དོན་དམ་
དོན་དམ་ཞེས་པ་ནི་ནང་པའི་གྲུབ་མཐའ་ཆེན་པོ་རྣམས་ཀྱི་ལྟ་བའི་གཞི་རྩ་ཆེན་པོ་ཞིག་ཡིན་ལ། བདེན་པ་གཉིས་ཀྱི་ཆ་ཤས་གཙོ་བོ་གཅིག་ཏུ་གྱུར་པ་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]དོན་ནི་གཙོ་བོའམ་གནད་ཀྱི་དོན་དང་དམ་པ་ནི་མཆོག་ཏུ་གྱུར་ཅིང་ཡང་དག་པའི་དོན་ཡིན་པས་དོན་དམ་ཞེས་བརྗོད་དོ། །
མཚན་ཉིད།
[རྩོམ་སྒྲིག]སྤྲོས་པ་ཐམས་ཅད་ལས་གྲོལ་བ། "སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་རང་བཞིན་དེ་བཞིན་ཉིད་དོན་དམ་པའི་བདེན་པའི་དེ་ཁོ་ན་ཉིད་ཡིན་པ་དེའི་ཕྱིར་ཇི་ལྟར་ཡང་རྣམ་པར་རྟོག་པས་མཐོང་བ་མ་ཡིན་ཏེ་ཁྱད་པར་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །"[༡]ཞེས་པས་དོན་དམ་པ་ནི་ང་ཚོས་བསམ་བློ་གཏོང་བའམ་འདི་དེ་ཞེས་རྣམ་པར་དབྱེ་བ་བྱེད་དུ་མི་རུང་བའི་གནས་ལུགས་ཡིན་པའི་དོན་ཡིན་ནོ། ། བློ་ལས་འདས་པ། "བློ་འདས་སྨྲ་བསམ་བརྗོད་མེད་དོན་དམ་བདེན་པའི་མཚན་ཉིད་དང་།"[༢] ཞེས་པས་དོན་དམ་པའི་བདེན་པ་ནི་བློ་དང་སྨྲ་བ་བསམ་པ་བརྗོད་པ་ཐམས་ཅད་ལས་འདས་པ་ཡིན་ནོ། །འདི་ནི་དོན་དམ་པའི་བདེན་པ་ཞེས་པ་འདི་ནི་ང་ཚོས་བསམ་པ་དང་སྨྲ་བ། བརྗོད་པའི་ཡུལ་ལས་འདས་པའི་མཚན་ཉིད་དེ་དང་ལྡན་པ་ཞིག་ཡིན་པའི་དོན་ཡིན་ནོ། །
བདེན་པ་གཉིས་སུ་དབྱེ་བ།
[རྩོམ་སྒྲིག]ཀུན་རྫོབ་དང་དོན་དམ། "འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ལ་སྣང་ཚུལ་ཆོས་ཅན་ཇི་སྙེད་པ་སྣང་ཙམ་ཀུན་རྫོབ་ཀྱི་བདེན་པ་དང། གནས་ཚུལ་ཆོས་ཉིད་ཇི་ལྟ་བ་སྟོང་ཉིད་དོན་དམ་གྱི་བདེན་པ་སྟེ་འདི་དག་ནི་རིམ་པ་ལྟར་དེ་དང་དེའི་ངོར་བསླུ་བ་མེད་པས་བདེན་པ་གཉིས་སུ་གནས་པར་འདོད་ལ།"[༣] ཞེས་པས་ཆོས་ཐམས་ཅད་ལ་སྣང་ཚུལ་གཉིས་ཡོད་དེ། ང་ཚོས་མཐོང་བའི་སྣང་ཚུལ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་དག་གི་ཡང་དག་པའི་གནས་ཚུལ་སྟོང་ཉིད་ནི་དོན་དམ་གྱི་བདེན་པ་ཡིན་པའི་དོན་ཡིན་ནོ། ། དབྱེ་བའི་རྒྱུ་མཚན། "ཤེས་པར་བྱ་བ་འདི་ནི་དབྱེ་གཞི་དབྱེ་ན་བདེན་པ་གཉིས་སུ་ཡོད་ཅིང་དེར་གྲངས་ངེས་པར་འདོད་དོ། དབྱེ་བའི་ངོ་བོ་ནི་ཐ་སྙད་པའི་ཚད་མས་རྙེད་པའི་དོན་ཀུན་རྫོབ་བདེན་པ་དང་ནི་དོན་དམ་པའི་ཚད་མས་རྙེད་པའི་དོན་དོན་དམ་པའི་བདེན་པ་སྟེ་གཉིས་སོ། །"[༤]ཞེས་པས་ཤེས་བྱ་ཡོངས་ལ་བདེན་པ་གཉིས་སུ་ངེས་པར་དུ་ཕྱེ་བ་དང། ཐ་སྙད་པའི་ཚད་མས་འཇལ་དུ་རུང་བ་ནི་ཀུན་རྫོབ་བདེན་པ་ཡིན་ལ། དོན་དམ་པའི་ཚད་མས་འཇལ་དུ་རུང་བ་ནི་དོན་དམ་པའི་བདེན་པ་ཡིན་པའི་དོན་ཡིན་ནོ། །
རང་བཞིན།
