Jump to content

དོན་དམ་པ་

ཡོང་ཁུངས་Wikipedia

དོན་དམ་པ་ཞེས་པ་ནི་ནང་པའི་ལྟ་གྲུབ་ཀྱི་གཞུང་ལུགས་སུ་བདེན་པ་གཉིས་ཀྱི་གཅིག་ཏུ་གྱུར་པ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དམ་ཆོས་ཉིད་ཀྱི་མིང་གཞན་ཞིག་ཡིན། འདི་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་སྟོང་པ་ཉིད་ཀྱི་ཚུལ་དུ་རྟོགས་པར་བྱ་བའི་གཏིང་གི་ངོ་བོ་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

སྒྲ་བཤད་ཀྱི་ཆ་ནས་བཤད་ན་དོན་དམ་པ་ཞེས་པ་ནི་དོན་དམ་པའམ་དོན་གྱི་མཆོག་ཅེས་པའི་དོན་ཡིན་ལ། "དོན་དམ་པ་ལ་གནས་པ་མེད་པར་སྤྱོད་པ་ལ་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མེད་པའི་ཏིང་ངེ་འཛིན་ལ་སྤྱོད་པའི་ས་བདེ་བར་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཐོབ་པའོ། །"[]

མཚན་ཉིད།

[རྩོམ་སྒྲིག]

ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་མེད་པའི་ཆོས་ཉིད་ཡིན་པ་དེ་ཡིན། "དོན་དམ་པ་མཐར་ཐུག་པའི་ངོ་བོ་བཅོས་མིན་ཆོས་ཉིད་ཀྱི་གཤིས་རྣལ་མ་ནི་མ་ཡིན་པས་འདི་ལྟར་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་ཞེས་པའི་གཉིས་ཆོས་ཐམས་ཅད་གཉིས་སུ་མེད་པར་གྱུར་པའི་ཆོས་དབྱིངས་རྣམ་གྲངས་མིན་པའི་དོན་དམ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ།"[]

ནང་དོན།

[རྩོམ་སྒྲིག]

སྟོང་པ་ཉིད་ཀྱི་དོན་དོན་དམ་པའི་གཙོ་བོ་ནི་སྟོང་པ་ཉིད་ཀྱི་རྟོགས་པ་ཡིན་ཏེ། "ཆོས་ཀུན་ལ་ཉེ་བར་བརྟགས་ནས་སྟོང་པར་མཐོང་བ་ན་སེམས་ཞུམ་པ་མེད་ཅིང་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི། རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ་དེ་མྱུར་དུ་འཐོབ་པར་འགྱུར་བའི་ཕྱིར་རོ། །"[]གདོད་ནས་དག་པའི་རང་བཞིན། "ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་དང་བླང་དོར་མེད་པར་མཉམ་པ་ཉིད་ཀྱི་ངོ་བོས་ནམ་མཁའི་དཀྱིལ་ལྟར་སྣང་བ་དེ་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཡུམ་ཆེན་མོ་ཆོས་དབྱིངས་སྐྱེ་བ་མེད་པའི་གནས་ལུགས། རང་བཞིན་འོད་གསལ་བ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་པ་ཡིན་པས་ཚུལ་འདི་ལ་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་འཇུག་པ་ནི་ཅིས་ཀྱང་གལ་ཆེའོ། །"[]

དབྱེ་བ།

[རྩོམ་སྒྲིག]

སྐྱེ་བ་མེད་པའི་ཆོས་ལ་བཟོད་པ། "དོན་དམ་པར་སྐྱེ་བ་མེད་པའི་གནས་ལ་དད་པ་མིན་ནོ། །"[]ཞེས་གསུངས་ནས། འདི་ལྟར་རྟོགས་པར་བྱ་བའི་དངོས་པོ་བརྟགས་པར་བསྟན་ནས། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དག་ན་ཆོས་མིང་ཡོངས་སུ་བརྗོད་པ་ནི་སེམས་བསྐྱེད་པ་ལ་སོགས་པས་རབ་ཏུ་བསྒྲགས་པའི་མིང་གི་སྒྲའི་ཤེས་པ་ནི་རྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། "ཤེས་རབ་ལ་གནས་པའོ། །གཉིས་པ་ཡུལ་ཅན་མི་དམིགས་པས་ཐོབ་པ་ནི།ཡང་འདི་ཤེས་རབ་འདི་ནི་ཤེས་པ་ནས། བྱང་ཆུབ་ཉེ་བ་ཡིན་ཞེས་པའི་བར་ལ། ཡང་འདི་བྱང་ཆུབ་སེམས་དཔའ་སྤྱད་བྱའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སུའི་ཡིན་ངོ་བོ་ནི་གང་ཡིན། གང་ཟག་སུ་ཡིན། ཡུལ་གང་ལས་བྱུང་བ་ཡིན་ཞེས་རིག་པས་ཉོན་མོངས་པ་འཁོར་བ་པའི་ཆོས་དང། རྣམ་པར་བྱང་བ་མྱ་ངན་འདས་ཀྱི་ཆོས་འདི་དག་ཐམས་ཅད་སྟོང་པར་རྟོགས་ལ།"[]

འབྲས་བུ།

[རྩོམ་སྒྲིག]

བྱང་ཆུབ་ཐོབ་པ། "དེ་ལས་གཞན་གོང་ན་མེད་པའི་ཡེ་ཤེས་ཀྱི་དོན་ཐོབ་པ་ནི་དགོས་པ་ཡིན་ནོ། །ཆེད་དུ་བྱ་བ་ངེས་པར་འབྱུང་བའི་སྒྲུབ་པའི་ཤེས་རབ་ནི་མཆོག་སྟེ་ཕ་རོལ་ཏུ་ཕྱིན་པའོ། །"[]དེ་བཞིན་ཉིད་རྟོགས་པ། "དེ་བཞིན་ཉིད་འདི་རྟོགས་པས་བདེ་གཤེགས་ཀྱི་བྱང་ཆུབ་ཀྱི་དབྱིངས་དང་ཡེ་ཤེས་ཐ་དད་ཀྱི་ཆོས་དང་བྲལ་བར་གྱུར་པ་ནམ་མཁའི་མཚན་ཉིད་ཅན་འདི་ནི་ཞེས་པའོ། །"[]

མིང་གི་རྣམ་གྲངས།

[རྩོམ་སྒྲིག]

དོན་དམ་པའི་མིང་གི་རྣམ་གྲངས་སུ་ཆོས་ཉིད། ཆོས་དབྱིངས། དེ་བཞིན་ཉིད། སྟོང་པ་ཉིད། འོད་གསལ་བ། རང་བཞིན་མེད་པ། ཞེས་ཟེར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། སྡུད་པ་ཚིགས་སུ་བཅད་པའི་ཊིཀྐ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས། ༢༡
  2. འཇུ་མི་ཕམ། ཡོན་ཏན་རིན་ཆེན་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། ༧a
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས། ༦b
  4. འཇུ་མི་ཕམ། ཡོན་ཏན་རིན་ཆེན་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། ༧a
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས། ༦b
  6. ཀརྨ་པ་རང་བྱུང་རྡོ་རྗེ། སྡུད་པ་ཚིགས་སུ་བཅད་པའི་ཊིཀྐ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས། ༢༡
  7. སློབ་དཔོན་སེངྒེ་བཟང་པོ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ། སྡེ་དགེ་དཔར་མ། ཤོག་ངོས། ༣༧
  8. ཀརྨ་པ་རང་བྱུང་རྡོ་རྗེ། སྡུད་པ་ཚིགས་སུ་བཅད་པའི་ཊིཀྐ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས། ༧༧