་གིས་གཅིག་སྐྱེས་པས་ན་གཅིག་གྲོགས་སུ་གཅིག་འགྲོ་བ།"[] ཞེས་དྲན་པ་དང་ཤེས་བཞིན་གཉིས་ཕན་ཚུན་བརྟེན་ནས་སྐྱེ་ཞིང་གཅིག་ཉམས་པས་གཅིག་ཉམས་པར་འགྱུར།

བསྡུས་དོན།

[རྩོམ་སྒྲིག]

དྲན་པ་ནི་བླང་དོར་གྱི་གནས་རྣམས་མི་བརྗེད་པའི་སེམས་བྱུང་གལ་ཆེ་ཞིག་ཡིན་ལ། སེམས་བསྲུང་བ་དང་བསླབ་པ་སྲུང་བའི་ཐབས་བླ་ན་མེད་པ་ཡིན། དེ་ཉམས་ན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཆུད་ཟད་འགྲོ་ཞིང་། ཉོན་མོངས་པའི་ཆོམ་རྐུན་གྱིས་དགེ་བའི་ནོར་ཟད་པར་བྱེད། དྲན་པ་སྐྱེ་བའི་རྒྱུ་ནི་དགེ་བའི་བཤེས་གཉེན་དང་འགྲོགས་པ། མཁན་པོའི་རྗེས་སུ་བསྟན་པ། བསླབ་པ་ལ་གུས་པ་དང་འཇིགས་པ་བཅས་ཡིན། དྲན་པ་ཡིད་ཀྱི་སྒོ་ནས་རྟག་ཏུ་བཞག་ནས་ཉོན་མོངས་པ་སྲུང་ན། ཤེས་བཞིན་རང་བཞིན་གྱིས་འོང་ཞིང་དེ་གཉིས་ཕན་ཚུན་རོགས་པས་ས་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེ་བར་འགྱུར།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
"https://bo.wikipedia.org/w/index.php?title=དྲན་པ་&oldid=149960"ལས་སླར་རྙེད་སོང།