[རྩོམ་སྒྲིག]གདོད་མ་ནས་དག་པ། "གང་སངས་རྒྱས་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ་སངས་རྒྱས་ཀྱིས་ཀྱང་བཅོས་སུ་མེད་པ། ངས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་སྟོན་པ་ཆོས་ཐམས་ཅད་ཀྱི་རང་བཞིན་རྣལ་མ་རྟོག་བཅས། རྟོག་མེད། མངོན་སུམ། རྗེས་དཔག་སོགས་སྐྱེ་འཕགས་དང་སློབ་མི་སློབ་གང་གི་ཡང་ཤེས་པའི་སྤྱོད་ཡུལ་དུ་མ་གྱུར། མི་འགྱུར། འགྱུར་མི་སྲིད་པའི་ཆོས་ཀྱི་དབྱིངས་ཇི་བཞིན་པ་ཉིད་འདི་ནི་དོན་དམ་པའི་བདེན་པ་ཞེས་ཐ་སྙད་དུ་བྱས་སོ། །"[༥]ཞེས་པས་དོན་དམ་པའི་བདེན་པ་ནི་སངས་རྒྱས་འབྱུང་ཡང་རུང་མ་འབྱུང་ཡང་རུང། སུ་ཞིག་གིས་ཀྱང་བཟོ་བཅོས་མ་བྱས་པར་གདོད་མ་ནས་ཡོད་པའི་ཆོས་ཀྱི་དབྱིངས་ཡིན་པའི་དོན་ཡིན་ནོ། ། འཕགས་པའི་མཉམ་བཞག་གི་ཡུལ། "དོན་དམ་པ་ནི་འཕགས་པའི་སྣང་མེད་ཀྱི་ཡེ་ཤེས་ཡིན་ལ་དེའི་རྟོགས་བྱའི་དོན་ཡིན་པས་ན་དོན་དམ་སྟེ།"[༦] ཞེས་པས་དོན་དམ་པ་ནི་འཕགས་པ་རྣམས་སྣང་བ་མེད་པའི་ཡེ་ཤེས་ཡིན་ལ། དེས་རྟོགས་པར་བྱ་བའི་ཡུལ་ཡིན་པའི་དོན་ཡིན་ནོ། །
ལུང་ཁུངས་གཞན།
[རྩོམ་སྒྲིག]མདོ་ལས། "འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང། ཡང་དག་པར་མ་སྐྱེས་པ་དང། མ་འགགས་པ་དང། བརྗོད་པར་བྱ་བ་དང། རྗོད་པར་བྱེད་པ་དང། ཤེས་བྱ་དང། ཤེས་བྱེད་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ་"[༧]ཞེས་པས་དོན་དམ་པའི་བདེན་པ་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱིས་ཀྱང་ཁོང་དུ་ཆུད་དུ་མི་རུང་བ་ཞིག་ཡིན་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པ་ཞིག་ཡིན་པའི་དོན་ཡིན་ནོ། ། ཡབ་སྲས་མཇལ་བའི་མདོ་ལས། "འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །"[༨]ཞེས་པས་སངས་རྒྱས་ཀྱིས་ཤེས་བྱ་ཡོངས་ལ་བདེན་པ་གཉིས་ཙམ་ལས་མེད་པར་ཤེས་མཁྱེན་མཛད་ལ། སྟོང་པ་ཉིད་ཡང་དག་པར་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བརྗོད་པའི་དོན་ཡིན་ནོ། །
རྩོད་པ་སྤོང་བ།
[རྩོམ་སྒྲིག]སངས་རྒྱས་འཁོར་བར་འགྱུར་བའི་རྩོད་པ། "གལ་ཏེ་དོན་དམ་པར་སེམས་ཅན་ཐམས་ཅད་ཀྱང་རང་བཞིན་གྱིས་མྱ་ངན་ལས་འདས་ཀྱང་དེ་དག་ཀུན་རྫོབ་ཏུ་འཁོར་བ་ཡིན་པ་དེ་ལྟ་ན་རིགས་པ་མཚུངས་པས། སྣང་བའི་ཆ་ནས་སངས་རྒྱས་འཁོར་བར་འགྱུར་བས་བྱང་ཆུབ་ཀྱི་སྤྱོད་པས་ཅི་ཞིག་བྱ་ཞེ་ན། རྐྱེན་རྣམས་རྒྱུན་མ་ཆད་ན་སྒྱུ་མའང་ལྡོག་པར་མི་འགྱུར་བ་བཞིན་དུ་སེམས་ཅན་ལ་འཁོར་བར་འགྱུར་བའི་རྐྱེན་རྒྱུན་མ་ཆད་པས་འཁོར་བ་ཡིན་ལ། སངས་རྒྱས་ལ་ནི་འཁོར་བར་འགྱུར་བའི་རྐྱེན་རྣམས་རྒྱུན་ཆད་པས་ན་འཁོར་བའི་རང་བཞིན་དུ་