Jump to content

དུལ་མོ་མོ་བཀྲ་ཤིས་འོད་ཟེར་

ཡོང་ཁུངས་Wikipedia

རྗེ་བདུད་མོ་བཀྲ་ཤིས་འོད་ཟེར་མཆོག་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བའམབཀའ་རྒྱུད་གསེར་ཕྲེང་ལས། “རྗེ་བཀྲ་ཤིས་འོད་ཟེར་ནི། འབྲི་སྟོད་དུ་སྐྱབས་བདུད་གསེར་གསུམ་ལས་བདུད་མོའི་དཔོན་གྱི་སྲས་སུ་འཁྲུངས།”ཞེས་གསུང་པ་ལྟར་འབྲི་ཆུ་རྒྱུད་དུ་སྐྱབས་བདུད་གསེར་གསུམ་ལས་བདུད་མོ་དཔོན་རྒྱུད་དུ་འཁྲུངས་པས་བདུད་མོ་དུ་བོད་པ་ལ་ཕྱིས་དུལ་མོ་རུ་འགྱུར་བར་མངོན། ཡང་བཀའ་རྒྱུད་གསེར་ཕྲེངལས་གོང་སྨོས་དེའི་འཕྲོ་རུ། “རྗེ་ཆོས་གྲགས་རྒྱ་མཚོ་མཇལ་བཀྲ་ཤིས་འོད་ཟེར་ཞེས་པའི་མིང་དང་ཡིག་དྲུག་གི་སྒོམ་ལུང་གནང་།”ཞེས་གསུང་པ་ལྟར་བཀྲ་ཤིས་འོད་ཟེར་ནི་ཀརྨ་པ་བདུན་པས་ཁོང་ལ་གནང་བའི་མཚན་ཡིན་པ་ལ་དགུང་ལོ་ཆུང་ངུའི་དུས་ནས་ཀརྨ་ཆོས་གྲགས་རྒྱ་མཚོ་མཇལ་ཡོད་ལ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་ནི་རབ་བྱུང་བརྒྱད་པའི་ཤིང་ཁྱི་ཕྱི་ལོ ༡༤༥༤ ལོར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་སྟག་ཕྱི་ལོ ༡༥༠༦ ལོར་སྐུ་གཤེགས་པ་ཡིན། ཡང་དེ་ལས། “རྗེ་དཔལ་འབྱོར་དོན་གྲུབ་ལས་རབ་བྱུང་མཛད།”ཅེས་པའི་དཔལ་འབྱོར་དོན་འགྲུབ་ནི་རྒྱལ་ཚབ་དཔལ་འབྱོར་དོན་འགྲུབ་ཞིང་ཁོང་ནི་རབ་བྱུང་བདུན་པའི་ལྕགས་བྱི་ལོ་སྤྱི་ལོ ༡༤༢༠ ལོར་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་སྟག་ལོ་༡༤༨༢ལོར་སྐུ་ཞི་བར་གཤེགས་པའོ། །ཡང་གོང་དེའི་འཕྲོས་སུ་“ལོ་བརྒྱད་ནས་དགེ་ལུགས་པའི་བཤེས་གཉེན་འགའ་ལས་བསྡུས་གྲྭ་གསན༑ རི་བོ་དགེ་ལྡན་དུ་བཞུགས་སྡེ་སྣོད་དང་གསང་སྔགས་ལ་སྦྱངས་པས་མཁས་པར་གྱུར། མཁན་ཆེན་སྡོམ་རྒྱུན་པ་ཆོས་གྲུབ་བཟང་པོ་ལས་བསྙེན་རྫོགས་མཛད། ས་ལུགས་བདེ་མཆོག་ལཱུ་དྲིལ། ཕྱག་རྡོར་འཁོར་ཆེན་གྱི་དབང་རྣམས་ཞུས། རྣམ་ཐོས་ཀྱི་རི་བོར་རྗེ་ཆོས་གྲགས་རྒྱ་མཚོ་མཇལ་ཕྱག་ཆེན་དང་ཆོས་དྲུག་གི་ཉམས་ཁྲིད་ཞུས། མ་མགོན་གྱི་གདམས་སྐོར་དང་། སྐུ་གསུམ་ངོ་སྤྲོད། རླུང་སེམས་གཉིས་མེད། དོ་ཧ་སྐོར་གསུམ། གྲུབ་པ་སྡེ་བདུན། ནང་དོན་རྩ་འགྲེལ། རྗེ་ཉིད་ཀྱིས་མཛད་པའི་འཇིག་རྟེན་གསུམ་སྒྲོན་སོགས་དང་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ཞུས་ནས་གཞུང་ལུགས་ཀུན་ལ་མཁས་པར་མཛད། དབུས་གཙང་གི་གྲྭ་ས་རྣམས་སུ་དྲུང་གི་གྲུབ་མཐར་བཟུང་སྟེ་བགྲོ་གླེང་ཁྲོམ་ཐོག་ཆོད་པར་མཛད། སི་ཏུ་བཀྲ་ཤིས་དཔལ་འབྱོར་ལས་ལྔ་ཚན་ལྔ་དང་བེར་ནག་ཅན་གྱི་སྐོར་རྣམས་ཞུས།”ཞེས་འབྱུང་ལ་སི་ཏུ་བཀྲ་ཤིས་དཔལ་འབྱོར་ནི་ཕལ་ཆེར་རབ་བྱུང་བརྒྱད་པའི་ས་རྟ་ཕྱི་ལོ་༡༤༩༨འཁྲུངས། རབ་བྱུང་དགུ་པའི་ལྕགས་གླང་ཕྱི་ལོ་༡༥༤༡ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའོ། །ཡང་གོང་དེའི་འཕྲོས་སུ་་“རི་ཁྲོད་དབེན་པར་རྩེ་གཅིག་ཉམས་ལེན་ཁོ་ན་མཛད། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཞལ་གཟིགས། ཟུར་དགོན་ནང་སོ་སྐུ་མཆེད་སོགས་ལ་ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་མཛད། སྒ་སྟོད་དུ་ས་གཡོས་ཀྱི་འཇིགས་པ་བཟློག །སྟག་མགོའི་རྟེན་མཇལ་བས་དགུན་དུས་ཆར་ཆེན་བབས། ཟུར་མང་དུ་ཕེབས་བྱ་བཏང་རིན་པོ་ཆེ་སོགས་ལ་ནཱ་རོ་ཆོས་དྲུག་གི་ཁྲིད་མཛད། ཚུར་ལ་རབ་གླིང་ཆོས་སྐོར་རྣམས་ཞུས། རྗེ་མི་བསྐྱོད་ཞབས་དང་མཇལ། སྐྱེས་རབས་སོ་ལྔ་པའི་བཤད་པ་ཕུལ། རྗེའི་བཀའ་ལྟར་སྒར་དུ་བྱོན། ནང་དོན་གྱི་བཤད་པ། ཆོས་དྲུག་དང་དོ་ཧ་སྐོར་གསུམ་གྱི་བཤད་པ་སོགས་ཕུལ།”ཞེས་འབྱུང་ལ་རྗེ་མིབསྐྱོད་ཞབས་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་མཆོག་ལ་ཁོང་ནི་རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་༡༥༠༧ལོར་སྐུ་འཁྲུངས། དགུང་ལོ་ཞེ་བརྒྱད་བཞེས་པ་རབ་བྱུང་དགུ་པའི་ཤིང་སྟག་ཕྱི་ལོ ༡༥༥༤ ལོར་སྐུ་གཤེགས་པའོ། །སྐབས་འདིར་གསལ་བའི་ཐོག་མའི་མཇལ་འཕྲད་སྐབས་རྗེ་མི་བསྐྱོད་ཞབས་དགུང་ལོ་བརྒྱད་དུ་སོན་ཡོད་པ་གསལ་ལ། ཁོང་གི་རྣམ་ཐར་རྒྱལ་བ་སྤྱན་རས་གཟིགས་དབང་བརྒྱད་པའི་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་བླང་དོར་གསལ་བའི་སྒྲོན་མེ་ལས“རྗེ་དགུང་ལོ་བརྒྱད་པའི་དུས་རྗེ་གྲུབ་ཐོབ་ཆེན་པོ་དང་། རྗེ་བཙུན་དམ་པ་བཀྲ་ཤིས་འོད་ཟེར་གཉིས་ཀྱིས་རྗེ་མཇལ་དུ་བྱོན་པ་ན། རྗེས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བརྟགས་པའི་དགེ་བའི་བཤེས་གཉེན་ནི་འདི་ལྟ་བུ་ཞིག་གོ་ཞེས་དགོངས་ནས། ཡོངས་སུ་འཛིན་པའི་རྟེན་འབྲེལ་དུ་མ་བསྒྲིགས། དེའི་དུས་སུ་བླ་མ་རྗེ་བཙུན་པ་གཉིས་ལའང་ལྷག་པའི་ལྷ་རྣམས་ཀྱིས་སྤྲུལ་པའི་སྐུའི་ཡོངས་འཛིན་དུ་བསྔགས་པའི་ལུང་བསྟན་དང་དབུགས་དབྱུང་རྒྱ་ཆེར་མཛད།“ཅེས་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་རྗེ་ཉིད་ཀྱིས་རྣམ་ཐོས་རི་བོར་མཛད་པ་ལས་“དེ་ནས་ལོ་བརྒྱད་ལོན་ཚེ་རྗེ་བཙུན་ཆེ། །མཉན་པ་གྲུབ་ཐོབ་ཞབས་དང་སྤྲུལ་པའི་སྐུ། །བཀྲ་ཤིས་འོད་ཟེར་ཞལ་སྔར་མཇལ་བའི་ཚེ། །ཡོངས་འཛིན་དགེ་བའི་བཤེས་སུ་ཤེས་གྱུར་ནས། །མི་ལྡོག་དད་པས་བསྟེན་པའི་སྨོན་ལམ་བཏབ། །”ཅེས་གསུང་པ་ལྟར་ན། རྗེ་མི་བསྐྱོད་ཞབས་ནི་རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་༡༥༠༧ལོར་སྐུ་འཁྲུངས་པས་ན་ཁོང་ཉིད་དགུང་ལོ་བརྒྱད་དུ་སོན་པའི་ལོ་ནི་སྤྱི་ལོ ༡༥༡༥ ལོ་ཡིན་ཞིང་སྐབས་དེ་དུས་ནས་ཁོང་མཁས་པ་ཆེན་པོར་ཕེབས་ཡོད་པར་གསལ། །ཡང་གསེར་ཕྲེང་དུ་རྗེའི་བཀའ་བཞིན་སྒར་དུ་བྱོན་དུས་ནི་རྗེ་མི་བསྐྱོད་རྡོ་རྗེ་དགུང་ལོ་བཅོ་ལྔར་ལོན་ཡོད་པ་གསལ་ལ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་རྗེ་ཉིད་ཀྱིས་རྣམ་ཐོས་རི་བོར་མཛད་པ་ལས“དེ་ནས་རང་ལོ་བཅོ་ལྔ་པ་ཡི་དུས། །སྤྲུལ་སྐུ་ཆེན་པོ་བཀྲ་ཤིས་འོད་ཟེར་ལ། །གསང་འདུས་བདེ་མཆོག་ཀྱེ་རྡོར་གདན་བཞི་སོགས། །རྒྱུད་ཀྱི་བཤད་བཀའ་ཟབ་མོ་དུ་མ་དང་། །ཟབ་མོ་ནང་དོན་ལ་སོགས་སངས་རྒྱས་ཀྱི། །ཟབ་ཅིང་རྒྱ་ཆེའི་གསུང་རབ་དུ་མ་ཐོས། །ལོ་ངོ་གསུམ་དུ་ཞབས་པད་བསྟཻན་པའི་ཚེ། །སྲིད་དང་ཞི་བའི་ཡོན་ཏན་ཐམས་ཅད་ལ། །སྐྱོན་དུ་གཟིགས་ནས་འདོར་ཞིང་མི་གནས་པའི། །བྱང་ཆུབ་ཆེན་པོ་ཉིད་ཀྱི་ཡོན་ཏན་ལ། །ཡོན་ཏན་ཉིད་དུ་གཟིགས་ནས་ཡོན་ཏན་དེའི། །ཆེད་ཀྱི་བྱ་བ་ཁོ་ན་བསྒྲུབ་པ་ལས། །རྣམ་པར་ཐར་པ་གཞན་དུ་མ་མཐོང་བས། །”ཞེས་གསལ་བ་ལྟར་རྗེ་མི་བསྐྱོད་ཞབས་དེ་ཉིད་དགུང་ལོ་བཅོ་ལྔར་ལོན་སྐབས་ཀྱི་མཇལ་དུས་ལོ་འདི་༡༥༢༢ལོར་ཡིན་ནོ། །

ཡང་གསེར་ཕྲེང་དུ། “དེ་ནས་ཟུར་མང་དུ་ཕེབས། བྱ་བཏང་སོགས་ལ་ཕུང་ལྔའི་རབ་བྱེད། སྙིང་པོ་བསྟན་པ་སོགས་ཀྱི་ལྗགས་བཤད་མཛད། དེ་ནས་རེ་ཞིག་རི་ཁྲོད་ཁོ་ན་མཛད། ཟུར་མང་དང་ཀརྨ་ལྷ་སྟེང་རྣམས་སུ་ཕེབས་རབ་བྱུང་དང་བསྙེན་རྫོགས། དབང་བསྐུར་ཁྲིད་འདེབས་མདོ་སྔགས་ཀྱི་གཞུང་བཤད་སོགས་ཆོས་ཀྱི་འཁོར་ལོ་བསྐོར། རོང་པོ་བན་སྒར་དུ་དགོན་པ་མཛད། ཆུ་མིག་གསར་དུ་བརྡོལ། སྒ་འདན། ལྷོ་རྒྱུད། སྐྱབས་བདུད་རྣམས་སུ་ཕེབས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། རྗེ་མི་བསྐྱོད་ཞབས་ཀྱིས། སངས་རྒྱས་ཐེག་པར་དོན་གཅིག་རྨོངས་པ་བྲལ་ཞེས་སོགས་གསོལ་བ་བཏབ་པའི་བཀའ་ཤོག་ཕེབས། རྗེ་བཙུན་བཀྲ་ཤིས་རྣམ་གཉིས་ཞེས། སངས་རྒྱས་མཉན་པ་དང་བཀའ་དྲིན་མཚུངས་པ་ཉིད་དུ་འཛིན་པར་མཛད་ཅིང་། རྒྱལ་ཚབ་སྤྲུལ་སྐུ་གྲགས་པ་དཔལ་འབྱོར་ལ་སོགས་སྐྱེས་ཆེན་དུ་མ་དང་མདོ་ཁམས་ཀྱི་ལྷ་སྡེ་མི་སྡེ་ཆེན་པོ་ཐམས་ཅད་ཀྱིས་བླ་མ་གཅིག་ཆོག་་ཏུ་འཛིན་ཞིང་ངེས་དོན་བསྒྲུབ་བརྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་སྟོན་པར་མཛད་དོ། །”ཞེས་གསུང་པ་ལྟར་དང་ཁོང་ལས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་དམ་ཆོས་ཇི་ལྟ་གསན་བསམ་མཛད་ཚུལ་ནི་རྒྱལ་བ་སྤྱན་རས་གཟིགས་དབང་བརྒྱད་པའི་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་བླང་དོར་གསལ་བའི་སྒྲོན་མེ་ལས“གཞན་ཡང་རྗེ་བཙུན་བཀྲ་ཤིས་འོད་ཟེར་དེ་ཉིད་ལས་བཀའ་དྲིན་ཅི་ལྟར་ནོད་ཚུལ་ནི་བདེ་གསང་དགྱེས་གསུམ་རྡོ་རྗེ་གདན་བཞི་སོགས་ཀྱི་རྒྱུད་འགྲེལ་དུ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱམས་པའི་ཆོས་སོགས་དང་། ཕྱི་ནང་གི་གྲུབ་པའི་མཐའ་རྒྱ་མཚོ་འཁྲུལ་པ་མེད་པའི་གསན་པ་མཐར་ཕྱིན་པར་མཛད་པས་ཤེས་བྱའི་གནས་ཚུལ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་གཏིང་ཚུགས། དཀའ་གནད་ཀྱི་མདུད་པ་ཐམས་ཅད་ཞིབ་པར་ཁྲོལ། རང་གཞན་གྱི་ཉམས་ལེན་གྱི་གནད་གསང་ལ་དབང་འབྱོར། འཆད་རྩོད་རྩོམ་པའི་ཤེས་རབ་གཞན་དྲིང་ལ་མ་ལྟོས་པར་མངའ་བརྙེས། གདུལ་བྱའི་བློ་དང་འཚམ་པའི་བསྟན་པ་ཐམས་ཅད་འགལ་མེད་དུ་སྟོན་ནུས། ཐེག་པ་གོང་འོག་གི་བླང་དོར་དགག་དགོས་མ་འཆོལ་བར་སྒྲུབ་མཁྱེན་པའི་བློ་གྲོས་ཀྱིས་རྟོགས་པ་སྦྱིན་པར་མཛད་པ་ཡིན་ཞེས་རྗེ་ཉིད་ཀྱིས་གསུང་ཞིང་མངོན་དུ་གྱུར་པ་ལས། སྤྱིར་རྗེ་དེ་ཉིད་ཀྱི་རྗེས་འཇུག་དང་། དགོས་དྭགས་པོ་བ། ཡང་སྒོས་ཀརྨ་ཀམ་ཚང་བར་གཏོགས་པ་རྣམས་ཀྱིས་དམ་པ་འདི་དཔོན་སློབ་རྣམས་ཀྱི་བཀའ་དྲིན་ཅི་ལྟར་གཞལ།”ཞེས་དང་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་བྱང་ཕྱོགས་གངས་ཅན་འདི་ན་ཀརྨ་པ། །རིམ་པར་བྱོན་ལས་བདུན་པ་རང་བྱུང་ནི། །ཀུན་མཁྱེན་ཆོས་རྗེའི་སློབ་མར་གྱུར་འགའ་ཡི། །བཀའ་འབངས་མི་བསྐྱོད་རྡོ་རྗེའི་སྤྱད་པའི་རབས། །ཞེས་པའི་ཁོང་གི་རང་རྣམ་དུ་“དེ་རྗེས་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བཀྲ་ཤིས་འོད་ཟེར་ཞེས་པའི་རྗེ་བཙུན་དམ་པར་ཡང་མ་གི་འདུལ་བ་ནས་ཡ་གི་དཔལ་ལྡན་འདུས་པའི་བར་གྱི་བཀའ་དྲིན་ནོད་དེ། རྣམ་ཐར་དང་ཀུན་སྤྱོད་དེ་ཉིད་ཡི་དམ་དུ་བཟུང་ནས་ཚུལ་དེའི་རྗེས་སུ་ཞུགས་པའི་ལྟ་སྤྱོད་ཀྱི་སྒོ་ནས་བསགས་སྦྱང་ཅི་འགྲུབ་ལ་སྨོན་པར་བྱས་སོ། །”ཞེས་སོགས་གསུང་པ་ལས་ཤེས་ནུས་སོ། །

ཁོང་གསུང་ཆོས་སྐོར་ལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ་ཞེས་པ་ལ་མཛད་བྱང་དུ་“ཅེས་པ་འདི། སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བླ་མ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས་རྩ་བའི་སྒྱུར་བྱེད་ཅེས་པ་གཞུང་དང་། རང་བྱུང་རྡོ་རྗེས་མཛད་པའི་བསྡུས་དོན་དང་སྦྱར་ནས་དཀའ་བའི་གནས་རྣམས་ལ་འགྲེལ་པའང་ཅུང་ཟད་ཙམ་རེ་མཛད་པའོ། །ས་མོ་ཕག་གི་ལོ་སྟོན་ཟླ་དང་པོའི་ཡར་ངོའི་ཚེས་གྲངས་བཟང་པོ་ལ་ལ་རྩ་རྡོ་རྗེའི་གདན་དུ་སྦྱར་བའི་ཡི་གེ་པ་ནི་འོད་ཟེར་བཟང་པོའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །”ཅེས་བྲིས་པ་དང་ཡང་འདིར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ས་གཞུང་བཞུགས་ལགས་སོ་ཞེས་པ་མཛད་བྱང་དུ་“འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ། ཨ་ཙརྱ་ཏིག་ན་གས་ཊི་ཀ་མཛད་པ་དང་། ཨ་ཙརྱ་ཤཱཀྱ་མི་ཏྲ་དང་། ཨ་ཙརྱ་བུདྷ་ཀརྟི་དང་། ཨ་ཙརྱ་བྷ་ཏྲ་བུ་ཧས་ཊི་ཀ་མཛད་པ་རྣམས་ལ་གཞིའི་དོན་དང་། འཕྲལ་དུ་མཁན་པོ་དག་ལ་ཐོས་པ་དང་། མདོ་སྡེ་ལས་འབྱུང་བ་དང་སྦྱར་དེ་བཤད་པ་དང་། བརྡ་སྤྲོད་པར་སླ་བར་བརྗེད་བྱང་དུ། ལོཙྪ་བ་ཞང་ཡེ་ཤེས་སྡེའི་གཞུང་འགྲེལ་གྱི་ས་བཅད་དང་སྦྱར་ཏེ། གཞུང་དང་བསྒྲགས་པ་འདི་ནི། མང་དུ་ཐོས་པའི་བཤེས་གཉེན་བཀྲ་ཤིས་འོད་ཟེར་གྱིས་སྦྱར་བའོ། །”ཞེས་འཁོད་པ་དང་། ཡང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ཞེས་པ་མཛད་བྱང་མི་བཞུགས་པ་ཞིག །ཡང་བླ་མ་དམ་པའི་གསུང་གི་བདུད་རྩི་ཤེས་རབ་སྙིང་པོའི་བསྡུས་དོན་བཞུགས་ལགས་སོ་ཞེས་པ་མཛད་བྱང་དུ་“ཞེས་པ་འདི་ཡོངས་འཛིན་དམ་པ་དགྱེས་བཞིན་རྗེས་སུ་བཟུང་ཞིང༌། གཞོན་ནུ་བློ་གསལ་བ་དང་ལྡན་པ། གཙུག་ལག་ལ་སྦྱངས་པ། བླ་མ་རྒྱལ་མཚན་གྱི་ཟིན་བྲིས་སུ་བྱས་པའོ། །བཀྲ་ཤིས་དཔལ་འབར་འཛམ་གང་རྒྱན་དུ་ཤོག །དགེའོ། །དཔལ་ཀརྨའི་གདན་ས་ཆེན་པོར་བྲིས་པ་དགེ་ལེགས་འཕེལ་”ཞེས་འཁོད་པ་ཞིག་དང་། ཡང་ཤེར་ཕྱིན་སྡུད་པའི་ས་གཞུང་བཞུགས་ལགས་སོ་ཞེས་པ་“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་རང་བྱུང་རྡོ་རྗེའི་ས་བཅད་དང་སྦྱར་ནས། མངའ་བདག་མཻ་ཏྲི་པའི་བཤད་སྲོལ། དཔེ་དོན་བརྒྱ་རྩ་བརྒྱད་ཀྱི་ཁ་བསྐང་དང་བཅས་པ་འདི། བླ་མ་རིན་པོ་ཆེ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས་སྦྱར་བ་དགེ་ལེགས་འཕེལ་”ཞེས་འཁོད་པ་ཞིག་དང་། ཡང་འདིར་འཕགས་པ་བྱམས་པའི་སྨོན་ལམ་གྱི་གཞུང་དང་བསྡུས་དོན་བཞུགས་ལགས་སོ་ཞེས་པ་མཛད་བྱང་དུ་“ཞེས་པ་འདི་ནི། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་གསུང་གི་བདུད་རྩི་ཡུན་རིང་དུ་མྱོང་བ། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ། ཤཱཀྱའི་དགེ་སློང་བཀྲ་ཤིས་འོད་ཟེར་ཞེས་བྱ་བའི་བཀའ་དྲིན་ལ་བརྟེན་ནས་ཟིན་བྲིས་སུ་བྱས་པ་དགེ་ལེགས་འཕེལ་ཞེས་འཁོད་པ་ཞིག་དང་། ཡང་རྒྱུད་ཀྱི་རྒྱལ་པོ་མཚན་ཡང་དག་པར་བརྗོད་པའི་ས་གཞུང་བཞུགས་སོ་ཞེས་པ་མཇུག་མི་ཚང་བ་ཞིག །མཚན་བརྗོད་ཀྱི་ལུང་སྦྱོར་བཞུགས་སོ་པ་མཛད་བྱང་མེད་པ་ཞིག །དགའ་ལྡན་ལྷའི་མདོ་བཞུགས་པ་ལགས་སོ་ཞེས་པ་མཛད་བྱང་དུ་“ཅེས་པ་འདི་བླ་མ་བཀྲ་ཤིས་འོད་ཟེར་གྱིས། སྟག་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་གཅིག་གི་ཉིན་གདན་ས་ཆེན་པོ་དཔལ་གྱི་ཀརྨའི་བྱམས་ཆེན་གྱི་སྐུ་ལ། ཀ་ཤི་ཀའི་རས་དང་མཆོད་རྫས་ཕུལ་བའི་དུས་མཛད་པའོ། །”ཞེས་འཁོད་པ་ཞིག་དང་། ཡང་གྲུབ་མཐའི་རྣམ་གཞག་མདོར་བསྡུས་ཞེས་བྱ་བ་བཞུགས་སོ་ཞརས་པ་མཛད་བྱང་དུ་“ཅེས་པ་འདི་སྒྲུབ་པ་པོ་ཚུལ་ཁྲིམས་སྙིང་པོས་དགོས་ཟེར་ནས། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་སྨྲ་བ་ལ་མི་འཇིགས་པའི་སྤོབས་ཐོབ་པ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་དགེ་སློང་བཀྲ་ཤིས་འོད་ཟེར་གྱིས་སྒར་ཆེན་དུ་བྲིས་”ཞེས་འཁོད་པ་ཞིག་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་བཞུགས་སོ་ཞེས་པ་ཞལ་བྱང་ཡིག་ཆུང་དུ་“བླ་མ་དམ་པ་བཀྲ་ཤིས་འོད་ཟེར་གྱི་གསུང་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་བཞུགས་པའི