དམར་གཡོ་གཙང་གསུམ།
དམར་གཡོ་གཙང་གསུམ།
[རྩོམ་སྒྲིག](གཙང་གཡོ་དམར་གསུམ་ཞེས་སྣང)དམར་ཤཀྱ་མུ་ནེདང་། གཡོ་དགེ་བའི་འབྱུང་གནས། གཙ་རབ་གསལ་གསུམ་ལ་ཞུ། དགེ་སློང་གསུམ་པོ་དཔལ་ཆེན་ཆུ་བོ་རི་ལ་སྒོམ་པའི་དུས་དར་མས་བསྟན་པ་བསྣུབ་པའི་ལོ་རྒྱུས་ཐོས་པས་ཁོང་གསུམ་སྤྲང་ཆས་སུ་ཞུགས་ནས་དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས་རྒྱལ་ཁྲིམས་མི་གཅིག་པའི་ས་ཆར་བསྟན་པ་བནཡ་དགོས་དགོངས་ནས་ཉིན་མོ་གབ་ཅིང་མཚན་མོ་བྱོན་ཏེ་མངའ་རིས་སུ་འབྱོར། དེར་ཡང་བསྟན་པ་སྤེལ་མ་ཐུབ་པར་བྱང་ལམ་ནས་ཧོར་ཡུལ་ཏུ་བྲོས་ཕེབས་ཏེ་ཧོར་གྱི་དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་གཅིག་ཡོད་པ་དེར་བསྟེན་ཏེ་བཞུགས། དགེ་བསྙེན་དེར་མིང་ཤཀྱ་ཤེས་རབ་ཅེས་བཏགས་ནས་ཕྱག་ཕྱིར་ཁྲིད་དེ་མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ་དེའུ་ཚ་མཚོ་བརྒྱུད་རྨ་ལུང་རྡོ་རྗེ་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན། སྔར་གྱི་བཙུན་ཆས་ཁོ་ནར་བཞུགས་པ་ཡུལ་དེའི་མི་རྣམས་ཀྱིས་མཐོང་བས་ཨ་པ་ལ། རྒྱལ་པོ་སྡིག་ཅན་གྱི་ཁྲིམས་ཀྱིས་མ་ཕོག་པའི་བཙུན་པའང་འདི་ན་གདའ་ཟེར་བ་ཐོས་ནས་སྐྲག་ཏེ་ནགས་ཁྲོད་དུ་བྲོས་ཕེབས་པས་འཚོ་བ་མེད་པར་བསྙུན་ཏེ་བཞུགས་པ་ལ་དགེ་བསྙེན་མ་ཞིག་གིས་འཚོ་བ་བག་རེ་བཏེགས། དེའི་དུས་སུ་ལས་དང་སྐལ་བ་ལྡན་པ་བོན་པོའི་བུ་མུ་གཟུ་གསལ་བྱ་བས་ཐོས་ཏེ་ཕྱི་ཉིན་ལྟ་བར་ཕྱིན་པས་དད་པ་སྐྱེས་ཏེ་རབ་ཏུ་བྱུང་བར་ཞུས། གཙང་གིས་མཁན་པོ་དང་། གཡོས་སློབ་དཔོན་མཛད་དེ་དགེ་ཚུལ་བསྒྲུབས། མཚན་དགེ་བ་རབ་གསལ་དུ་བཏགས། དེ་ན་སབསྙེན་པར་རྫོགས་པ་ཞུས་པར་དགེ་སློང་ལྔ་མ་ཚང་ན་མི་འོངས་གསུངས་ནས་ཀློང་ཐང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་འདུག་པར་ཞུས་པས། ངས་རྒྱལ་པོ་བསད་པས་མི་འོངས་བཙལ་གྱིས་གསུངས་ནས་རྒྱའི་དགེ་སློང་ཀ་བེད་དང་གྱི་བན་བྱ་བ་གཉིས་བཙལ་ཏེ་བཏང་བས་གཙང་རབ་གསལ་གྱི་མཁན་པོ་དང་། གཡོ་དགེ་འབྱུང་གིས་ལས་སློབ། དམར་ཤཱཀྱས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ་བླ་ཆེན་བསྙེན་པར་རྫོགས། དེ་ལ་བརྟེན་ནས་དབུས་གཙང་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་བསྐྱེད་བསྲིངས་ཐུབ་པ་ཡིན་ནོ། །