དེ་ཉིད་ལ་འཇུག་ཚུལ་
རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་ཞིག་བྱས་པ་དང་། བྱེད་པ་སྟོན་པ་མ་ཡིན་པ་དང་། རྣམ་དབྱེ་སྦྱར་སའི་བྱ་བའི་གཞི་དང་། བྱ་བ་གཉིས་སོ་སོར་མེད་པས་རྣམ་དབྱེ་གཉིས་པ་མིན་ལ། རྣམ་དབྱེ་སྦྱར་སའི་གཞི་དེའི་ཆེད་དུ་བྱ་བ་བྱས་པ་དང་བྱེད་པ་ཅི་རིགས་སྟོན་པ་་ཡིན་པ་དང་། རྣམ་དབྱེ་སྦྱར་སའི་དགོས་པ་བསྒྲུབ་ཡུལ་གྱི་གཞི་དང་དེའི་དགོས་པ་གཉིས་སོ་སོར་མེད་སྟབས་རྣམ་དབྱེ་བཞི་བ་དགོས་ཆེད་ཡང་མིན། རྣམ་དབྱེ་སྦྱར་སའི་གཞི་དེ་ལ་ཆོས་གཞན་ཞིག་གནས་པར་སྟོན་པ་ཙམ་མ་ཡིན་པ་དང་། རྟེན་པའི་གཞི་དང་བརྟེན་པ་སོ་སོར་མེད་སྟབས། བདུན་པ་གནས་གཞིའམ་རྟེན་གནས་ཀྱང་མིན་ནོ། དེས་ན་དེ་ཉིད་ནི་ལ་དོན་གྱི་ཚིག་ཕྲད་སྦྱར་ས་དེ་ཉིད་ཀྱི་ངོ་བོར་གྲུབ་པའམ་སྦྱར་ས་དེ་ཉིད་ཀྱི་ངོ་བོ་ཉིད་དུ་གྲུབ་པར་སྟོན་པ་ཞིག་དགོས་ཏེ། དཔེར་ན། གསལ་དུ་བཏང་ཞེས་པའི་ཚིག་ཕྲད་སྦྱར་སའི་གསལ་བ་དེའི་ངོ་བོར་བཏང་བའམ་དེའི་ངོ་བོ་ཇེ་གསལ་དུ་བཏང་བའི་དོན་ཡིན་གྱི། གཡས་སུ་ཉལ་ལྟ་བུའི་བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་ཡོད་པ་ལྟ་བུ་མ་ཡིན་ལ། ཚིག་ཕྲད་དུ་ཡིག་མེད་ན་གསལ་བཏང་ཞེས་བརྗོད་ཚེ་གསལ་བ་གཞན་དུ་བཏང་བ་ལྟ་བུ་ཞིག་ལས་གོ་རྒྱུ་མེད་པར་འགྱུར་རོ། ལ་དོན་དེ་ཉིད་ལ་འཇུག་པ་དཔེར་ན། ཤེས་སུ་བཅུག། དངོས་སུ་ཤེས། རྒྱས་སུ་བཅུག། ཞིང་ལས་མཉམ་ལས་སུ་གྱུར། ལེགས་སུ་བཏང་། སེམས་དཔའ་རུ་ངེས། ཁོ་དགའ་རུ་བཅུག། བདེན་པ་རུ་གྲུབ། བྱ་བ་ཆེན་པ་རུ་ངེས། རིན་པོ་ཆེ་རུ་ངེས། སེམས་དཔར་ངེས། བདེན་པར་གྲུབ། ཆེན་པོར་ངེས། རིན་པོ་ཆེར་གསལ། རྒྱལ་ཁབ་ཆེན་པོར་གྱུར། མཆོག་ཏུ་གྱུར། བདེན་ཚིག་ཏུ་གནས། དྲག་ཏུ་འཁྲུག། རབ་ཏུ་གྲུབ། ཀུན་ཁྱབ་ཏུ་སྤེལ། ཇེ་ཟབ་ཏུ་བཏང་། ཤིནད་ཏུ་བདེན། སེམས་འགྱུརད་ཏུ་བཅུག། རྦབ་ལ་འགྲིལད་ཏུ་བཅུག། ཇེ་མང་དུ་བཏང་། ཐང་རྒོད་ས་ཞིང་དུ་གྱུར། འོད་དུ་འཚེར། ལུགས་ངན་ཟད་དུ་བཅུག། གཉིད་སད་དུ་བཅུག། དོད་གལ་ཆེན་དུ་གནས། སྨུག་པ་སྤྲིན་དུ་སོང་། དགྲ་བོའི་ནུས་པ་ཇེ་ཞན་དུ་བཏང་། རྒྱལ་ཁབ་སྲ་བརྟན་དུ་གྱུར། ཕྱེ་ཟན་དུ་བྱས་ནས་ཟོས། རས་རྐྱང་གདན་དུ་བྱས་ནས་ཉལ་། འཇིག་རྟེན་ཞི་འཇམ་དུ་སོང་། མི་རིགས་འདྲ་མཉམ་དུ་གྱུར། ཐག་པ་དམ་དུ་བཟུང་། སེམས་ཇེ་འཇམ་དུ་གྱུར། མེ་ཇེ་འབར་དུ་གྱུར། ཆུ་འཁྱགས་དར་དུ་གྱུར། འོབ་དེ་ཆུ་ཡུར་དུ་བཏང་། གསེར་དུ་གྲུབ། གངས་ཀྱི་རི་བོ་ཚར་དུ་དངར། ལ་ཡིག་གི་དཔེ། ཞིང་ལས་མཉམ་ལས་ལ་བསྒྱུར། ཇེ་ལེགས་ལ་བཏང་། ཚིག་དེ་བདེན་པ་ལ་གནས། ཆོས་དེ་འདུས་བྱས་ལ་གྲུབ། རིམ་གྱིས་མི་དམངས་ལ་ཕན་པའི་ལས་འགུལ་ཆེན་པོ་ལ་གྱུར། དེང་སང་རྒྱལ་ཁབ་ཆེན་པོ་ཞིག་ལ་གྱུར་འདུག། ཇེ་ཟབ་ལ་བཏང་། ཇེ་གཙང་ལ་གྱུར། ཐང་ཆེན་ཞིག་ལ་བསྒྱུར། ཐ་སྙད་ལ་གྲུབ། མི་ཐ་ཆད་ལ་གྱུར། བོད་སྐད་ལ་བསྒྱུར། དོན་ལ་གནས། སྨུག་པ་སྤྲིན་ལ་གྱུར། ཇེ་འཇམ་ལ་སོང་། མི་རིགས་འདྲ་མཉམ་ལ་གྱུར། ཚོང་ལས་སོ་ནམ་ལ་བསྒྱུར། ཆུ་དར་ལ་ལོག། ལྕགས་གསེར་ལ་གྱུར། ཇེ་གསལ་ལ་བཏང་། ཡང་ཚད་མའི་གཞུང་རྣམས་སུ་བ་ལང་ལ་བ་ལང་མ་ཡིན་པ་མེད་གསུངས་པའི་ལ་ཡིག་གི་ཟླས་དྲངས་ན་བ་ལང་ལ་དཀར་ཟལ་ཡོད། ཤིང་ལ་ཙན་དན་ཡོད། བོད་མི་ལ་མཁས་པ་ཡོད། འབྲུ་རིགས་ལ་གྲོ་ཡོད། ལྟ་བུ། བ་ལང་ལ་ར་ཡོད། ཅེས་པའི་ལ་ཡིག་བདུན་པ་གནས་གཞི་ཡིན་ལ། བ་ལང་ལ་དཀར་ཟལ་ཡོད་ཅེས་པའི་ལ་ཡིག་དེ་ཉིད་ཡིན་ལ། ཤིང་ལ་ལོ་མ་ཡོད་ཅེས་པའི་ལ་ཡིག་གནས་གཞི་ཡིན་མོད། ཤིང་ལ་ཙན་དན་ཡོད་ཅེས་པའི་ལ་ཡིག་དེ་དེ་ཉིད་ཡིན། བོད་མི་ལ་མཁས་པ་ཡོད་ཅེས་པའི་ལ་ཡིག་དེ་ཉིད་ཡིན། བང་མཛོད་ནང་ལ་གྲོ་ཡོད། ཅེས་པའི་ལ་ཡིག་གནས་གཞི་ཡིན། འབྲུ་རིགས་ལ་གྲོ་ཡོད། ཅེས་པ་དེ་ཉིད་ཡིན། ཕྱི་མ་རྣམས་དེའི་ངོ་བོར་གྱུར་པའི་དེ་ཉིད་དུ་ཡོད་པ་ལ་བསམ་དགོས། ན་ཡིག་གི་དཔེ། མིང་གིས་བཏགས་ཙམ་ན་སྣང་། དེ་ཀ་རང་ན་འདུག། དེ་ཁོ་ན་ཉིད། སོ་ན་གནས། ནད་པ་ཁ་མལ་ན་ཡོད། ཁྱིམ་ཚང་བདེ་ཐོག་ཡག་ཐོག་ན་ཡོད། བསམ་གཏན་དང་བོ་ན་ཐམས་ཅད། མི་ལྕོག་མེད་ན་དགའ་མ་གཏོགས། ལྟ་བུ། ནད་པ་ཁ་མལ་ན་ཡོད། ཅེས་པའི་ན་ཡིག་དེ་དེ་ཉིད་ཡིན། རུ་བ་ཁ་མལ་ན་ཡོད་ཅེས་པའི་ན་ཡིག་གནས་གཞི་ཡིན་ཏེ། སྔ་མ་ནད་པའི་ངོ་བོ་འཕོ་འགྱུར་ཆེར་མ་བྱུང་བར་སྔར་ལྟར་གྱི་ངོ་བོར་གནས་ཡོད་པའི་དོན་དང་། ཕྱི་མ་འབྲོག་པའི་རུ་བ་སྔར་གྱི་ལྷས་ན་ཡོད་པའི་དོན་ཡིན་ནོ།