་དབུ་ཕྱོགས་སོ”་ཞེས་པ་མཛད་བྱང་དུ“ཅེས་པ་འདི་བླ་མ་བཀྲ་ཤིས་འོད་ཟེར་བས་མེ་ཕོ་ཁྱིའི་ལོ་སྟོན་ཟླ་དང་པོའི་ཡར་ཚེས་བཟང་པོ་ལ་བདེ་ལྡན་ཞེས་བྱ་བའི་རི་ཁྲོད་དུ་སྦྱར་བ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་གུ།”ཞེས་འཁོད་པ་དང་། རྗེ་བཙུན་མ་སྒྲོལ་མའི་ཚིག་དོན་གྱི་འགྲེལ་པ་ཉི་མའི་འོད་ཟེར་བཞུགས་སོ་ཞེས་པ་མཛད་བྱང་དུ་“སྒྲོལ་བསྟོད་ཀྱི་འགྲེལ་པ་རྗེ་བཙུན་བླ་མ་བཀྲ་ཤིས་འོད་ཟེར་བས་མཛད་པའོ་ཞེས་འཁོད་པ་དང་། འདིར་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་ག་ལ་ཉེ་བར་མཁོ་བའི་མཆོད་བསྒྲིག་ལས་དང་པོ་པ་ལ་འཇུག་པ་བདེ་བའི་ཟིན་བྲིས་རིན་ཆེན་མཛེས་པའི་དོ་ཤལ་བཞུགས་སོ་ཞེས་པ་མཛད་བྱང་དུ་“རྒྱལ་བ་གཉིས་པར་གྲགས་པ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་རྗེས་སུ་བཟུང་བ། ཡོངས་འཛིན་དགེ་བའི་གཤེས་གཉེན། བྱང་གི་ཕྱོགས་འདིར་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་བཀྲ་ཤིས་འོད་ཟེར་བྱ་བའི་གསུང་གི་བདུད་རྩི་ལས་རྙེད་པ་འདི་ཉིད། བརྗེད་ངས་སྤོང་བའི་ཕྱིར་བསོད་ནམས་དོན་གྲུབ་ཀྱིས་ཡི་གེར་བྲིས་པ་འདིས་འདིར་མོས་པའི་སྐྱེ་དགུ་རྣམས་ལ་རྒྱ་ཆེར་ཕན་ཐོགས་པར་གྱུར་ཅིག །”ཅེས་འཁོད་པ་ཞིག་དང་། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་ཆོག་གི་བསྡུས་དོན་དྲི་མ་མེད་པའི་ཕྲེང་བ་བཞུགས་ལགས་སོ་ཞེས་པ་མཛད་བྱང་དུ་“ཞེས་པ་འདི། སྙིགས་དུས་འགྲོ་བའི་འདྲེན་མཆོག་རྒྱལ་བ་གཉིས་པ་ལྟ་བུ་མཁས་གྲུབ་ཆེན་པོ་བཀྲ་ཤིས་འོད་ཟེར་གྱི་གསུང་ལ་བརྟེན་ནས། ལུང་དང་རིགས་པར་སྨྲ་བའི་ཤཱཀྱའི་དགེ་སློང་བསོད་ནམས་དོན་གྲུབ་ཀྱིས་གཞན་ཕན་གྱི་བསམ་པ་ལྟ་བུར་བླངས་ནས། གདན་ས་ཆེན་པོ་དཔལ་གྱི་ཀརྨའི་ཆོས་གྲྭ་ཆེན་པོ་འོག་མིན་གྱི་གནས་སུ་ཟིན་བྲིས་བྱས་པའོ། །ནོར་འཁྲུལ་གྱུར་ན་མཁས་མཆོག་ཀུན་གྱིས་བཟོད་པར་གསོལ་ཞེས་འཁོད་པ་ཞིག་དང་། འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་གསལ་བར་འདྲེན་པའི་རྣམ་པར་བཤད་པ་བཞུགས་པ་ལགས་སོ་ཞེས་པ་མཛད་བྱང་བྱང་དུ་“སློབ་མ་རྗེས་འཛིན་དབང་བསྐུར་ཆོ་ག་རྣམས། །ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་གྱིས། །མཛད་པའི་གཞུང་དང་ས་་བཅད་སྦྱར་བྱས་ནས། །གོ་བདེ་ཉུང་ངུའི་ངག་གིས་བཤད་པ་འདི། །དཔོན་ཡིག་བཙུན་པ་བློ་གྲོས་བཟང་པོ་ཡིས། །ཐག་རིང་ཡུལ་ནས་ཤོག་བུ་དང་བཅས་ཏེ། །འདི་ལྟར་གྱིས་ཞེས་བསྐུལ་བ་ལ་བརྟེན་ནས། །བླ་མ་བཀྲ་ཤིས་འོད་ཟེར་ཞེས་པས་སྦྱར། །ཆོས་ཚུལ་ཟབ་མོ་རྨད་དུ་བྱུང་བ་འདི། །གངས་རིའི་ཁྲོད་ཀྱི་ཡུལ་ལྗོངས་ནས་བཟུང་སྟེ། །རྒྱ་ནག་རྒྱ་མཚོ་ཆེན་པོར་ཐུག་གི་བར། །མཆོག་ཏུ་དར་ཞིང་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདི། ལུག་ལོ་ཟླ་བ་ལྔ་པ་ལ། ལ་རྩ་དགོན་གསར་དུ་བྲིས་པའི་ཡི་གེ་པ་ནི། གསང་སྔགས་རྙིང་མའི་རིན་ཆེན་འོད་ཟེར་བགྱིས་སོ། །”ཞེས་འཁོད་པ་དང་། དཔལ་རྡོ་རྗེ་རྣལ་འབྱོར་མའི་བཟླས་པའི་མན་ངག་དྲི་མ་མེད་པའི་ཤེལ་ཕྲེང་བཞུགས་སོ་ཞེས་པ་མཛད་བྱང་དུ་“ཞེས་པ་འདི། འགྲོ་བ་ཡོངས་ཀྱི་དཔལ་མགོན་དམ་པར་གྱུར་པ་བླ་མ་རིན་པོ་ཆེ་བཀྲ་ཤིས་འོད་ཟེར་གྱི་གསུང་ལ་བརྟེན་ནས། མང་དུ་ཐོས་པའི་དགེ་སློང་པུཎྱ་སདྷི་ཞེས་བྱ་བས། གདན་ས་ཆེན་པོ་དཔལ་གྱི་ཀརྨའི་ཆོས་གྲྭར་ཟིན་བྲིས་སུ་བྱས་པ་དགེ་ལེགས་འཕེལ།”ཞེས་འཁོད་པ་ཞིག་དང་། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གདམས་ངག་བཞུགས་སོ་ཞེས་པ་མཛད་བྱང་དུ་“ཅེས་པ་འདི། ཀརྨ་ཏཱའི་སིདྷུ་རིན་པོ་ཆེ་བསོད་ནམས་རྣམ་པར་རྒྱལ་བ་དཔལ་བཟང་པོའི་བཀའ་ལུང་གིས་བསྐུལ་བ་ལ་བརྟེན་ནས། སྤྲུལ་པའི་སྐུ་མཆོག་བླ་མ་བཀྲ་ཤིས་འོད་ཟེར་གྱི་གདན་ས་ཆེན་པོ་དཔལ་གྱི་ཀརྨར་སྟག་ལོ་ཟླ་བ་དང་པོར་སྦྱར་བ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་མཆོག་ཤོག །ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་པཎྜཻ་ས་མུ་དྲས་བགྱིས་སོ། །”ཞེས་འཁོད་པ་དང་། ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་གཞུང་འགྲེལ་བཞུགས་པའི་དབུ་ཕྱོགས་ལགས་སོ། །ཞེས་པ་མཛད་བྱང་དུ་“ཅེས་པ་འདི་འོད་གསལ་ཕྱག་རྒྱ་ཆེན་པོ་ལ་མངའ་བརྙེས་པ་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་མ་དམ་པ་བཀྲ་ཤིས་འོད་ཟེར་གྱིས་བདེ་ལྡན་ཞེས་བྱ་བའི་རི་ཁྲོད་དུ་སྦྱར་བའོ། །”ཞེས་འཁོད་པ་དང་། དཔལ་འཁོར་ལོ་བདེ་མཆོག་གི་བསྡུས་དོན་ལགས་སོ་ཞེས་པ་མཛད་བྱང་དུ་“ཞེས་པ་འདི། བླ་མ་རིན་པོ་ཆེ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས་སྦྱར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག”ཅེས་འཁོད་པ་དང་། འདིར་དཔལ་འཁོར་ལོ་བདེ་མཆོག་གི་མངོན་དཀྱིལ་བཞུགས་སོ་ཞེས་པའི་མཛད་བྱང་“ཅེས་པ་འདི་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བླ་མ་དམ་པ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་གསུང་ཇི་ལྟ་བ་བཞིན་དུ་བྱི་བ་ལོ། ཟླ་བ་ལྔ་པའི་ཡར་ཚེས་བཟང་པོ་ལ་ཟུར་དགོན་དུ་བྲིས་པའི་ཡི་གེ་པ་ནི། གསང་སྔགས་རྙིང་མ་པ་འོད་ཟེར་བཀྲ་ཤིས་སོ།”ཞེས་འཁོད་པ་དང་། གཏོར་མའི་མན་ངག་བཞུགས་སོ་ཞེས་པ་དང་རྡོ་རྗེ་དང་དྲིལ་བུའི་དེ་ཉིད་ཅེས་པ་དང་། ཕྲེང་བའི་དེ་ཉིད་ཅེས་པ་དང་། ཚ་ཚ་བཞེངས་པའི་ཐབས་བཞུགས་སོ་ཞེས་པ་དང་། བསང་རིམ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ་ཞེས་པ་མཛད་བྱང་ལ་“ཅེས་པ་འདི། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་བཀྲ་ཤིས་འོད་ཟེར་ཞེས་བྱ་བས་སྦྱར་བ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །”ཅེས་འཁོད་པ་དང་། དྷིལ་པ་ཆོས་རྗེ་རབ་འབྱམས་པའི་དྲིས་ལན་བཞུགས་པའི་དབུ་ཕྱོགས་ལགས་སོ་ཞེས་པ་མཛད་བྱང་དུ་“ཅེས་པ་འདི་མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དྷིལ་པ་ཆོས་རྗེ་ཚང་གིས་དྲིས་པའི་དོན་དུ། བླ་མ་བཀྲ་ཤིས་འོད་ཟེར་པས་མཛད་པའོ། ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །”ཅེས་འཁོད་པ་དང་། མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་ཕྲེང་བ་དབང་པོའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ་ཞེས་པ་ལ་ཞལ་བྱང་འཆན་བུར་“གཟིགས་མོ་མཛོད་ཨང་། མངོན་བརྗོད་དང་། སྡེབ་སྦྱོར་དང་། སྙན་ངག་བཅས་སྟོན་པ་དགེ་སློང་བཀྲ་ཤིས་འོད་ཟེར་གྱིས་མཛད་པ་དང་”ཞེས་འཁོད་པ་དང་། དགྲ་ལྷ་དཔང་བསྟོད་བཅས་ཆོས་ཚན་མང་པོ་བཞུགས་པའོ། །

