Jump to content

དམ་བཅས་

ཡོང་ཁུངས་Wikipedia

དམ་བཅས་ཞེས་པ་ནི་རང་གིས་བྱ་བ་ཞིག་བྱེད་རྒྱུར་ཁས་བླངས་པའམ་ཞལ་བཞེས་གནང་བའི་དོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སྒྲུབ་པར་ཁས་བླངས་པ་ལྟ་བུའོ། །

ངོ་བོ།

[རྩོམ་སྒྲིག]

དམ་བཅས་ཀྱི་ངོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གིས་བྱ་བ་ཞིག་ངེས་པར་བསྒྲུབ་རྒྱུར་ཁས་བླངས་པའི་ཞལ་བཞེས་ཏེ། "སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་ལ་གནས་སྐབས་ལྷ་མིའི་བདེ་བ་དང་ མཐར་འཁོར་བ་ལས་བསྒྲལ་ནས་སངས་རྒྱས་ཀྱི་བདེ་བ་ལ་འགོད་པར་བྱའོ་ཞེས་དམ་བཅས་ནས་"[]ཞེས་གསུངས་པ་ལྟར་རོ། །

དབྱེ་བ།

[རྩོམ་སྒྲིག]

སྤྱིར་བཏང་གི་དམ་བཅའ། "གང་ཞིག་ཅུང་ཟད་དཔྱད་ཀྱང་ལེགས་པར་མ་བརྟགས་པའི་བྱ་བ་དེ་ནི་བྱེད་པར་དམ་བཅའ་བྱས་པར་གྱུར་ཀྱང་བྱ་བའམ་གཏང་ཞེས་ད་དུང་བརྟགས་ནས་འཇུག་པར་རིགས་ཀྱི།"[]
བྱང་ཆུབ་ཀྱི་སེམས་ཀྱི་དམ་བཅའ། "སངས་རྒྱས་རྣམས་དང་དེ་ཡི་སྲས་ཤེས་རབ་ཆེན་པོས་གང་ཞིག་ལེགས་པར་བརྟགས་ཤིང་བདག་ཉིད་ཀྱིས་ཀྱང་སྡོམ་པ་ལེན་པའི་སྔོན་དུ་ཡང་དང་ཡང་དུ་བརྟགས་བརྟགས་པའི་སེམས་བསྐྱེད་ཀྱི་བསླབ་པ་དེ་ལ་བཤོལ་དུ་ཅི་ཞིག་ཡོད་དེ་མེད་དོ། །"[]ཞེས་གསུངས་པ་ལྟར་རོ། །

ཉེས་དམིགས།

[རྩོམ་སྒྲིག]

