དབྱིངས་
དབྱིངས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དང་། ཆོས་ཉིད། དེ་བཞིན་ཉིད་ཀྱི་གནས་ལུགས་མཚོན་པའི་ཐ་སྙད་ཅིག་ཡིན་ཏེ། འདི་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་གཞི་རྩའི་ངོ་བོ་ཉིད་ཡིན་ནོ། །
མཚན་ཉིད།
[རྩོམ་སྒྲིག]དབྱིངས་ཀྱི་མཚན་ཉིད་ནི། "ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་ལ་རང་བཞིན་མེད་པའི་ཕྱིར་གནས་པར་མི་འགྱུར་བ་ཉིད་ནི་གནས་མེད་དོ། །"[༡]ཞེས་གསུངས་པ་ལྟར་རང་བཞིན་མེད་པའི་གནས་ལུགས་སོ། །
ངོ་བོ།
[རྩོམ་སྒྲིག]དབྱིངས་ཀྱི་ངོ་བོ་ནི། "རང་བཞིན་དུ་གནས་པ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཆོས་ཉིད་ཅེས་བྱ་བ་དེ་ཉིད་ཆོས་ཀྱི་དབྱིངས་ཏེ།"[༢] ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་ཏེ། "དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཡུམ་ཆེན་མོ་ཆོས་དབྱིངས་སྐྱེ་བ་མེད་པའི་གནས་ལུགས།"[༣] ཞེས་གསུངས།
འབྲེལ་བའི་ཆོས།
[རྩོམ་སྒྲིག]"ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར། དེའི་བདག་ཉིད་ནི་བྱང་ཆུབ་སེམས་དཔའ་སྟེ། རང་བཞིན་དུ་གནས་པ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཆོས་ཉིད་ཅེས་བྱ་བ་དེ་ཉིད་ཆོས་ཀྱི་དབྱིངས་ཏེ།"[༤] ཞེས་དང་། "ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོ་ན་བྱང་ཆུབ་སེམས་དཔའ་ཡིན་ནོ། །"[༥]ཞེས་གསུངས་པས། དབྱིངས་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ངོ་བོ་ཡིན།
རྩོད་སྤོང་།
[རྩོམ་སྒྲིག]གལ་ཏེ་ཆོས་ཀྱི་དབྱིངས་རྟོགས་ནས་དེ་ལ་གནས་ན་གཞན་དོན་མི་བྱེད་པར་འགྱུར་རམ་ཞེ་ན། "གཞི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་བློ་ཞེན་པའི་ཚུལ་གྱིས་གནས་པར་མི་འགྱུར་ཞིང་། མི་གནས་པ་དཔེ་བར་སྣང་ལ་གནས་པའི་སྤྲིན་བཞིན་དམིགས་ཡུལ་འགའ་ལ་ཡང་གནས་པ་མེད་པར་གནས་སོ། །"[༦] ཞེས་དང་། "བྱང་སེམས་དེ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་ནས་བདེན་ཞེན་གྱིས་གནས་པར་མི་འགྱུར་ཞིང་།"[༧] ཞེས་གསུངས་པ་ལྟར། ཆོས་ཀྱི་དབྱིངས་རྟོགས་པས་ཞེན་པ་མེད་པར་གནས་པས་གཞན་དོན་རྒྱུན་མི་ཆད་པར་བྱེད་དོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 127
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 28
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ཤོག་ངོས། 7a
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས། 28
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས། 29
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤོག་ངོས། 117
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་ངོས། 46b