Jump to content

དུར་ཁྲོད་

ཡོང་ཁུངས་Wikipedia

དུར་ཁྲོད་ཅེས་པ་ནི་ཤི་བའི་རོ་དང་རུས་གོང་སོགས་འཇོག་སའི་གནས་ཏེ། འགྲེལ་པ་མང་པོར་མི་རྟག་པ་དང་མི་གཙང་བ་བསྒོམ་པའི་ཡུལ་དུ་གསུངས་ཤིང་། ལུས་ལ་ཆགས་པ་སྤང་བའི་ཐབས་སུ་དུར་ཁྲོད་ལ་བལྟས་ནས་རང་གི་ལུས་དང་མགོ་སྙོམས་པར་བྱ་དགོས་པར་བསྟན།

འགྲེལ་བཤད།

[རྩོམ་སྒྲིག]

"ལུས་ཀྱི་གཉུག་མའི་ས་ནི་དུར་གྱི་ས་སྟེ། ལུས་ཀྱིས་ཡུན་རིང་པོར་གནས་ནས་ཀྱང་དེ་བཞིན་དུ་མཐར་གཏུགས་པའི་ཕྱིར་རོ། །"[]ཞེས་པ་ལྟར་ལུས་ཀྱི་མཐར་ཐུག་གི་གནས་ལ་གོ།

ངོ་བོ་དང་ཁྱད་ཆོས།

[རྩོམ་སྒྲིག]

མི་གཙང་བའི་གནས། "དུར་ཁྲོད་དག་ཏུ་བོར་བའི་ལུས་མི་གཙང་བ་གཞན་ཡང་བལྟ་བར་གྱིས། དེ་ལྟར་བལྟས་ཏེ་བརྟགས་པས་གང་ལས་པགས་པའི་ཁ་ཕྱེ་སྟེ་བཤུས་པ་ན་དེ་མཐོང་བ་རྣམས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་"[]ཞེས་གསུངས་པ་ལྟར་མི་གཙང་བ་དང་འཇིགས་སུ་རུང་བའི་གནས་སུ་བསྟན།

མི་རྟག་པ་བསྒོམ་པའི་ཡུལ།

[རྩོམ་སྒྲིག]

ལུས་འཇིག་པའི་ཆོས་ཅན་རྟོགས་པ། "དུར་ཁྲོད་དུ་སོང་ནས་གཞན་དག་གི་ཤི་བའི་རོ་དང་རུས་གོང་དག་དང་བདག་གི་ལུས་གཉིས་མཚུངས་པར་འཇིག་པའི་ཆོས་ཅན་དག་ཏུ་ནི། ནམ་ཞིག་བདག་གི་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ནོ་ཞེས་མགོ་སྙོམ་བྱེད་པར་འགྱུར་སྙམ་དུ་སྨོན་པར་བྱའོ། །"[]ཞེས་གསུངས་པ་ལྟར་རང་གི་ལུས་ཀྱང་མཐར་འཇིག་པའི་ཆོས་ཅན་དུ་ངོས་འཛིན་བྱེད་པའི་ཡུལ་ཡིན།

གཞན་གྱི་རོ་དང་མགོ་སྙོམས་པ། "སྐབས་སུ་དུར་ཁྲོད་དུ་སོང་ནས་སྔར་ཤི་བ་གཞན་དག་གི་རོ་གསར་རྙིང་བམ་མྱགས་རུལ་བ་དང་རུས་གོང་དག་དང་བདག་རང་གི་ལུས་གསོན་པོར་སྣང་བ་འདི་ཡང་མཐར་ངེས་པར་འཇིག་པའི་ཆོས་ཅན་དག་ཏུ་ནི་འདི་དག་དང་འདྲའོ་ཞེས་དུས་ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར་ཞེས་མི་རྟག་པ་མི་གཙང་བ་ངེས་འབྱུང་གི་བསམ་པ་ཡིད་ལ་བྱེད་དོ། །"[]ཞེས་གསུངས།

