Jump to content

དུས་གསུམ་

ཡོང་ཁུངས་Wikipedia

དུས་གསུམ་ཞེས་པ་ནི་འདས་པ་དང་ད་ལྟ་བ་དང་མ་འོངས་པའི་དུས་གསུམ་ལ་གོ་བ་སྟེ། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་སྐོར་ལ་བྱུང་བའི་གཞུང་ལུགས་ཀྱི་གནད་ཆེ་བའི་སྒྲ་ཚིག་གལ་ཆེ་བ་ཞིག་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

དུས་ཞེས་པ་ནི་ཀཱལ་ཞེས་པའི་དོན་སྟེ། རྒྱུན་འཁྱུད་ཀྱི་རིམ་པས་འཇུག་པའི་ཚོད་ལ་གོ་བ་ཡིན། གསུམ་ཞེས་པ་ནི་འདས་པ་དང་ད་ལྟ་བ་དང་མ་འོངས་པའི་དབྱེ་བ་གསུམ་པོ་ལ་ཟེར། སྤྱིར་དུས་ཀྱི་རིམ་པ་གསུམ་པོ་འདི་དག་ནི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་། སེམས་ཅན་གྱི་ཚེ་སྲོག་གི་འཁོར་བ། ཆོས་ཉིད་ཀྱི་ངོ་བོ་ལ་སོགས་པའི་རྣམ་གཞག་ལ་ཁྱེར་ཏེ་འཆད་པར་བྱེད།

ངེས་ཚིག

[རྩོམ་སྒྲིག]

དུས་གསུམ་ཞེས་པ་ནི་དུས་ཀྱི་རྣམ་པ་གསུམ་པོ་སྟེ། འདས་པའི་དུས་དང་། ད་ལྟ་བའི་དུས། མ་འོངས་པའི་དུས་བཅས་གསུམ་ལ་བྱ་བ་ཡིན་ཏེ། "དུས་གསུམ་གྱི་ཆོས་རྣམས་རང་བཞིན་གྱིས་དག་པ་"[]ཞེས་གསུངས་པ་ལྟར་རོ། །

སྤྱིའི་དོན།

[རྩོམ་སྒྲིག]

དུས་གསུམ་ཞེས་པའི་ཐ་སྙད་འདི་ནི་གཞུང་ནང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཁྱད་ཆོས་འཆད་པའི་སྐབས་སུ་ཤིན་ཏུ་དགོས་ཆེ་བ་ཞིག་ཡིན། "དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །"[]ཞེས་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཚུངས་པར་ཡོད་པའི་སྤྱོད་པ་ཡིན་པར་གསུངས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཚང་རྒྱ་བ་ཡིན། "གང་དག་འདས་དང་སོགས་རྐང་པ་གཉིས་ཏེ། གང་དག་སྔར་འདས་པ་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་མགོན་པོ་ད་ལྟར་འཚོ་ཞིང་གཞེས་པ་དེ་དག་མི་མཉམ་པ་དང་མཉམ་པའི་རིག་སྔགས་ཆེན་པོ་འདི་བསླབ་ནས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་ཟུག་རྔུ་མ་ལུས་པ་སེལ་བའི་སྨན་པའི་རྒྱལ་པོ་བླ་ན་མེད་པར་གྱུར་པ་ཡིན་ནོ། །"[]ཞེས་གསུངས།

ཁྱད་པར་གྱི་དོན།

[རྩོམ་སྒྲིག]

དུས་ཀྱི་སྒོ་ནས་དབྱེ་བ། "དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་དང༌བར་པ་དང༌། ཐ་མས་བསྐོར་བའི་ཚུལ་དང་རྣམ་པ་གསུམ་མོ། །"[]ཅེས་གསུངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་རིམ་གྱི་དབྱེ་བ་ཡང་དུས་གསུམ་གྱི་སྒོ་ནས་འཆད་པར་བྱེད།

ཐེག་པ་ཆེན་པོའི་སྒོ་ནས། "དེ་ལ་སྔོན་གྱི་མཐའ་སྟེ། འདས་པ་དང༌། ཕྱི་མའི་མཐའ་མ་འོངས་པ་དང༌། ད་ལྟར་བྱུང་བར་ཀྱང་སྣང་བདེན་གཉིས་སུ་མི་དམིགས་པས་དུས་གསུམ་གྱིས་དག་པ་སྟེ་གང་དག་དུས་གསུམ་གྱི་སྟོང་པར་རྟོགས་པ་དེ་ནི། འདུས་མ་བྱས་ཡིན་པ་ལ་ནི་དོན་གྱི་སྤྲོས་པ་མེད་པ་སྤྱོད་དོ། །"[]ཞེས་དུས་གསུམ་དུ་དག་པའི་རྟོགས་པ་ཐོབ་པའི་སྐབས་སུ་འདུས་མ་བྱས་ཀྱི་ངང་དུ་སྤྱོད་པ་ཡིན་པར་བཤད།