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །"[༩]ཞེས་པས་གལ་ཏེ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་ན་སངས་རྒྱས་ཀྱང་སླར་འཁོར་བར་འགྱུར་རམ་ཞེས་པའི་རྩོད་པ་ལ། སེམས་ཅན་ལ་འཁོར་བར་འགྱུར་བའི་རྐྱེན་ཡོད་ལ། སངས་རྒྱས་ལ་དེ་ལྟ་བུའི་རྐྱེན་མེད་པས་སངས་རྒྱས་སླར་འཁོར་བར་མི་འགྱུར་ཞེས་ལན་འདེབས་པའི་དོན་ཡིན་ནོ། ། རང་བཞིན་གྱི་ཁྱད་པར། "རང་བཞིན་གྱི་མྱང་འདས་དང་གློ་བུར་རྣམ་དག་གི་མྱང་འདས་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་ལམ་ལ་གོམས་པ་ལ་ལྟོས་པ་མ་ཡིན་ཏེ་ལམ་ལ་གོམས་མ་གོམས་ཀུན་གྱི་ཆོས་ཉིད་ཡིན་པས་སོ། །"[༡༠]ཞེས་པས་མྱང་འདས་ལ་རང་བཞིན་གྱིས་དག་པ་དང། གློ་བུར་གྱི་དྲི་མ་སྤངས་པས་དག་པ་གཉིས་ཡོད་ལ། རང་བཞིན་གྱི་མྱང་འདས་ནི་གདོད་མ་ནས་དག་པ་ཡིན་པའི་དོན་ཡིན་ནོ། །
ཐབས་དང་འབྲེལ་བ།
[རྩོམ་སྒྲིག]ཐ་སྙད་ལ་བརྟེན་ནས་སྟོན་པ། "དེ་ལྟར་དོན་དམ་པ་བསྟན་པ་ནི་ཐབས་ཡིན་ལ། དོན་དམ་པ་རྟོགས་པ་ཡང་ཐབས་ལས་བྱུང་བ་ཡིན་ཏེ། གཞན་དུ་ན་དེ་བསྟན་པར་མི་ནུས་པའི་ཕྱིར་རོ། །"[༡༡]ཞེས་པས་དོན་དམ་པ་རྟོགས་པར་བྱ་བ་ལ་ཀུན་རྫོབ་ཀྱི་ཐ་སྙད་དང་ཐབས་ལ་བརྟེན་དགོས་པ་ཡིན་ལ། ཐ་སྙད་མེད་པར་དོན་དམ་རྟོགས་དུ་མི་རུང་བའི་དོན་ཡིན་ནོ། ། སོ་སོ་རང་རིག་པའི་ཡེ་ཤེས། "ཡུལ་དང་ཡུལ་ཅན་གྱི་སྤྲོས་མཚན་མ་དམིགས་པའི་ཤེས་པ་དེ་ཉིད་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཐ་སྙད་དུ་མཛད་ནས་ཡུལ་ཡུལ་ཅན་དུ་འཛིན་པས་ནི་ཆོས་ཉིད་མི་མཐོང་ལ། ཡུལ་ཡུལ་ཅན་མི་དམིགས་པར་ཤེས་ན་ཆོས་ཉིད་ལ་འཇུག་པའི་ཕྱིར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་རྟོགས་ཞེས་གཞན་ལས་ཐ་སྙད་དུ་མཛད་པ་ཡིན།"[༡༢] ཞེས་པས་ཡུལ་ཡུལ་ཅན་གཉིས་སུ་འཛིན་པས་ཆོས་ཉིད་མི་མཐོང་ལ། གཉིས་སུ་འཛིན་པ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཉིད་རྟོགས་པར་ནུས་པའི་དོན་ཡིན་ནོ། །
བསྡུས་དོན།
[རྩོམ་སྒྲིག]དོན་དམ་ཞེས་པ་ནི་ནང་པའི་ལྟ་གྲུབ་ཀྱི་གཞི་རྩ་ཡིན་ལ། ཆོས་ཐམས་ཅད་ཀྱི་གནས་ཚུལ་ཇི་ལྟ་བ་སྟོང་ཉིད་ཀྱི་དོན་ལ་གོ་དགོས་པ་ཡིན་ནོ། །འདི་ནི་བློ་ཡི་སྤྱོད་ཡུལ་མིན་ཞིང་སྤྲོས་པ་ཐམས་ཅད་ལས་གྲོལ་བ་ཡིན་ལ། འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་དང་མཉམ་དུ་བདེན་པ་གཉིས་སུ་གྲངས་སུ་འགྲོ་ཞིང་། ལམ་ལ་གོམས་པ་ལ་ལྟོས་པ་མེད་པར་གདོད་མ་ནས་དག་པའི་རང་བཞིན་ཡིན་པ་ལས། ཐ་སྙད་པའི་ཐབས་ལ་བརྟེན་ནས་ཁོང་དུ་ཆུད་པར་བྱ་དགོས་པ་ཞིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།