དམྱལ་བའི་སྡུག་བསྔལ་
དམྱལ་བའི་སྡུག་བསྔལ་ཞེས་པ་ནི་སེམས་ཅན་རྣམས་ཀྱིས་སྡིག་པའི་ལས་བསགས་པའི་འབྲས་བུར་དམྱལ་བའི་གནས་སུ་སྐྱེས་ཏེ་མྱོང་དགོས་པའི་སྡུག་བསྔལ་དཔག་ཏུ་མེད་ཅིང་བཟོད་བླག་མེད་པ་ལ་གོ འདི་ནི་ད་ལྟའི་མིའི་སྡུག་བསྔལ་དང་བསྡུར་ན་གྲངས་ལས་འདས་པ་ཡིན་པ་དང་། ལྷག་པར་ཁོང་ཁྲོའི་སེམས་ཀྱིས་བསྐྱེད་པའི་སྡིག་པའི་ལས་ཀྱི་འབྲས་བུར་མྱོང་དགོས་པ་ཞིག་ཡིན་ནོ། །
ནང་དོན།
[རྩོམ་སྒྲིག]དཔྱད་གཞིའི་ནང་དུ་ད་ལྟའི་མིའི་སྡུག་བསྔལ་དང་དམྱལ་བའི་སྡུག་བསྔལ་གྱི་ཁྱད་པར་ཆེན་པོ་གསལ་བོར་གསུངས་ཏེ། "མིའི་སྡུག་བསྔལ་འདི་ཙམ་ཡང་མི་བཟོད་དོ་སྙམ་ན། ད་ལྟའི་སྐབས་སུ་དགྲ་མི་སྡུག་པས་རང་གི་གཉེན་བཤེས་ལ་བརྡུང་བརྡེག་སོགས་ཀྱི་གནོད་པ་བྱས་པ་དང་གཉེན་བཤེས་སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་ཆུང་ངུ་འདི་ཙམ་ལའང་བདག་གིས་བཟོད་ཅིང་བསྲན་པར་མི་ནུས་པ་མངོན་སུམ་དུ་མྱོང་པས་གྲུབ་ན།"[༡] ཞེས་པ་འདིས་ད་ལྟ་རང་གི་གཉེན་བཤེས་ལ་དགྲས་གནོད་པ་བཏང་བའམ། གཉེན་བཤེས་དང་བྲལ་བའི་སྡུག་བསྔལ་ཆུང་ངུ་འདི་ཙམ་ལའང་ང་ཚོས་བཟོད་མི་ཐུབ་པ་ཡིན་ནོ། ། ད་ལྟའི་སྡུག་བསྔལ་ཆུང་ངུ་མ་བཟོད་ན། "བཀྲེས་སྐོམ་དང་མཚོན་ཅུང་ཟད་བསྣུན་པ་སོགས་ད་ལྟའི་སྡུག་བསྔལ་འདི་ཙམ་ལའང་བདག་གིས་བཟོད་པར་མི་ནུས་ན་རྒྱུ་མཚན་དེས་ན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ཁྲོ་བ་ཅི་སྟེ་ལྡོག་པར་མི་བྱེད་འབད་པས་ལྡོག་པར་བྱའོ། །"[༢]འདིས་བཀྲེས་སྐོམ་ལྟ་བུའི་སྡུག་བསྔལ་ཆུང་ངུ་དང་། ཡང་ན་མཚོན་གྱིས་ཅུང་ཟད་ཙམ་བསྣུན་པའི་སྡུག་བསྔལ་ལ་ང་ཚོས་བཟོད་མི་ཐུབ་ན། དེ་ལས་གྲངས་ལས་འདས་པའམ་ཆེ་བའི་དམྱལ་བའི་སྡུག་བསྔལ་ཇི་ལྟར་བཟོད་ཐུབ་པ་ཡིན་ནམ་སྙམ་མོ། ། རྡུང་བརྡེག་གི་སྡུག་བསྔལ་ཡང་མ་བཟོད་ན། "ཁུ་ཚུར་དང་ཐལ་ལྕག་དང་བོང་བ་ལ་སོགས་པས་བསྣུན་པར་བྱས་པའི་སྡུག་བསྔལ་ཅུང་ཟད་ཙམ་ཡང་དེ་ལྟར་བཟོད་པར་ཏེ་བརྟེན་པར་མི་ནུས་ཤིང་མི་ལྕོགས་ན་དེ་འདིར་ཁྱོད་ལ་འདྲི་བར་བྱ་སྟེ།"[༣] ཞེས་པ་འདིས་་རེ་ཞིག་གསལ་བར་བསྟན་པ་ནི་ཁུ་ཚུར་རམ་ཐལ་ལྕག རྡོ་ཆུང་ངུ་སོགས་ཀྱིས་བསྣུན་པ་ལྟ་བུའི་སྡུག་བསྔལ་ཆུང་ངུ་རྣམས་ལའང་ང་ཚོས་བཟོད་མི་ཐུབ་ན། དེ་ལས་བརྒྱ་སྟོང་ཕྲག་ཏུ་ཆེ་བའི་དམྱལ་བའི་སྡུག་བསྔལ་ལ་ཇི་ལྟར་བཟོད་ཐུབ་བམ་ཆེས་དཀའ་འོ། །
དམྱལ་བའི་སྡུག་བསྔལ་གྱི་རྒྱུ།
[རྩོམ་སྒྲིག]ཁོང་ཁྲོ་དམྱལ་བའི་རྒྱུ་ཡིན་པ། "རྒྱུ་མཚན་དེ་ལྟ་བས་ན་མ་འོངས་པའི་དམྱལ་བའི་སྡུག་བསྔལ་བཟོད་བླག་མེད་པ་མྱོང་བར་འགྱུར་བའི་རྒྱུ་ཁོང་ཁྲོ་ཤུགས་དྲག་མངོན་གྱུར་དུ་ལྡང་བ་འདི་ཅི་སྟེ་བཟློག་པར་མི་བྱེད་བྱེད་པར་རིགས་"[༤]ཞེས་འདིས་གསལ་བར་བསྟན་པ་ནི། མ་འོངས་པར་དམྱལ་བའི་སྡུག་བསྔལ་བཟོད་བླག་མེད་པ་མྱོང་དགོས་པའི་རྒྱུ་གཙོ་བོ་ནི་ཁོང་ཁྲོའི་སེམས་ཡིན་ན་ཁོང་ཁྲོ་འདི་ངེས་པར་དུ་བཟློག་དགོས་སོ། ། ལས་འབྲས་ཀྱི་ཚུལ་རྨོངས་པ། "དེས་ན་བདག་ལས་འབྲས་ཀྱི་ཚུལ་ལ་ཤིན་ཏུ་རྨོངས་པའི་སྙམ་དུ་བསམས་ནས་རང་གིས་རང་ལ་ཁྲེལ་བདས་བྱས་ཏེ་ཁོང་ཁྲོའི་དབང་དུ་མ་ཤོར་བ་ལ་ཅི་ནས་ཀྱང་འབད་པར་བྱ་རིགས་སོ། །"[༥]དེས་ན་ང་ཚོས་ལས་དང་འབྲས་བུའི་འབྲེལ་བ་ལ་རྨོངས་པ་ཡིན་སྙམ་དུ་བསམས་ཏེ། རང་གིས་རང་ལ་ཁྲེལ་བ་དང་དྲན་ཤེས་བསྟེན་ནས་ཁོང་ཁྲོའི་དབང་དུ་མ་ཤོར་བར་འབད་བརྩོན་བྱ་དགོས་སོ། །
དམྱལ་བའི་སྡུག་བསྔལ་ལྡོག་པའི་ཐབས།