སྔགས་ཀྱི་ལྟ་ཚུལ། "རིགས་སྔགས་ཆེན་པོ་འདི་ལ་བསླབས་པས་བདག་གཞན་གྱི་ཉོན་མོངས་ཀྱི་སྡུག་བསྔལ་མཐའ་དག་སེལ་བའི་སྨན་པའི་རྒྱལ་པོ་བླ་ན་མེད་པར་འགྱུར་ལ། མ་འོངས་པའི་སངས་རྒྱས་གང་དག་སེམས་ཅན་ལ་ཕན་པ་དང་སྙིང་རྗེ་དང་བཅས་པར་སྤྱད་པ་སྤྱོད་པ་དེ་དག་ཀྱང༌། རིགས་སྔགས་ཆེན་མོ་འདི་ལ་ཐོས་བསམ་བསྒོམ་གསུམ་གྱིས་སམ་ཆོས་སྤྱོད་བཅུས་བསླབས་ནས་མཁས་པར་གྱུར་པས་བྱང་ཆུབ་ལ་རེག་པར་གྱུར་བ་ཡིན་ནོ། །"[]ཞེས་པ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྔགས་ཀྱི་ལམ་ལ་བསླབས་པའི་དགོས་ཆེད་གསུངས།

དབྱེ་བ།

[རྩོམ་སྒྲིག]

འདས་པའི་སངས་རྒྱས། "འདས་དུས་སྔོན་གྱི་སོགས་ཚིགས་བཅད་གསུམ་སྟེ། འདས་པའི་དུས་ན་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་ཞིག། ཞིང་མང་པོ་མཐའ་ཡས་བྱེ་བ་ཕྲག་སྟོང་དག་ན་གང་བཞུགས་པ་ཞེས་པའི་མཚོན་ཏེ་འདས་པའི་སངས་རྒྱས་མཐའ་ཡས་པ་"[]ཞེས་གསུངས།

ད་ལྟར་གྱི་སངས་རྒྱས། "གང་ཡང་འཁོར་བའི་མྱ་ངན་ལས་འདས་པ་འཇིག་རྟེན་གྱི་མགོན་པོ་རྣམས་ད་ལྟར་འཚོ་ཞིང་གཞེས་ཏེ་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རིན་ཆེན་ཆོས་སྟོན་པ་"[]ཞེས་གསུངས།

མ་འོངས་པའི་སངས་རྒྱས། མ་འོངས་པའི་དུས་སུ་བྱོན་པར་འགྱུར་བའི་སངས་རྒྱས་ཐམས་ཅད་ཀྱང་ད་ལྟར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ནས་འཚང་རྒྱ་བར་འགྱུར་བ་ཡིན།

གོ་དོན།

[རྩོམ་སྒྲིག]

དོན་དམ་པའི་སྒོ་ནས་འགྲེལ་པ། དུས་གསུམ་ཞེས་པ་ནི་ཐ་སྙད་ཙམ་དུ་བཞག་པ་ལས་དོན་དམ་པར་མ་གྲུབ་པར་བསྟན་ཏེ། "བྱང་ཆུབ་སེམས་དཔས་ནི་སྔོན་གྱི་མཐའ་རྒྱུ་དང་ཕྱི་མའི་མཐའ་འབྲས་བུ་དང་། ད་ལྟར་བྱུང་བ་རང་གི་ངོ་བོ་གསུམ་ཀ་དོན་དམ་པར་མི་དམིགས་པར་ཤེས་པའི་ཕྱིར་དུས་གསུམ་གྱི་ཆོས་རྣམས་རང་བཞིན་གྱིས་དག་པ་སྟེ། རང་བཞིན་གྱིས་གང་དག་པ་དེ་ནི་འདུས་མ་བྱས་སྤྲོས་བྲལ་ཡིན་པའི་ཕྱིར་རྣམ་རྟོག་གི་སྤྲོས་པ་མེད་དོ། །"[]ཞེས་གསུངས་པ་ལྟར་རོ། །"དེ་བས་ན་དུས་གསུམ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དག་པར་གྱུར་པ་ཡིན་ཏེ།"[༡༠] ཞེས་གསུངས་པ་ལྟར། དུས་གསུམ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཆོས་ཉིད་ཀྱི་རང་བཞིན་དུ་བསྟན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 10a
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 19-20
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་གྲངས། 23a-23b
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 5
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 29
  6. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 42
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་གྲངས། 30a
  8. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་གྲངས། 30a
  9. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས།10a-10b
  10. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 35