དམུ་དགེ་བསོད་ནམས་བཀྲ་ཤིས།
དགེ་དགེ་བསོད་ནམས་བཀྲ་ཤིས་སམ་དམུ་དགེ་བསོད་བཀྲ་ཚང་། འདི་བ་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་དམུ་དགེ་ཐུབ་བསྟན་ཚང་གི་ཞང་བོ་ཡིན་པས་དམུ་དགེ་ཐུབ་བསྟན་ཚང་ཆུང་དུས་ཁོང་དང་ལྷན་བཞུགས་གནང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པ་ཞིག་ཡིན་འདུག དགེ་བཤེས་ལྷ་མོ་བློ་བཟང་ཚུལ་ཁྲིམས་ནི་ཁོང་གི་ཞལ་སློབ་ཡིན་པར་གྲགས། འབོལ་རྩོམ་ཞལ་ནས་ཤར་མར་གསུངས་པ་ཞིག་ཡིན་ངེས་ཏེ། བྲག་དགོན་པའི་དྲུང་ཡིག་རྒྱལ་མཚན་བསྟན་པ་ཐོས་བསམ་གླིང་དུ་ཆོས་གྲྭར་ཞུགས་དུས། བྲག་དགོན་པ་བྲག་རྒྱན་དེ། །ཆོས་གྲྭར་ཞུགས་ཉིན་ཆོས་ཁྲི་བཤིགས། །ཚོགས་ལ་ཞུགས་ཉིན་ཚོགས་སླང་བསྒོར། །ཆོས་ཁྲིམས་པ་ཡི་སྤྱན་སྔ་ནས། །གསར་ཐོན་པ་ཡི་ཆོ་ལོ་བླངས། །ཞེས་དང་།
རྔ་བའི་དགེ་བཤེས་ཤ་བཟན་རིལ་མ་ཞེས་པ་ཞིག་གཞན་དང་རྩོད་པ་བྱས་པས་རྒྱལ་བར་གཞན་དེས་ཤ་བཟན་རིལ་མར་ཁུ་ཚུར་གཞུག་པར། ཁོང་གིས་ཤར་མར། རྔ་ཡུལ་ཤ་བཟན་རིལ་མ་ཞེས་བྱ་བའི་།།ལྔ་རིག་གནས་ལ་མཁས་པའི་པཎྜི་ཏ།།ལྔ་བཅིངས་ཁུ་ཚུར་རྡོ་རྗེ་རྩེ་བརྒྱ་ཡིས།།ལྔ་བའི་ལམ་དུ་བརྫང་ལ་ཁད་དུ་བྱས།།ཞེས་དང་། བླ་བྲང་ཐུབ་བསྟན་ཕོ་བྲང་མདུན།།རལ་བས་ཉི་ཟླ་གཡོག་མཁན་པོ།།གང་ནས་འོང་བ་མི་ཤེས་ཀྱང་།།མགར་རྩེ་སོ་ནག་ཕྱོགས་ཀྱི་སྔགས་རྒན་འདྲ་ཡིན་རྒྱུ་རེད་ལ། ཞེས་ཐོལ་བྱུང་གུ་རེའི་ཚུལ་དུ་གནང་བའི་འབོལ་རྩོམ་མང་དུ་མཆིས་སོ།། (“བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་དབང་རིམ་བྱོན་གྱི་མཚམས་སྦྱོར་མདོར་དྲིལ”ཟེར་བ་ལས་བཤུས།)