[རྩོམ་སྒྲིག]སྡུག་བསྔལ་ལ་བཟོད་པས་སྔོན་གྱི་སྡིག་པ་སྦྱོང་བ། "དེའང་ད་ལྟ་གནོད་བྱེད་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་མྱོང་དགོས་པ་འདི་ནི་རང་གིས་སྔར་བསགས་པའི་ལས་ངན་གྱི་འབྲས་སུ་ཡིན་ལ། དེ་ལྟ་དེ་མྱོང་བས་ནི་སྔོན་གྱི་ལས་ངན་དུ་མ་ཟད་པར་འགྱུར་ལ།"[༦] ཞེས་གསུངས་པས་ད་ལྟ་གཞན་གྱིས་རང་ལ་གནོད་པ་བཏང་བས་མྱོང་བཞིན་པའི་སྡུག་བསྔལ་འདི་ནི་སྔར་རང་གིས་བསགས་པའི་ལས་ངན་གྱི་འབྲས་བུ་ཡིན། འདི་དང་ལེན་བྱས་ན་སྔོན་གྱི་ལས་ངན་ཟད་པར་འགྱུར་རོ། ། བཟོད་པས་བསོད་ནམས་འཕེལ་བ། "དེ་ལ་སེམས་མི་འཁྲུགས་པར་བཟོད་པར་བྱས་ན་ནི་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་སྡིག་པ་ཆེན་པོ་གསར་དུ་མི་གསོག་ཅིང་མཐོ་རིས་དང་ཐར་པ་ཐོབ་བྱེད་ཀྱི་བསོད་ནམས་མང་དུ་འཕེལ་ལ།"[༧] ཞེས་པས་ད་ལྟའི་སྡུག་བསྔལ་ལ་སེམས་འཁྲུགས་པར་མ་བྱས་པར་བཟོད་པ་བསྟེན་ན། ཕྱི་མར་དམྱལ་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་སྡིག་པ་གསར་དུ་མི་གསོག་ཅིང་། བཟོད་པའི་བསོད་ནམས་ཀྱིས་མཐོ་རིས་དང་ཐར་པ་ཐོབ་པའི་རྒྱུར་འགྱུར་བའོ། ། ཁྲོས་ན་དམྱལ་བའི་རྒྱུ་གསོག་པ། "ད་ལྟའི་གནོད་བྱེད་ལ་ཁྲོས་ཤིང་འཁྲུགས་པར་གྱུར་ན་ནི་དེ་ལས་ཀྱང་ཆེས་ཆེར་ལྷག་པའི་སྡུག་བསྔལ་མྱོང་དགོས་པའི་རྒྱུ་གསོག་པར་འགྱུར་ཏེ།"[༨] ཞེས་པས་མ་ཟད་ད་ལྟ་གནོད་བྱེད་ལ་ཁྲོས་ཤིང་སེམས་འཁྲུགས་པར་བྱུང་ན། ད་ལྟ་མྱོང་བཞིན་པའི་སྡུག་བསྔལ་དེ་ལས་ཀྱང་ཆེས་ཆེ་བའི་སྡུག་བསྔལ་ཕྱི་མར་མྱོང་དགོས་པའི་རྒྱུ་གསོག་པར་འགྱུར།
སྨན་པ་མཁས་པའི་དཔེ།
[རྩོམ་སྒྲིག]"དེ་བས་ན་ནད་ཚབས་ཆེན་པོ་གསོ་བའི་ཐབས་སུ་སྨན་པ་མཁས་པས་གཏར་སྲེག་བྱེད་པ་བཟོད་པར་བྱེད་པ་ལྟར་ཕྱི་མའི་སྡུག་བསྔལ་ཆེན་པོ་ལྡོག་པའི་ཕྱིར་དུ་ད་ལྟའི་སྡུག་བསྔལ་ཆུང་དུ་ལ་ཤིན་ཏུ་བཟོད་པར་བྱ་རིགས་པར་གསུངས་སོ། །"[༩]ཞེས་གསུངས་པ་དཔེར་ན་ནད་ཆེན་པོ་གསོ་བའི་ཆེད་དུ་སྨན་པ་མཁས་པས་གཏར་སྲེག་བྱེད་པ་ལ་བཟོད་པ་བྱེད་པ་བཞིན། ཕྱི་མའི་དམྱལ་བའི་སྡུག་བསྔལ་ཆེན་པོ་བསལ་བའི་ཆེད་དུ་ད་ལྟའི་སྡུག་བསྔལ་ཆུང་ངུ་ལ་ཤིན་ཏུ་བཟོད་པར་བྱ་རིགས་སོ། །
རྒྱལ་པོའི་ཁྲིམས་ཀྱི་དཔེ།
[རྩོམ་སྒྲིག]"རྒྱལ་པོའི་ཁྲིམས་ཆེན་པོས་བསད་པར་བྱ་བ་ཞིག་ལག་པ་ཙམ་བཅད་ནས་ཐར་བར་གྱུར་ན་ཆེས་ལེགས་པར་བྱེད་པ་བཞིན་དུ་ད་ལྟའི་མིའི་སྡུག་བསྔལ་འདི་ཙམ་ཞིག་གིས་ཕྱིས་ངན་སོང་གི་སྡུག་བསྔལ་ཡུན་རིང་མྱོང་བར་འགྱུར་བ་རྣམས་བྲལ་བར་གྱུར་ན་ཅིའི་ཕྱིར་མ་ལེགས་ཏེ།"[༡༠] ཞེས་རྒྱལ་པོའི་ཁྲིམས་ཆེན་པོས་བསད་པར་བྱ་བ་ཞིག་གིས་ལག་པ་གཅིག་ཙམ་བཅད་ནས་ཐར་བར་གྱུར་ན་ཤིན་ཏུ་ལེགས་པར་ཡིད་ཆེས་བྱེད་པ་ལྟར། ད་ལྟའི་མིའི་སྡུག་བསྔལ་འདི་ཙམ་གྱིས་ཕྱི་མར་ངན་སོང་གི་སྡུག་བསྔལ་ཡུན་རིང་པོ་རྣམས་ལས་གྲོལ་ཐུབ་ན་ཅིའི་ཕྱིར་མ་ལེགས་སོ། །
བསྡུས་དོན།
[རྩོམ་སྒྲིག]དམྱལ་བའི་སྡུག་བསྔལ་ཞེས་པ་ནི་གཙོ་བོ་ཁོང་ཁྲོའི་སེམས་ཀྱིས་བསྐྱེད་པའི་སྡིག་པའི་ལས་ཀྱི་འབྲས་བུར་མྱོང་དགོས་པའི་སྡུག་བསྔལ་དཔག་ཏུ་མེད་ཅིང་བཟོད་བླག་མེད་པ་ཞིག་ཡིན། འདི་ནི་ད་ལྟའི་བཀྲེས་སྐོམ་དང་མཚོན་གྱིས་བསྣུན་པ། རྡོ་ཆུང་ངུས་གདུངས་པ་སོགས་ཀྱི་སྡུག་བསྔལ་ཆུང་ངུ་རྣམས་དང་བསྡུར་ན་གྲངས་ལས་འདས་པར་ཆེ་བ་ཞིག་ཡིན། དེས་ན་ད་ལྟའི་སྡུག་བསྔལ་ཆུང་ངུ་རྣམས་ལའང་བཟོད་མི་ཐུབ་ན། དམྱལ་བའི་སྡུག་བསྔལ་ལ་ཇི་ལྟར་བཟོད་ཐུབ་བམ། དེས་ན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ཁོང་ཁྲོ་ངེས་པར་དུ་བཟློག་དགོས་ཤིང་། ད་ལྟའི་སྡུག་བསྔལ་ལ་བཟོད་པ་བྱས་ན་སྔོན་གྱི་སྡིག་པ་སྦྱོང་ཞིང་མ་འོངས་པར་བདེ་འགྲོ་དང་ཐར་པ་ཐོབ་པའི་རྒྱུར་འགྱུར་བ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།