Jump to content

དེ་ལ་ཐ་སྙད་དབང་དུ་བྱས་པ་

ཡོང་ཁུངས་Wikipedia

དེ་སྒྲ་ལ་ཐ་སྙད་དབང་དུ་བྱས་པ་གསུམ་ནི། ཐ་སྙད་འདས་པ་དང་། རྣམ་གྲངས་གཞན་བརྗོད་པ་དང་། ལྷག་བཅས་ཏེ་གསུམ་མོ།

དང་པོ་ཐ་སྙད་འདས་པ་ལ་འཇུག་པ་ནི། དཔེར་ན། བོད་ཡུལ་ནི་ས་མཐོའོ། དེ་ལ་གངས་རི་དང་བྲག་རི་མང་ངོ་ལྟ་བུ་དང་། མེ་འཁོར་ནི་ཤིན་ཏུ་ཆེའོ། དེ་རླངས་འཁོར་ལས་མགྱོགས། དེ་སྐྱེལ་འདྲེན་ལ་ཤིན་ཏུ་གལ་ཆེ། ལྟ་བུ་སྟེ། དོན་དེ་འདས་མ་འདས་གང་ཡིན་ཡང་རུང་མིང་གི་ཐ་སྙད་ཙམ་འདས་པ་ལ་མིང་དེ་སླར་འདྲེན་མི་དགོས་པར་དེ་ཞེས་བརྗོད་པའི་གོ་བ་ལྟ་བུའོ།

གཉིས་པ་རྣམ་གྲངས་གཞན་བརྗོད་ལ་འཇུག་པ་ནི། དཔེར་ན། ལྟོ་ལྡིར་བ་གང་དང་གང་ཡིན་པ་དེ་དང་དེ་ནི་བུམ་པའོ། གདུང་འདེགས་པ་གང་དང་གང་ཡིན་པ་དེ་དང་དེ་ནི་ཀ་བའོ། ལྟ་བུ་སྟེ། བུམ་པ་དང། ཀ་བའི་རྣམས་གྲངས་གཞན་དུ་མ་ཡོད་པ་གང་སྒྲ་དང་དེ་སྒྲས་གོ་བར་བྱེད་པ་ལྟ་བུའོ།

གསུམ་པ་ལྷག་བཅས་ལ་འཇུག་པ་ནི། དཔེར་ན། ཡོད་དེ། བརྗོད་དེ། ལྟ་བུ། སྔར་ལྷག་བཅས་ཀྱི་སྐབས་སུ་བཤད་པ་རྣམས་ཏེ་དོན་སྔ་མ་ལས་གཞན་ཞིག་འདྲེན་རྒྱུ་ཡོད་མེད་ལ་མི་ལྟོས་པར་ཚིག་གི་ཐ་སྙད་ལྷག་མ་ཙམ་འདྲེན་ཅིང་སྟོན་པའོ། འདི་གསུམ་ནི་མིང་ཚིག་གི་ཐ་སྙད་དང་བརྗོད་བྱའི་དངོས་པོ་གཉིས་ཀྱི་ནང་ནས། གཙོ་བོར་ཐ་སྙད་ཁོ་ན་ལ་འཇུག་པས་ན་ཐ་སྙད་ལ་འཇུག་པ་ཞེས་བྱའོ། །