དེ་ལྟའི་དམ་པ་འདི་ཉིད་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་ངེས་དཀའ་ཡང་ཕྱོགས་ཙམ་ཤེས་ཐུབ་པ་ནི་རབ་བྱུང་བརྒྱད་པའི་ཆུ་སྟག་ལོ་༡༤༨༢ལོར་སྐུ་ཞི་བར་གཤེགས་པའི་རྒྱལ་ཚབ་དཔལ་འབྱོར་དོན་གྲུབ་ལས་བསྙེན་རྫོགས་བསྒྲུབ་པ་ཡིན་པས་ན་ངེས་པར་དུ་འདིའི་ཡར་སྔོན་དུ་སྐུ་འཁྲུངས་དགོས་ལ། དེ་ལྟར་རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་ ༡༥༠༧ ལོར་སྐུ་འཁྲུངས་པའི་རྗེ་མི་བསྐྱོད་རྡོ་རྗེ་དེ་ཉིད་དགུང་ལོ་བཅོ་ལྔར་ལོན་སྐབས་ཀྱི་སྤྱི་ལོ་༡༥༢༢ལོར་ཕན་ཚུན་མཇལ་བར་གསལ་བས་འདི་ཙམ་ནས་དགུང་ལོ་ལྔ་བཅུ་ཡས་མས་སུ་ཕེབས་ཡོད་པར་འདྲ་བ་ལ། གསེར་ཕྲེང་དུ་འཁོད་པའི་ཁོང་གི་རྣམ་ཐར་ལྟར་ན་སྐུ་ཚེ་སྨད་དུ་གཙོ་བོར་ཟུར་མང་དང་ཀརྨ་སོགས་སུ་ཆོས་འཁོར་བསྐོར་བར་གསལ་བ་དང་། ཁོང་གི་བརྩམ་ཆོས་དག་གི་ལོ་ཚིགས་ཀྱང་སྤྱི་ལོ་གང་གི་ལོར་མཛད་པ་ཧ་ཅང་གསལ་པོ་རང་མིན་ཡང་ཚོད་དཔག་བྱས་ན། རབ་བྱུང་བརྒྱད་པ་དང་རབ་བྱུང་དགུ་པའི་བར་སྟེ་སྤྱི་ལོ་༡༤༤༧ལོ་དང་༡༥༠༧ལོའི་བར་དུ་བྱོན་པ་ནི་གསལ་བོར་ཤེས་ཐུབ། ཁོང་གིས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ་ཞེས་པ་མཛད་བྱང་དུ་“ཅེས་པ་འདི། སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བླ་མ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས་རྩ་བའི་སྒྱུར་བྱེད་ཅེས་པ་གཞུང་དང་། རང་བྱུང་རྡོ་རྗེས་མཛད་པའི་བསྡུས་དོན་དང་སྦྱར་ནས་དཀའ་བའི་གནས་རྣམས་ལ་འགྲེལ་པའང་ཅུང་ཟད་ཙམ་རེ་མཛད་པའོ། །ས་མོ་ཕག་གི་ལོ་སྟོན་ཟླ་དང་པོའི་ཡར་ངོའི་ཚེས་གྲངས་བཟང་པོ་ལ་ལ་རྩ་རྡོ་རྗེའི་གདན་དུ་སྦྱར་བའི་ཡི་གེ་པ་ནི་འོད་ཟེར་བཟང་པོའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །”ཅེས་འཁོད་པ་འདི་ནི་རབ་བྱུང་བརྒྱད་པ་དང་དགུ་པའི་ས་ཕག་གང་རུང་ཡིན་དགོས་པ་ལ་སྔ་མ་ལྟར་ན་༡༤༧༩ལོ་དང་ཕྱི་མ་ལྟར་ན་༡༥༣༩ལོར་ཡིན་དགོས་སོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་བཞུགས་སོ་ཞེས་པ་མཛད་བྱང་དུ“ཅེས་པ་འདི་བླ་མ་བཀྲ་ཤིས་འོད་ཟེར་བས་མེ་ཕོ་ཁྱིའི་ལོ་སྟོན་ཟླ་དང་པོའི་ཡར་ཚེས་བཟང་པོ་ལ་བདེ་ལྡན་ཞེས་བྱ་བའི་རི་ཁྲོད་དུ་སྦྱར་བ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་གུ །”ཞེས་འཁོད་པ་འདི་ཡང་རབ་བྱུང་བརྒྱད་པ་དང་དགུ་པའི་མེ་ཁྱི་གང་རུང་ཡིན་དགོས་པ་ལ་སྔ་མ་ལྟར་ན་༡༤༦༧ལོ་དང་ཕྱི་མ་ལྟར་ན་༡༥༢༧ལོར་ཡིན་དགོས་སོ། །

གཞན་ཡང་དགའ་ལྡན་ལྷའི་མདོ་བཞུགས་པ་ལགས་སོ་ཞེས་པ་མཛད་བྱང་དུ་“ཅེས་པ་འདི་བླ་མ་བཀྲ་ཤིས་འོད་ཟེར་གྱིས། སྟག་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་གཅིག་གི་ཉིན་གདན་ས་ཆེན་པོ་དཔལ་གྱི་ཀརྨའི་བྱམས་ཆེན་གྱི་སྐུ་ལ། ཀ་ཤི་ཀའི་རས་དང་མཆོད་རྫས་ཕུལ་བའི་དུས་མཛད་པའོ། །”ཞེས་པའི་སྟག་ལོ་དང་འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་གསལ་བར་འདྲེན་པའི་རྣམ་པར་བཤད་པ་བཞུགས་པ་ལགས་སོ་“ཞེས་པ་མཛད་བྱང་བྱང་དུ་སློབ་མ་རྗེས་འཛིན་དབང་བསྐུར་ཆོ་ག་རྣམས། །ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་གྱིས། །མཛད་པའི་གཞུང་དང་ས་་བཅད་སྦྱར་བྱས་ནས། །གོ་བདེ་ཉུང་ངུའི་ངག་གིས་བཤད་པ་འདི། །དཔོན་ཡིག་བཙུན་པ་བློ་གྲོས་བཟང་པོ་ཡིས། །ཐག་རིང་ཡུལ་ནས་ཤོག་བུ་དང་བཅས་ཏེ། །འདི་ལྟར་གྱིས་ཞེས་བསྐུལ་བ་ལ་བརྟེན་ནས། །བླ་མ་བཀྲ་ཤིས་འོད་ཟེར་ཞེས་པས་སྦྱར། །ཆོས་ཚུལ་ཟབ་མོ་རྨད་དུ་བྱུང་བ་འདི། །གངས་རིའི་ཁྲོད་ཀྱི་ཡུལ་ལྗོངས་ནས་བཟུང་སྟེ། །རྒྱ་ནག་རྒྱ་མཚོ་ཆེན་པོར་ཐུག་གི་བར། །མཆོག་ཏུ་དར་ཞིང་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདི། ལུག་ལོ་ཟླ་བ་ལྔ་པ་ལ། ལ་རྩ་དགོན་གསར་དུ་བྲིས་པའི་ཡི་གེ་པ་ནི། གསང་སྔགས་རྙིང་མའི་རིན་ཆེན་འོད་ཟེར་བགྱིས་སོ། །”ཞེས་པའི་ལུག་ལོ། །རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གདམས་ངག་བཞུགས་སོ་ཞེས་པ་མཛད་བྱང་དུ་“ཅེས་པ་འདི། ཀརྨ་ཏཱའི་སིདྷུ་རིན་པོ་ཆེ་བསོད་ནམས་རྣམ་པར་རྒྱལ་བ་དཔལ་བཟང་པོའི་བཀའ་ལུང་གིས་བསྐུལ་བ་ལ་བརྟེན་ནས། སྤྲུལ་པའི་སྐུ་མཆོག་བླ་མ་བཀྲ་ཤིས་འོད་ཟེར་གྱི་གདན་ས་ཆེན་པོ་དཔལ་གྱི་ཀརྨར་སྟག་ལོ་ཟླ་བ་དང་པོར་སྦྱར་བ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་མཆོག་ཤོག །ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་པཎྜཻ་ས་མུ་དྲས་བགྱིས་སོ། །”ཞེས་པའི་སྟག་ལོ། འདིར་དཔལ་འཁོར་ལོ་བདེ་མཆོག་གི་མངོན་དཀྱིལ་བཞུགས་སོ་“ཅེས་པ་འདི་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བླ་མ་དམ་པ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་གསུང་ཇི་ལྟ་བ་བཞིན་དུ་བྱི་བ་ལོ། ཟླ་བ་ལྔ་པའི་ཡར་ཚེས་བཟང་པོ་ལ་ཟུར་དགོན་དུ་བྲིས་པའི་ཡི་གེ་པ་ནི། གསང་སྔགས་རྙིང་མ་པ་འོད་ཟེར་བཀྲ་ཤིས་སོ།”ཞེས་པའི་བྱི་ལོ་སོགས་ནི་ལོ་ཁམས་མི་གསལ་བས་སྤྱི་ལོ་གང་ཡིན་མི་གསལ་ཞིང་། །ཕལ་ཆེར་ནི་རབ་བྱུང་བརྒྱད་པའི་སྨད་དང་དགུ་པའི་ནང་ནས་ཡིན་དགོས་སོ། །

ཁོང་གི་ད་བཞུགས་བརྩམ་ཆོས་ཀྱི་དཀར་ཆག ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ས་གཞུང་བཞུགས་ལགས་སོ། ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། བླ་མ་དམ་པའི་གསུང་གི་བདུད་རྩི་ཤེས་རབ་སྙིང་པོའི་བསྡུས་དོན་བཞུགས་ལགས་སོ། ། ཤེར་ཕྱིན་སྡུད་པའི་ས་གཞུང་བཞུགས་ལགས་སོ། ། འཕགས་པ་བྱམས་པའི་སྨོན་ལམ་གྱི་གཞུང་དང་བསྡུས་དོན་བཞུགས་ལགས་སོ། ། རྒྱུད་ཀྱི་རྒྱལ་པོ་མཚན་ཡང་དག་པར་བརྗོད་པའི་ས་གཞུང་བཞུགས་སོ། ། མཚན་བརྗོད་ཀྱི་ལུང་སྦྱོར་བཞུགས་སོ། ། དགའ་ལྡན་ལྷའི་མདོ་བཞུགས་པ་ལགས་སོ། ། གྲུབ་མཐའི་རྣམ་གཞག་མདོར་བསྡུས་ཞེས་བྱ་བ་བཞུགས་སོ། ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་བཞུགས་སོ། ། རྗེ་བཙུན་མ་སྒྲོལ་མའི་ཚིག་དོན་གྱི་འགྲེལ་པ་ཉི་མའི་འོད་ཟེར་བཞུགས་སོ། ། གསོ་སྦྱོང་དང་སེམས་བསྐྱེད་ཀྱི་སྡོམ་པ་ལེན་ཐབས་བཞུགས་སོ། ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་ག་ལ་ཉེ་བར་མཁོ་བའི་མཆོད་བསྒྲིག་ལས་དང་པོ་པ་ལ་འཇུག་པ་བདེ་བའི་ཟིན་བྲིས་རིན་ཆེན་མཛེས་པའི་དོ་ཤལ་བཞུགས་སོ། ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་ཆོག་གི་བསྡུས་དོན་དྲི་མ་མེད་པའི་ཕྲེང་བ་བཞུགས་ལགས་སོ། ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་གསལ་བར་འདྲེན་པའི་རྣམ་པར་བཤད་པ་བཞུགས་པ་ལགས་སོ། ། དཔལ་རྡོ་རྗེ་རྣལ་འབྱོར་མའི་བཟླས་པའི་མན་ངག་དྲི་མ་་མེད་པའི་ཤེལ་ཕྲེང་བཞུགས་སོ། ། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གདམས་ངག་བཞུགས་སོ། །

ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་གཞུང་འགྲེལ་བཞུགས་པའི་དབུ་ཕྱོགས་ལགས་སོ། །

དཔལ་འཁོར་ལོ་བདེ་མཆོག་གི་བསྡུས་དོན་ལགས་སོ། ། འདིར་དཔལ་འཁོར་ལོ་བདེ་མཆོག་གི་མངོན་དཀྱིལ་བཞུགས་སོ། ། གཏོར་མའི་མན་ངག་བཞུགས་སོ། ། རྡོ་རྗེ་དང་དྲིལ་བུའི་དེ་ཉིད། ཕྲེང་བའི་དེ་ཉིད། ཚ་ཚ་བཞེངས་པའི་ཐབས་བཞུགས་སོ། ། བསང་རིམ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། དྷིལ་པ་ཆོས་རྗེ་རབ་འབྱམས་པའི་དྲིས་ལན་བཞུགས་པའི་དབུ་ཕྱོགས་ལགས་སོ། ། མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་ཕྲེང་བ་དབང་པོའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ། ། དགྲ་ལྷ་དཔང་བསྟོད།