དམུ་དགེ་ཐུབ་བསྟན་རྒྱ་མཚོ།

ཡོང་ཁུངས་Wikipedia

དམུ་དགེ་ཐུབ་བསྟན་རྒྱ་མཚོ།[རྩོམ་སྒྲིག]

གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་རྗེ་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོ་ནི་རབ་བྱུང་བཅོ་ལྔ་བའི་མེ་བྱི་(1876-1955)ལོར་མདོ་སྨད་དམུ་དགེ་རུ་འཁྲུངས་ཤིང་། ཆུང་ངུའི་དུས་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་ཞང་བོ་དགེ་བཤེས་དམུ་དགེ་བསོད་ནམས་བཀྲ་ཤིས་སོགས་དམ་པ་བཤེས་གཉེན་མང་དུ་བསྟེན་ནས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས།

གཙང་བཀྲ་ཤིས་ལྷུན་པོར་དགེ་རྒན་དུ་ཕེབས་པ།[རྩོམ་སྒྲིག]

པཎ་ཆེན་དགུ་བའི་ཐུགས་བཞེད་ལྟར་གཙང་བཀྲ་ཤིས་ལྷུན་པོ

ར་དགེ་རྒན་དུ་ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ། གྲོ་ཚང་བློ་བཟང་ཡོན་ཏན། སོག་པོ་བཀྲ་ཤིས་རྡོ་རྗེ། སོག་པོ་བསམ་འཕེལ་བཅས་ཀྱི་གྲས་སུ་ཕེབས་ཏེ་གདན་ས་དེར་དཔེ་ཁྲིད་རྒྱ་ཆེར་གནང་། ཁྱད་པར་རྗེ་གུང་ཐང་འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་དཔལ་བཟང་བོ་བརྩེ་གཟིགས་ཟད་མཐའ་མེད་པས་བསྐྱངས། ཁྱོད་ལ་གུང་ཐང་བསྟན་པའི་སྒྲོན་མེའི་སྤྲུལ་སྐུ་ཡིན་པས་ཁྱོད་ཀྱིས་ངས་གང་ཤེས་འདི་ཙམ་ཤེས་ན་ཆོད་ཆེ། མཁྱེན་རབ་ཀྱི་ཆ་ལ་བལྟས་ན་བསྟན་པའི་སྒྲོན་མེ་འདྲ་བ་ཡོང་ཆོག་པ་ཡོད་ཀྱང་། ཁྱོད་ཀྱིས་སྡུག་རུས་མི་བྱེད་ཀི ཅུང་ཟད་ཡང་མོ་ཞིག་རེད་ཅེས་གསུངས་ཞེས་ཁོང་གི་ཞལ་ནས་ཡང་ཡང་ཐོས།ཐེངས་ཤིག་པཎ་ཆེན་སྐུ་ཕྲེང་བཅུ་བས་ཁོང་གི་ཡོངས་འཛིན་དམ་པ་རྗེ་འཇོགས་མེད་དམ་ཆོས་རྒྱ་མཚོས་དབང་གནང་བར་ལྷན་དུ་འགྲོ་ཞེས་པར་ཁོང་གིས་ངའི་དགེ་རྒན་ཚང་བྱ་བ་གང་ཡིན་དགོངས་འཁྲོལ་ཞུ་དགོས་ཞུས། བཀའ་མ་འཁྲོལ་བའི་ཚུལ་གནང་། རྗེས་ནས་པཎ་ཆེན་རིན་པོ་ཆེས་ཁྱོད་ཀྱིས་ངའི་དགེ་རྒན་བསང་ཁོག་འཇོགས་མེད་རྒྱ་མཚོ་ཚང་ལ་ཆོས་འབྲེལ་འཇོག་འདོད་མེད་པ་ཡིན་ནམ་གསུངས་པར། ལན་དུ་ཁོང་གིས་དེ་མིན། ངས་བྱ་བ་གང་ཡིན་ཡང་དགེ་རྒན་རིན་པོ་ཆེར་དགོངས་བསྟུན་ཞུ་དགོས་པས། ཁོང་གིས་ད་རེས་བཀའ་མ་འཁྲོལ་ཞུས་པར། པཎ་ཆེན་རིན་པོ་ཆེས། དེས་ན་ཁྱེད་ལ་ཁག་མི་འདུག་གསུངས། བར་སྐབས་ཤིག་ལ་ཁོང་གིས་ད་ཐེངས་ཁྱོད་སོང་ལ་རྗེ་བསང་ཁོག་འཇིགས་མེད་རྒྱ་མཚོར་ཆོས་འབྲེལ་ཞིག་ཞོག ཁོང་བསམ་གྱིས་མི་ཁྱབ་པའི་དགེ་བཤེས་ཤིག་ཡིན་གསུངས་ནས་དགོངས་པ་འཁྲོལ། དེ་ནས་ཁོང་ལ་ཁོང་ལ་ཆོས་འབྲེལ་ཞིག་ཞུས་པར། རིགས་གསུམ་སྤྱི་སྒྲུ་ཀྱི་རྗེས་གནང་གནང་སྟེ་ཕྱག་དཔེ་ཡང་ཁོང་ལ་གནང་སྟེ། ད་རེས་རྗེས་གནང་གི་རྒྱུན་འདི་བདག་པོ་ལ་འཕྲོད་པ་ཡིན། ཞེས་གསུངས་ཚུལ་ཁོང་གིས་(1993)ལོའི་ཧོར་ཟླ་ལྔ་བའི་ཚེས་ལྔ་ཉིན་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་གནང་སྐབས་དངོས་སུ་གསུངས་པ་ཁོ་བོས་ཐོས། འདི་ལས་བླ་སློབ་ཀྱི་དམ་ཚིག་ནང་གཙང་དང་ཁོང་ནི་ལེགས་ཚོགས་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་འགྲན་ཟླ་བྲལ་བ་ཞིག་ཡིན་པ་མཚོན་པར་སྙམ། (1955) ཧོར་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་ཞི་བར་གཤེགས།།གསུང་རྩོམ་པོད་གཅིག་བཞུགས་སོ།། ཁོང་གི་གསུང་རྩོམ་གྱི་དྲ་ཐག རྟེན་འབྲེལ་གྱི་སྐོར། ཕར་ཕྱིན་གྱི་སྐོར།

རྒྱུ་ཆའི་ཁུངས།[རྩོམ་སྒྲིག]

“བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་དབང་རིམ་བྱོན་གྱི་མཚམས་སྦྱོར་མདོར་དྲིལ།” ལས་བཤུས།