ལུས་ལ་ཆགས་པ་སྤང་བའི་ཐབས།

[རྩོམ་སྒྲིག]

བྱ་རྒོད་ཀྱིས་དྲངས་པ་མཐོང་བ། "རང་ཉིད་ཤི་ནས་སེམས་དང་བྲལ་བའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་ནས་བོར་བ་ན་བྱ་རྒོད་བཟའ་བྱའི་ཤ་ལ་ཆགས་པ་མང་པོ་ཡིས་ལུས་ཀྱི་ཡན་ལག་རྐང་ལག་དང་རྒྱུ་ལྟོ་སོགས་དེ་དག་ཕྱོགས་ཕན་ཚུན་ཡས་མན་ཀུན་ཏུ་བཤལ་བ་སྟེ་དྲུད་ཅིང་འཁྲིད་པར་བྱས་ནས་ཟོས་པར་གྱུར་ཀྱང་དེའི་ཚེ་སེམས་སམ་ཡིད་ཁྱོད་མི་དགར་མི་བྱེད་ན་ད་ལྟ་རྒྱུ་མཚན་ཅིའི་ཕྱིར་ལུས་ལ་ཆགས་ཤིང་ཞེན་ནས་གཅེས་པར་བཟུང་སྟེ་འདི་སྲུང་བའི་ཁ་ཏའམ་གཉེར་ཁ་བྱེད་དེ་བྱེད་པ་མི་རིགས་སོ། །"[]ཞེས་གསུངས་པ་ལྟར་ལུས་ལ་ཆགས་ཞེན་སྤང་བའི་ཐབས་སུ་བསྟན།

གྲོང་གི་དུར་ཁྲོད་ལ་མི་དགའ་བ། "ཤི་བས་རོ་རྣམ་པར་འཐོར་བའི་རུས་པའི་གོང་བུ་འབའ་ཞིག་མཐོང་བར་གྱུར་ནས་ནི་དུར་ཁྲོད་དུ་ནི་ལྟ་ཞིང་འདུག་པར་མི་འདོད་པས་ཡིད་འབྱུང་ཞིང་མི་དགའ་བར་བྱེད་ན། རླུང་སེམས་ཀྱི་ཁོང་འདྲེས་གཡོ་བའི་རུས་གོང་གིས་ཁྱབ་པའི་གྲོང་གི་དུར་ཁྲོད་འཇིགས་སུ་རུང་བ་འདི་ལ་དགའ་འམ་སྟེ་དགའ་ཞིང་ཆགས་པར་མི་རིགས་སོ། །"[]ཞེས་གསུངས་པ་ལྟར་གྲོང་ཁྱེར་གང་པོ་རུས་གོང་གིས་ཁྱབ་པའི་དུར་ཁྲོད་དང་འདྲ་བར་བསྟན།

བསྡུས་དོན།

[རྩོམ་སྒྲིག]

དུར་ཁྲོད་ཅེས་པ་ནི་རོ་དང་རུས་གོང་འཇོག་སའི་གནས་ཏེ། ལུས་ཀྱི་མཐར་ཐུག་གི་གནས་ཡིན་པས་དུར་གྱི་ས་ཞེས་ཀྱང་བྱ། དེར་བལྟས་ནས་རང་གི་ལུས་ཀྱང་མཐར་འཇིག་པའི་ཆོས་ཅན་དུ་ཤེས་པ་དང་། ལུས་ལ་ཆགས་ཞེན་སྤང་བའི་ཐབས་སུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབེན་པ་ལ་གནས་སྐབས་མི་རྟག་པ་དང་མི་གཙང་བ་བསྒོམ་པའི་ཡུལ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༢༢༨
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༡༥༠
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༩༢
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༤༢༩
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༤༠༣-༤༠༤
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༤༤༦