Jump to content

དེ་སྒྲ་དངོས་པོ་ལ་འཇུག་པ་བཞི་

ཡོང་ཁུངས་Wikipedia

དེ་སྒྲ་དངོས་པོ་ལ་འཇུག་པ་བཞི་ནི། བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པ་ལ་འཇུག་པ་བཞི་ལས།

དང་བོ་བདེན་པ་ལ་འཇུག་པ་ནི། དཔེར་ན། དེ་བཞིན་ཉིད། དེ་ཁོ་ན་ཉིད། ཆོས་རྣམས་ཀྱི་དེ་ཉིད། ལྟ་བུའི་བརྗོད་བྱའི་དངོས་པོ་དེའི་ངོ་བོ་ཉིད་དམ་རང་བཞིན་ནམ་བདེན་པར་སྟོན་པར་བྱེད་པའོ།

གཉིས་པ་གསང་བ་ལ་འཇུག་པ་ནི། དཔེར་ན། དེ་མ་བཤད། དེ་མ་སྟོན། དེ་སུ་ལའང་མ་སྟོན། ལྟ་བུ་གསང་བྱའི་དངོས་པོ་དེའི་བརྡ་སྔར་སོང་ཟིན་པས་གང་ཟག་ལ་གསང་བྱ་དེ་བཤད་ཚེ། གསང་བྱའི་རང་མིང་མི་སྨོས་པར། དེ་ཞེས་བརྗོད་པ་ལྟ་བུའོ།

གསུམ་པ་བདག་གི་བ་ལ་འཇུག་པ་ནི། དཔེར་ན། རང་གི་ཡོ་བྱད་སོགས་ལ་མིག་གཏད་དེ། ཁོའི་དེ། བདག་གི་དེ། བདག་ཉིད་ཀྱི་དེ། ངའི་དེ་ལྟ་བུ་བདག་གི་བའམ་བདག་དང་འབྲེལ་བའི་དངོས་པོ་ལ་དེ་སྒྲ་འཇུག་པ་ལ་ཟེར་ཞིང་། བདག་ཉིད་ལ་དེ་སྒྲ་མི་འཇུག་གོ།

བཞི་བ་ཕ་རོལ་པོ་ལ་འཇུག་པ་ནི། དཔེར་ན། མེ་དེ། རྟ་དེ། བོད་དེ། རྒྱ་དེ། ཁྱེད་ཀྱི་དེ། གཞན་གྱི་དེ། ལྟ་བུ་སྟེ་གང་ཟག་ཕ་རོལ་བོདང་། དེ་དང་འབྲེལ་བའི་དངོས་པོ་གཉིས་ཀ་ལ་དེ་སྒྲ་འཇུག་གོ། བརྗོད་བྱའི་དངོས་པོའི་ངོ་བོ་ཉིད་རང་མིང་གིས་བརྗོད་མ་བརྗོད་ལ་མ་ལྟོས་པར་དེ་ཞེས་བརྗོད་པས་གོ་བར་བྱེད་པས་ན་འདི་བཞི་བ་ལ་འཇུག་པའི་དེ་སྒྲ་དངོས་པོ་ལ་འཇུག་པ་ཞེས་བཤད་དོ།