དམ་བཅས་ལས་ཉམས་པའི་ཉེས་པ། "ཟས་ལ་སོགས་པའི་དངོས་པོ་ཕལ་པ་ཅུང་ཟད་ལའང་ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས་མི་གང་ཞིག་སླར་དེ་སྦྱིན་པར་མི་བྱེད་པ་དེ་ཡང་ཡི་དྭགས་ཀྱི་རྒྱུ་ཡིན་པར་དམ་པའི་ཆོས་དྲན་པ་ཉེར་གཞག་ལས། ཅུང་ཟད་ཙམ་བསམ་པ་ལས་མ་བྱིན་ན་ཡི་དྭགས་སུ་སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བར་འགྲོའོ། །ཞེས་གསུངས་ན།"[] ཞེས་དང་དེ་བཞིན། མདོ་དྲན་པ་ཉེར་བཞག་ལས། "ཅུང་ཟད་གཅིག་སྦྱིན་པར་བསམ་ནས་མ་བྱིན་ན་ནི་ཡི་དྭགས་སུ་སྐྱེ་ལ་དམ་བཅས་ནས་མ་བྱིན་པ་ནི་སེམས་ཅན་དམྱལ་བར་འགྲོའོ། །"ཞེས་གསུངས་ན། "བླ༷་ན༷་མེད༷་པའི༷་སངས་རྒྱས་ཀྱི་བདེ༷་བ༷་ཆེན་པོ་ལ་རང་གིས་ཁ་ཙམ་མ་ཡིན་པར་བས༷མ་པ༷་ཞེ་ཐ༷ག་པ༷ས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར༷་བའམ་བོས་ན༷ས་ཇི་ལྟར་ཁས་བླངས་བ་བཞིན་དུ་སྦྱོར་བ་ལག་ལེན་གྱི་སྒོ་ནས་སངས་རྒྱས་ ཀྱི་གོ་འཕང་དེ་བསྒྲུབ་པར་མ་བྱས་པའམ་མ་བྱིན་ན་རྒྱལ་བ་སྲས་དང་བཅས་པ་དང་འགྲོ༷་བ༷་ལྷ་དང་ལྷ་མིན་ལ་སོགས་པ་དེ་ཐ༷མས་ཅ༷ད་རྫུན་གྱིས་བསླུས༷་པར་བྱས་པ་ཡིན་པས་ན༷། བསླུ་བར་བྱེད་པ་པོ་བདག་བདེ༷་ འགྲོར༷་ཇི༷་ག༷ར་འགྲོ༷་བར་འགྱུར༷་ར༷མ་སྟེ་མི་འགྱུར་བ་ཁོ་ནའོ། །"[]ཞེས་པ་བཞིན་ནོ། །
དམ་བཅས་པ་བསླུས་པའི་ཉེས་པ། "གལ་ཏེ་སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་སྒྲོལ་བ་ལ་སོགས་པ་དེ་ལྟར་དམ་བཅས་ནས་སྒོ་གསུམ་གྱི་ལས་ཀྱིས་སྒྲུབ་པར་མ་བྱས་ན་སེམས་ཅན་དེ་དག་ཀུན་བསླུས་པས་བདག་གི་འགྲོ་བ་ཅི་འདྲར་འགྱུར་ཏེ་ངན་འགྲོ་ལས་མ་འདས་སོ། །"[]ཞེས་གསུངས་ཡོད།

ཕན་ཡོན།

[རྩོམ་སྒྲིག]

དམ་བཅས་པ་བསྲུང་བའི་ཕན་ཡོན། "དེ་ལྟ་བས་ན་སེམས་བསྐྱེད་པའི་དུས་སུ་ཇི་ལྟར་དམ་བཅས་པ་བཞིན་དུ་བདག་གིས་གུས་པས་བསྒྲུབ་པར་བྱ་དགོས་ཏེ།"[] ཞེས་དང་། "བྱང་ཆུབ་ཀྱི་སེམས་ལ་བག་ཡོད་པས་མ་ཉམས་པར་ཐོག་མ་ཉིད་ནས་འབད་དགོས་།"[] ཞེས་གསུངས་པ་ལྟར་རོ། །

བསྡུས་དོན།

[རྩོམ་སྒྲིག]

དམ་བཅས་ཞེས་པ་ནི་རང་གིས་བྱ་བ་ཞིག་བྱེད་རྒྱུར་ཁས་བླངས་པའི་ཞལ་བཞེས་ཏེ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པར་དམ་བཅས་པ་ལྟ་བུ་ལ་གོ དམ་བཅས་པ་ལས་ཉམས་ན་ངན་འགྲོར་ལྟུང་བའི་ཉེས་དམིགས་ཆེན་པོ་ཡོད་པས། ཇི་ལྟར་དམ་བཅས་པ་བཞིན་དུ་གུས་པས་བསྒྲུབ་པར་བྱ་དགོས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་ངོས་ ༢༨༦
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༥༠
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༥༠
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༥༡
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤོག་ངོས་ ༢༠༣
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༥༠-༥༡
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༥༣
  8. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་ངོས་ ༣༣༥