Jump to content

དམྱལ་བ་

ཡོང་ཁུངས་Wikipedia

དམྱལ་བ་ནི་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ངན་པའི་རྣམ་སྨིན་གྱིས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་བའི་ངན་འགྲོའི་གནས་གཅིག་ཡིན་ཏེ། "སེམས་ཅན་དམྱལ་བའི་སྡུག་བསྔལ་སོགས་མྱོང་བ་པོ་རང་གི་སྔོན་གྱི་སྡིག་པའི་སེམས་ལས་བྱུང་བ་"[]ཞེས་གསུངས་པ་དང་དེ་བཞིན་འགྲོ་བ་རིགས་དྲུག་གི་ནང་ནས་སྡུག་བསྔལ་ཆེ་ཤོས་མྱོང་བའི་གནས་ཤིག་ཡིན་ཞིང་། "དམྱལ་བ་ནི་ས་ཆེན་པོའི་རྡུལ་ལྟ་བུ་"[]ཞེས་གསུངས་པ་ལྟར་དམྱལ་བའི་སེམས་ཅན་གྱི་གྲངས་ཀ་ཤིན་ཏུ་མང་པོ་ཡོད་པ་དང་། མཐོ་རིས་ཀྱི་སེམས་ཅན་ལས་ཆེས་མང་བར་བཤད་དོ། །

མཚན་ཉིད།

[རྩོམ་སྒྲིག]

སྔོན་གྱི་ལས་ངན་པའི་རྣམ་སྨིན་གྱིས་སྡུག་བསྔལ་བཟོད་དཀའ་བ་མྱོང་བའི་ངན་འགྲོའི་གནས་ཤིག་ཡིན་ཏེ། "དམྱལ་བ་སོགས་ཀྱི་སྡུག་བསྔལ་བཟོད་དཀའ་བ་བསྐྱེད་པར་ངེས་པའི་སྡིག་པ་"[]ཞེས་གསུངས་པ་བཞིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

"སེམས་ཅན་དམྱལ་བའི་མེ་དེ་ནི་སེམས་ཅན་དམྱལ་བ་པ་རྣམས་བསྲེག་པའི་ཕྱིར་རབ་ཏུ་སྤང་བ་ཡིན་པས་དམྱལ་བ་པའིའོ། །"[]ཞེས་གསུངས་པ་ལྟར་དམྱལ་བ་ཞེས་པ་ནི་སྡུག་བསྔལ་གྱིས་དམྱལ་ཞིང་གདུང་བའི་གནས་ལ་བྱའོ། །

དབྱེ་བ།

[རྩོམ་སྒྲིག]

ཚ་དམྱལ་བརྒྱད། "ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་སྟེ་ཚ་བས་ཉམ་ཐག་པའི་དམྱལ་བ་བརྒྱད་པོ་"[]ཞེས་གསུངས་སོ། །གྲང་དམྱལ་བརྒྱད། "ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། ཨ་ཆུ་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ། གྲང་བས་ཉམ་ཐག་པའི་དམྱལ་བ་བརྒྱད་པོ་"[]ཞེས་གསུངས་སོ། །ཉེ་འཁོར་བའི་དམྱལ་བ། "རལ་གྲི་ལོ་མའི་ནགས་ཚལ་"[]དང་། "ཤལ་མ་ལི་ཡི་སྡོང་པོ་དག"[] ཅེས་གསུངས་པ་ལྟ་བུའོ། །

དམྱལ་བའི་རྒྱུ།

[རྩོམ་སྒྲིག]

"སྡིག་པ་འཇོམས་པའི་ནུས་པ་ཆེན་པོ་དང་ལྡན་ཏེ། སེམས་བསྐྱེད་དེས་ནི་བསྐལ་པ་འཇིག་པའི་དུས་མཐའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་སྲེག་པར་བཞིན་དུ་དམྱལ་བ་སྐྱེད་པའི་སྡིག་པ་ཆེན་པོ་རྣམས་དུས་སྐད་ཅིག་གཅིག་གིས་ངེས་པར་སྲེག་བྱེད་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར་སྡིག་པ་ཆེན་པོ་རྣམས་ནི་དམྱལ་བའི་རྒྱུ་ཡིན་ནོ། །"འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྟོབས་ཤིན་ཏུ་ཆེན་པོ་དང་ལྡན་པའི་དགྲ་བོ་འདིས་ནི། དམྱལ་བའི་མེ་གང་དང་འཕྲད་ན་དངོས་པོ་གཞན་ལྟ་ཞོག་དཔག་ཚད་བརྒྱད་ཁྲི་ཡོད་པའི་རི་ཡི་རྒྱལ་པོ་རྒྱ་ཆེ་ཞིང་བརྗིད་པ་བརྟན་པའི་རི་རབ་ཀྱང་སྐད་ཅིག་གིས་ཐལ་བ་ཙམ་ཡང་ནི་མི་ལུས་པར་བསྲེག་པར་ནུས་པ་ཡི་དམྱལ་བ་མནར་མེད་པའི་མེ་ནང་དེར་བདག་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་སྐྱེས་པ་ལྟ་བུའི་དུས་སྐད་ཅིག་མ་གཅིག་ལ་འདོར་བར་བྱེད་པས་ན་དགྲ་དེ་དག་སྤང་དགོས་སོ། །"[༡༠]ཞེས་གསུངས་སོ། །

དམྱལ་བའི་ངོ་བོ།

[རྩོམ་སྒྲིག]

"རྡོ་རྗེ་སྙིང་པོའི་མདོར། འཇམ་དཔལ་སེམས་ཅན་དམྱལ་བ་པ་རྣམས་ནི་ཡོད་པ་མ་ཡིན་པ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་གིས་བསྒྲུབས་ཏེ་རང་རང་གི་རྣམ་པར་རྟོག་པ་ལས་བྱུང་བའོ། །"[༡༡]ཞེས་གསུངས་པ་ལྟར་དམྱལ་བ་ནི་རང་གི་སེམས་ཀྱིས་བྱས་པ་ཡིན་ནོ། །

རྩོད་སྤོང་།

[རྩོམ་སྒྲིག]

"དངོས་པོ་ལ་སྟེ་དོན་དམ་པར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱིས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་རོ། །ཡང་ཀུན་རྫོབ་ཏུ་ནི་ཁྱད་པར་ཡོད་པ་ཡིན་ནོ་ཞེས་ལན་གྲངས་དུ་མར་བསྟན་པ་ཡིན་ནོ། །"[༡༢]ཞེས་གསུངས་པ་ལྟར་དོན་དམ་པར་དམྱལ་བ་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པར་བཞེད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༨༥
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༣༦
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༥༦
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༨༡
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༢༩
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༢༩
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༢༩
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༢༩
  9. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༧
  10. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༢༡
  11. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༣༥༡
  12. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༨༡